གཟའ་ལྷག་པའི་ཉིན་རཱ་ཤི་ཡས་ཡུ་རོབ་མཐུན་ཚོགས་ཀྱིས་ཨེ་རན་ལ་འགོག་རྐྱེན་གསར་པ་སྤྲད་པར་སྐྱོན་བརྗོད་དང་། གང་མགྱོགས་ཕྱོགས་གཉིས་བར་གྲོས་མོལ་བྱ་དགོས་པའི་འབོད་སྐུལ་ཞུས་འདུག
ཕྱི་ཚེས་ ༡༧ ཉིན་རཱ་ཤི་ཡའི་ཕྱི་སྲིད་ལས་ཁུངས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཚེས་ ༡༦ ཉིན་ཡུ་རོབ་མཐུན་ཚོགས་ཀྱིས་ཨེ་རན་ལ་འགོག་རྐྱེན་སྤྲད་པ་དེས། ཨེ་རན་རྡུལ་མཚོན་ལས་གཞིའི་ཐད་ནུས་ཤུགས་འདོད་མཁན་ཨ་རི་དང་ཧྥ་རན་སི། དབྱིན་ཇི། རྒྱ་ནག འཇར་མན། རཱ་ཤི་ཡ་བཅས་ཀྱི་ལས་དོན་ལ་གཏོར་བརླག་བཟོས་པ་ཞིག་ཡིན་པའི་སྐྱོན་བརྗོད་དང་། གོང་གི་རྒྱལ་ཁབ་དག་གིས་མུ་མཐུད་ཨེ་རན་གཞུང་ལ་ད་སྔའི་ལམ་ལྷོངས་མ་བྱུང་པའི་གྲོས་མོལ་ཐེངས་བཞི་བ་གང་མགྱོགས་མགོ་འཛུགས་བྱས་ཏེ། ཨེ་རན་གཞུང་དང་ལྷན་དུ་རྡུལ་མཚོན་ལས་གཞིའི་ཐད་གྲོས་མོལ་བྱ་དགོས་པའི་འབོད་སྐུལ་ཞུས་འདུག
གཟའ་མིག་དམར་ཉིན་གྱི་ཡུ་རོབ་མཐུན་ཚོགས་ཀྱིས་གྲོས་ཆོད་ནང་། ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་ཨེ་རན་གཞུང་འབྲེལ་རྡོ་སྣུམ་ཁེ་ལས་སྡེ་ཚན་དང་རླངས་རྫས་བཟོ་གྲྭ་ཆེ་ཁག ཨེ་རན་དབུས་དངུལ་ཁང་བཅས་ལ་ཚོང་འབྲེལ་མཚམས་འཇོག་དང་མ་དངུལ་ཕྱིར་འཐེན་སོགས་དཔལ་འབྱོར་གྱི་འགོག་རྐྱེན་སྤྲོད་རྒྱུའི་ཐག་གཅོད་བྱུང་ཡོད་འདུག
ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨེ་རན་གྱིས་སྤྱི་ཚོགས་འཛུགས་སྐྲུན་གྱི་མིང་ཐོག་ནས་རྡུལ་ཕྲན་ནུས་ཤུགས་ཀྱི་ལས་གཞི་རྒྱ་སྐྱེད་བྱེད་བཞིན་པར་བརྟེན། རྡུལ་མཚོན་བཟོ་སྐྲུན་བྱེད་ཀྱི་ཡོད་པའི་དོགས་གཞི་ཡོང་གི་ཡོད་པ་དང་། ལས་གཞི་དེའི་ཐད་ད་སྔ་ཨེ་རན་གཞུང་དང་གྲོས་མོལ་ཐེངས་གསུམ་བྱས་ཀྱང་གྲུབ་འབྲས་བྱུང་ཐུབ་མེད།
གསར་འགོད་པ། བནྡེ་སྐྱབས།