མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གུང་ཁྲན་ཏང་གི་ ‘‘དྲ་འབུ་’’ ཞིག་གིས་འདི་ལྟར་བཤད།

བོད་ཀྱི་དུས་བབ།
༢༠༡༢/༡༠/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་དྲ་ཐོག་གི་གསར་འགྱུར་དང་གླེང་གཞི་ཁག་ཁ་བསྒྱུར་དང་ནག་བསུབ་གཏོང་བར་ཆེད་དུ་མི་སྣ་བཀོལ་སྤྱོད་ཀྱིས་དྲ་ངོས་སུ་དཔྱད་མཆན་འདེབས་འཇུག་གིན་ཡོད་ལ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༢ ནང་། སྒྱུ་རྩལ་བ་ཨེ་ཝེ་ཝེ་ཡིས་འཕྲུལ་སྒྲ་བརྒྱུད་ནས་དེ་འདྲའི་མི་སྣ་ཞིག་ལ་བཅར་འདྲི་བྱ་འདུན་ཡོད་ཚུལ་སྤེལ་བ་དེར། དྲ་ཐོག་གི་མཆན་མཁན་ཞིག་གིས་བཅར་འདྲིའི་རིན་འབབ་ལ་ཨེ་ཕའེ་ཌི་ (ipad) ཞིག་གི་རྔན་པ་དང་། བདེ་འཇགས་ཆེད་མིང་སོགས་མི་སྒེར་གྱི་གནས་ཚུལ་གསང་རྒྱ་བྱ་རྒྱུའི་དགོས་འདུན་འོག་བཅར་འདྲི་དང་ལེན་བྱས་ཡོད་འདུག བཅར་འདྲི་ཟླ་འདིའི་ཚེས་ ༢༡ ཉིན་གྱི་དབྱིན་ཇིའི་དུས་དེབ་ «New States Man» རྒྱ་ཡིག་དཔར་ངོས་སུ་བཀོད་ཡོད་པ་ལས་བོད་བསྒྱུར་བྱས་པ་ཡིན།

དྲི་བ། ཁྱོད་ཀྱི་མིང་དང་། ལོ། སྡོད་གནས་གྲོང་ཁྱེར། དྲ་མིང་བཅས་ངོ་སྤྲོད་གནང་ཐུབ་བམ།

ལན། ངའི་མིང་ཁྱོན་ནས་ཕྱི་ལ་བསྒྲག་རྒྱུ་ཡོད་པ་མ་རེད། ལོ་ ༢༦ ཡིན། དྲ་མིང་ཧ་ལས་པའི་མང་པོ་ཡོད། སྤྱིར་བཏང་ང་ཚོས་དྲ་ཚུགས་ཤིག་བེད་སྤྱོད་གཏོང་སྐབས་དེར་ཐོ་འགོད་བྱེད་ཀྱིན་ཡོད་པ་རེད། འདི་ནས་དེ་ཚོ་རེ་རེ་བཞིན་དཔེ་མཚོན་དུ་འདྲེན་མི་དགོས་པ་བྱོས།

དྲི་བ། ཁྱོད་རང་ངོས་ནས་ད་ལྟའི་ལས་ཀ་འདིའི་མིང་ལ་ཇི་ལྟར་འབོད་ཀྱིན་ཡོད།

ལན། ག་རེ་འབོད་འབོད་རེད། དྲ་ཐོག་གི་མཆན་འདེབས་པ། དཔྱད་མཆན་ལམ་སྟོན་པ། རྩ་བའི་ཆ་ནས་ཚང་མས་གསལ་བོར་ཤེས་ཤེས་པ་རེད། ‘‘དྲ་འབུ’’རེད།

དྲི་བ། ཁྱོད་ཀྱི་ཤེས་ཡོན་སློབ་སྦྱོང་གི་གནས་ཚད། བྱ་བའི་ཉམས་མྱོང་། གནས་སྟངས་ག་རེའི་འོག་དྲ་ཐོག་གི་དཔྱད་མཆན་ལམ་སྟོན་པའི་ལས་ཀ་མགོ་འཛུགས་བྱས་པ་ཡིན།

ལན། ང་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པ་དང་། གསར་འགྱུར་སྐོར་སྦྱངས་པ་ཡིན། དེ་སྔ་བརྙན་འཕྲིན་ལས་ཁུངས་ནས་ལས་ཀ་བྱས་ཤིང་། རྗེས་སུ་དྲ་ཐོག་གི་གསར་འགྱུར་བརྒྱུད་ལམ་ནང་ཞུགས་པ་ཡིན། གང་ལྟར་ཚང་མ་གསར་འགྱུར་ལས་རིགས་དང་འབྲེལ་བ་ཡོད། ལོ་ ༤ ནས་ ༥ རིང་ལས་པ་ཡིན། ལོ་ ༡ ཙམ་གྱི་སྔོན་ལ། གྲོགས་པོ་ཞིག་གིས་དྲ་ཐོག་ནས་མཆན་འདེབས་པར་འདུན་པ་ཡོད་མེད་དང་། ཞོར་ལ་ལག་དངུལ་རག་གི་རེད་ཟེར། ངས་དེས་ན་ཚོད་ལྟ་ཞིག་བྱ་ཆོག་ཅེས་བཤད་པ་ཡིན། རྗེས་སུ་ལས་ཀ་འདི་ཧ་ཅང་གི་ལས་སླ་བོ་ཡིན་པ་ཤེས།

དྲི་བ། ག་དུས་ཁྱོད་ལ་ཕར་ཕྱོགས་ནས་ལས་ཀའི་བཀོད་མངགས་འབྱོར་ཡོང་གི་རེད།

ལན། རྩ་བའི་ཆ་ནས་ཉིན་ལྟར་སྔ་དྲོའི་ཆུ་ཚོད་ ༩ སྟེང་སྒང་གི་ལས་འགན་འབྱོར་ཡོང་གི་རེད། ང་ཚོ་ས་གནས་སྲིད་གཞུང་གི་དྲ་ཐོག་དྲིལ་བསྒྲགས་ལས་ཁུངས་ཀྱི་གནས་འཕྲིན། དེའི་ནང་དེ་རིང་ང་ཚོས་དཔྱད་མཆན་སྤེལ་དགོས་སའི་གསར་འགྱུར་དང་གནས་ཚུལ་གང་ཡིན་མིན་དང་། མཚམས་ལ་ལར་ཆེད་མངགས་དྲ་ཚུགས་གང་ནང་སྤེལ་དགོས་མིན་སོགས་ཡོད་པ་རེད། འོན་ཀྱང་གནས་ཚུལ་ཕལ་ཆེ་བར་དྲ་ཚུགས་ལ་ཚད་བཀག་ཡོད་པ་མ་རེད། སོ་སོས་འབྲེལ་ཡོད་གནས་ཚུལ་བཙལ། དེ་ནས་དཔྱད་མཆན་སྤེལ་གི་ཡོད་པ་རེད།

དྲི་བ། ཁྱོད་ཀྱི་ལས་ཀའི་བརྒྱུད་རིམ་ཞིབ་ཚགས་པའི་ཐོག་ངོ་སྤྲོད་ཅིག་བྱོས་དང་།

ལན། བརྒྱུད་རིམ་ཞིབ་ཚགས་པོ་ནི་ཐོག་མར་ ‘‘ལས་འགན་འབྱོར་བ། བརྗོད་གཞི་འཚོལ་བ། དྲ་མཆན་སྤེལ་ནས་དཔྱད་བརྗོད་ལ་སྣེ་འཁྲིད་’’པ་བཅས་གོ་རིམ་གསུམ་རེད། དང་པོ་ལས་འགན་དང་ལེན་བྱེད་དགོས་པ་རེད། གཙོ་བོ་ཉིན་རེ་བཞིན་ཡིག་སྒམ་ཁ་ཕྱེ་བར་ཁག་ཐེག་བྱེད་དགོས། རྩ་བའི་དོན་རྐྱེན་ག་རེ་བྱུང་ནའང་། གསར་འགྱུར་ནང་མ་སླེབས་པའི་སྔོན་ལ་ང་ཚོར་གནས་འཕྲིན་འབྱོར་ཡོང་གི་ཡོད་པ་རེད། ང་ཚོར་དོན་རྐྱེན་ག་རེ་བྱུང་ཡོད་མེད་དང་། དེ་ནས་དྲ་གྲོགས་ཚོའི་བསམ་བློའི་ཁ་ཕྱོགས་གང་ལ་འཁྲིད་དགོས་མིན་གྱི་མཛུབ་སྟོན་དང་། ཡང་ན་དྲ་གྲོགས་ཚོའི་གཏད་སོ་ལྟེ་བ་རབ་རིབ་བཟོ་བའམ། དེ་མིན་ཚེ་དྲ་གྲོགས་ཚོའི་ཚོར་ཤུགས་ལ་བརྒྱུད་སྐུལ་བྱེད་རྒྱུ་ལྟ་བུ་སོགས་རེད། དྲ་ཚུགས་དང་འབྲེལ་ཡོད་ཀྱི་རྩོམ་ཡིག་གམ་གནས་ཚུལ་བརྙེད་རྗེས། ང་ཚོས་སྒང་ནས་གཏན་འབེབ་བྱས་པའི་སྤྱི་པའི་ཁ་ཕྱོགས་གཞི་རྩར་བཟུང་ནས། རྩོམ་ཡིག་འབྲི་བའམ། མཆན་བུ་འདེབས་པ། ཡང་ན་དཔྱད་མཆན་ལ་ལན་སློག་པ་སོགས་མགོ་འཛུགས་བྱེད་ཀྱི་ཡོད། འདི་ལ་ཧ་ལས་པའི་ཐབས་རྩལ་ཞིག་དགོས་པ་རེད། ཧ་ཅང་གི་གཞུང་འབྲེལ་ལྟར་བྲིས་ཆོག་གི་མ་རེད་ལ། རང་ཉིད་ཀྱི་ངོ་རྟགས་ཀྱང་སྦས་གསང་བྱེད་དགོས་ཀྱི་ཡོད་པ་རེད། ད་དུང་གཤིས་ཀ་མི་གཅིག་པའི་རྩོམ་ཡིག་མང་པོ་འབྲི་དགོས་པ་མ་ཟད། མཚམས་ལ་ལར་རང་གིས་རང་ལ་ཁ་བརྡ་དང་། ཁ་རྩོད། ཡང་ན་བརྩད་བསྡུར་སོགས་ཀྱང་བྱེད་དགོས་ཀྱི་ཡོད་པ་རེད། གང་ལྟར་སྣང་ཚུལ་རྫུན་མ་ཞིག་བཟོས་ནས། དྲ་དམངས་ཀྱི་གླེང་སློང་ཚང་མའི་ཁ་ཕྱོགས་ཚུར་བསྒྱུར་ཡོང་རྒྱུ་དེ་རེད། གླེང་སྟེགས་ནང་ཁྱོད་ཀྱིས་མི་སྣ་གསུམ་འཁྲབ་དགོས་ཀྱི་ཡོད་པ་རེད། གཅིག་ནི་མགོ་འཁྲིད་མཁན་རེད། ཅིག་ཤོས་ནི་རྗེས་འདེད་གཏོང་མཁན་དང་། གཞན་པ་དེ་ཟུར་གནས་པའམ། དངོས་ཡོད་གནས་སྟངས་ལ་རྒྱུས་མངའ་དང་ཤེས་རྟོགས་མེད་པའི་མང་ཚོགས་བཅས་རེད། མགོ་འཁྲིད་མཁན་ཟེར་བ་དེ་དབང་ཤུགས་རང་བཞིན་གྱི་སྐད་ཆ་བཤད་མཁན་ལ་གོ་གི་ཡོད་པ་རེད། སྤྱིར་བཏང་ཁོ་ཚོ་བགྲོ་གླེང་གི་མཐའ་མཇུག་ལ་མ་གཏོགས་ཕྱིར་མངོན་ཡོང་གི་མ་རེད། མང་ཚོགས་མི་འདི་རིགས་ལ་ཡིད་ཆེས་ཚད་མཐོན་པོ་རེད། རྗེས་འདེད་གཏོང་མཁན་ནང་རིགས་གཉིས་ཡོད། ཁོ་ཚོས་འཁྲབ་རྒྱུའི་མི་སྣའི་བྱ་སྤྱོད་ནི་བར་མཚམས་མེད་པར་གླེང་སྟེགས་ནང་བརྩད་བསྡུར་བྱེད་པ། རྩོད་རྙོག་སློང་བ། ཐ་ན་གཞན་ལ་ཁ་རྡུང་གཏོང་བའམ་དམོད་ཚིག་འཕེན་པ་སོགས་རེད། འདི་ལྟར་བྱས་ན་ཟུར་གནས་པ་ཚོའི་ལྟ་སྟངས་བསྒྱུར་བར་ཧ་ལས་པའི་ཕན་ཐོགས་ཡོད་པ་རེད། འདི་ལྟར་རྩོད་གླེང་བྱས་བྱས་པའི་མཐའ་མ་དེར། མགོ་འཁྲིད་མཁན་ཚོ་ཕྱིར་བཏོན་ཡོང་གི་རེད། ཁོ་ཚོས་ཚད་མཐོ་བའི་གནས་ལུགས་དང་དཔང་རྟགས་བཏོན་ནས་སྐད་ཆ་བཤད་སྐབས། དྲ་དམངས་ཀྱི་གླེང་སློང་མགོ་འཁྲིད་ཚོའི་སྒང་ལ་ཕྱོགས་འགྲོ་གི་རེད། དེ་དུས་ང་ཚོའི་དམིགས་ཡུལ་འགྲུབ་ཚར་བ་རེད། མི་སྣ་གསུམ་པ་ནི་ཟུར་གནས་པ་རེད། ཁོ་ཚོ་ནི་དྲ་དམངས་དང་། དོན་དངོས་ཐོག་ང་ཚོའི་དམིགས་འབེན་ངོ་མའམ་‘‘དྲ་ཐོག་གི་མགྲོན་པོ་’’དེ་རེད། ང་ཚོས་དམིགས་ཡུལ་གཙོ་བོ་དེ་གོང་གི་མི་སྣ་གཉིས་ཀྱི་བྱ་སྤྱོད་བརྒྱུད་ནས་མི་སྣ་གསུམ་པ་འདིར་ཤུགས་རྐྱེན་ཐེབས་འཇུག་རྒྱུ་དེ་རེད། འདི་ལྟར་བཤད་ཆོག་གི་རེད། ང་ཚོ་གློག་བརྙན་འཁྲབ་འཁྲིད་པ་ནང་བཞིན་རེད། སོ་སོས་འཁྲབ་གཞུང་སྒྲིག་ནས་འཁྲབ་འཁྲིད་དང་། འཁྲབ་སྟོན་བྱས་པ་བརྒྱུད་ལྟ་མཁན་ཚོར་ཤུགས་རྐྱེན་སྤྲོད་བཞིན་པ་ལྟར་རེད། སོང་ཙང། མཚམས་ལ་ལར་རང་གི་མི་གཤིས་ཁ་འཐོར་དུ་འགྲོ་བཞིན་པའི་ཚོར་བའང་སྐྱེས་ཡོང་གི་འདུག

དྲི་བ། མི་སྣ་གསུམ་པོ་འདི་རྒྱུན་སྤྱོད་ཀྱི་བྱེད་སྟངས་ཤིག་ཡིན་ནམ། ད་དུང་བྱེད་སྟངས་གཞན་པ་ཨེ་ཡོད།

ལན། བྱེད་སྟངས་ཧ་ཅང་མང་པོ་ཡོད་པ་རེད། མིའི་སེམས་ཁམས་ལ་རྩེད་མོ་རྩེ་བཞིན་པའི་ཚོར་སྣང་འདྲ་ཞིག་ཡོད་པ་རེད། དེང་སང་གི་དྲ་དམངས་སྔོན་མ་དང་བསྡུར་ན་བསམ་བློ་ཡོད་མཁན་མང་པོ་རེད། ང་ཚོ་ལ་ཐབས་ལམ་མང་པོ་ཡོད། ཁྱོད་ཀྱིས་དོན་དག་སྡུག་ཅག་ཅིག་མུ་མཐུད་ནས་དེ་ལས་ཀྱང་སྡུག་ཅག་གི་ངོ་བོར་བཤད། ད་དུང་དེ་ངན་པ་དགུ་འཛོམས་ཡིན་རབས་བར་དུ་བཤད་ན། གཞན་གྱིས་བལྟས་པ་ཙམ་གྱིས་ཀྱང་དེ་ཚོ་རྫུན་བཟོ་ཡིན་པ་ཚོར་ཡོང་གི་རེད། མ་གཞི་འཕྲེད་ཤད་གཉིས་ཀྱིས་མཚུངས་རྟགས་གྲུབ་ཐུབ་པ་ལྟར། ངན་བཤད་བྱས་ནས་ཚད་ཅིག་ལ་སླེབས་སྐབས། ཁོ་ཚོ་ལའང་དེ་འདྲའི་སྡུག་ཅག་ཡིན་ནམ་སྙམ་པའི་ཚོར་བ་སྐྱེས་ཡོང་གི་རེད།

དྲི་བ། ཁྱོད་ཀྱི་ལས་ཀ་འདིའི་འགན་ལེན་གང་ཡིན་ནམ།

ལན། འགན་ལེན་ནི་གོང་རིམ་གྱིས་མཛུབ་སྟོན་གནང་བའི་བསམ་བློ་གསལ་བོར་ཧ་གོ་རྒྱུ་དང་། གོང་རིམ་གྱིས་སྤྲད་པའི་དཔྱད་མཆན་ཁ་ཕྱོགས་གསལ་བོར་ངོས་འཛིན་ཐུབ་རྒྱུ། དེ་ནས་སོ་སོས་ལས་ཀ་མགོ་འཛུགས་རྒྱུ་བཅས་རེད།

དྲི་བ། ཁྱོད་ལ་འབྱོར་བའི་‘‘ལས་འགན་’’གནས་འཕྲིན་གྱི་ནང་དོན་འགའ་དཔེ་མཚོན་དུ་དྲངས་ན་ཆོག་གམ།

ལན། དཔེར་ན། ‘‘དཀྲོགས་གཏམ་མ་སྤེལ། དཀྲོགས་གཏམ་ལ་ཡིད་མ་ཆེས།’’ ཡང་ན། ‘‘xxx དོན་རྐྱེན་ཐད་ཀྱི་མང་ཚོགས་ཀྱི་ངོས་འཛིན་དང་ཤེས་རྟོགས་ལ་ཤུགས་རྐྱེན་སྤྲོད་དགོས།’’ ‘‘xx བསྟན་པའི་ཡང་དག་ལམ་སྟོན་གྱི་ཕྱོགས་སུ་སྣེ་འཁྲིད་བྱེད་དགོས།’’ ‘‘xxx དོན་རྐྱེན་སྐོར་གྱི་གསལ་བཤད་དང་དཀར་འདོན་ཐད་ནུས་ཤུགས་སྤྲུགས་དགོས།’’ ‘‘དངོས་བདེན་མིན་པའམ་ཁྲིམས་འགལ་གྱི་སྨྲ་བརྗོད་རང་དབང་ཐོན་པར་སྔོན་འགོག་བྱེད་དགོས།’’ ‘‘ཉེ་དུས་བྱུང་བའི་xxདོན་རྐྱེན་གྱིས་བསྐྲུན་པའི་སྤྱི་ཚོགས་ཤུགས་རྐྱེན་ལ་ཁ་གཏད་གཅོག་དགོས།’’ ‘‘དོན་གནད་གཙོ་བོ་དྲ་དམངས་ཀྱི་བསམ་བློ་xxxxཡི་ཡང་དག་པའི་ལམ་སྟོན་ཕྱོགས་སུ་སྣེ་འཁྲིད་བྱེད་དགོས།’’སོགས་ལྟ་བུ་རེད།

དྲི་བ། འཆར་ཅན་ཁྱོད་ཀྱིས་དང་ལེན་བྱེད་བཞིན་པའི་གནས་ཚུལ་རྣམས་རིགས་ག་ཚོད་ནང་བགར་ཆོག་གི་རེད།

ལན། གཙོ་བོ་ས་གནས་རང་དུ་བྱུང་བའི་དོན་རྐྱེན་ཁག་རེད། ཕལ་ཆེར་ས་གནས་བཀོད་མངགས་བརྒྱ་ཆའི་དྲུག་ཅུ་དང་བདུན་ཅུ་བརྒལ་གི་རེད། དཔེར་ན། མི་སུ་དང་སུ་ཞུ་གཏུགས་དང་། ཡང་ན་དབུས་གཞུང་ལ་ཡར་གཏུགས་བྱེད་དུ་འགྲོ་གིན་ཡོད་མེད་སོགས་རེད།

དྲི་བ། རྒྱལ་ཡོངས་རང་བཞིན་གྱི་དོན་རྐྱེན་ཐད་ནས། མེ་ཏོག་བ་སྤུའི་ལས་འགུལ། འདི་རིགས་ལ་ཁྱོད་ཚོས་དོ་སྣང་སེམས་ཁུར་བྱེད་ཀྱི་ཨེ་ཡོད།

ལན། དྲ་ཐོག་ནས་ཚ་ཤོས་དེ་མེ་ཏོག་བ་སྤུའི་སྐོར་རེད། ང་ཚོར་ད་བར་དུ་དེ་དང་འབྲེལ་ཡོད་ཀྱི་ལས་འགན་གང་ཡང་འབྱོར་མ་སོང་། དེ་ལ་ང་ཡང་ཡ་མཚན་ནས་བསྡད་ཡོད། ཕལ་ཆེར་ང་ཚོའི་གནས་རིམ་ཚད་དེར་སླེབས་མེད་པ་ཡིན་ས་རེད།

དྲི་བ། དུས་རྒྱུན་ཁྱོད་ཀྱིས་སྤེལ་བའི་དཔྱད་མཆན་ཁག་གི་ནང་དོན་དཔེ་ཞིག་དྲངས་ན་འགྲིག་གམ།

ལན། ཁ་གསལ་བོ་བྱས་ནས་སྲིད་གཞུང་ཡག་པོ་རེད། ཁ་གསལ་བོའི་ཐོག་ནས་མི་འདི་དང་འདི་རྒྱལ་བཙོང་བ་རེད། འདི་ལྟ་བུའི་ཐབས་རྩལ་དང་ལྗིད་ཁོག་གང་ཡང་མེད་པའི་དཔྱད་མཆན་སྤེལ་མཁན་གྱི་དྲ་གྲོགས་དེང་སང་འབེལ་འབེལ་ལྷུག་ལྷུག་རེད། དྲ་དམངས་ཀྱིས་ཀྱང་བལྟས་པ་ཙམ་གྱིས་དོན་དག་ག་རེ་ཡིན་མིན་ཤེས་འགྲོ་གི་རེད། ངས་བརྩི་སྲུང་བྱེད་བཞིན་པའི་རྩ་དོན་ནི། ག་དུས་ཡིན་ཡང་དྲང་ཕྱོགས་ནས་སྲིད་གཞུང་ལ་བསྟོད་བསྔགས་མི་གཏོང་བའམ། ཡང་ན་ལྡོག་ཕྱོགས་ཀྱི་གསར་འགྱུར་ཁག་ལ་ཐད་ཀར་སྐྱོན་བརྗོད་མི་བྱེད་པ་དེ་ཡིན། ད་དུང་སྐད་ཆའི་དྲག་ཞན་དང་། གོ་གནས། ལངས་ཕྱོགས་སོགས་གང་ཡིན་ཡང་། ཡིན་གཅིག་མིན་གཉིས་བལྟས་པ་ཙམ་གྱིས་དངོས་ཡོད་གནས་སྟངས་ལ་རྒྱུས་མངའ་མེད་པའི་མང་ཚོགས་ཤིག་ཡིན་པའི་མཐོང་སྣང་བཟོ་རྒྱུ་དེ་ཡིན། འདི་ལྟར་བྱས་ན་ད་གཟོད་དྲ་གྲོགས་ཚོའི་གླེང་གཞི་ཕྱོགས་གཅིག་ལ་འཁྲིད་ཡོང་ཐུབ། གང་ལྟར་ཟུར་ངོས་གཞན་པ་ཞིག་ནས་དྲ་དམངས་ལ་སྣེ་འཁྲིད་དེ། ཤེས་མེད་ཚོར་མེད་ངང་ཁོ་ཚོའི་གླེང་སློང་གི་གཏད་སོ་ལྟེ་བའི་ཁ་ཕྱོགས་གཞན་ལ་བསྐོར་རྒྱུ་དེ་རེད།

དྲི་བ། ཁྱོད་བརྗོད་གཞི་ལས་བར་ཐག་རིང་དུ་སོང་ན་ཆོག་གམ།

ལན། བརྗོད་གཞི་དང་རིང་དུ་འགྲོ་ཆོག་དང་ཆོག དྲ་དམངས་ཀྱི་དོ་སྣང་བྱེད་ཤུགས་ཁ་བསྒྱུར་བའམ། ཡང་ན་མང་ཚོགས་ཀྱི་གཏད་སོ་ལྟེ་བ་རབ་རིབ་བཟོ་སྐབས། བརྗོད་གཞི་དང་རིང་དུ་འགྲོ་རྒྱུ་ནི་ཕན་ཐོགས་ཡོད་པ་ཞིག་རེད། དཔེར་ན། མི་འབོར་ཞིབ་བཤེར་གྱི་སྐབས་སུ། མི་ཚང་མས་མི་འབོར་ཞིབ་བཤེར་གྱི་དངོས་ཡོད་རང་བཞིན་དང་། ཡང་ན། དེའི་གལ་འགངས་རང་བཞིན་སོགས་ལ་གླེང་སློང་ཤུགས་ཆེན་བྱེད་ཀྱི་རེད། དེ་དུས་ངས་མི་འབོར་ཞིབ་བཤེར་གྱི་ལས་ཀའི་ཁྲོད་བྱུང་བའི་དགོད་བྲོའི་གཏམ་རྒྱུད་དེ་འདྲ་སྤེལ་གིན་ཡོད། ཡང་སྲིད་དོན་གསར་འགྱུར་རིགས་ཐོན་སྐབས། ངས་དེ་ཚོའི་སྒང་ལ་ཁྱབ་བསྒྲགས་འགའ་སྤེལ་ནས་དྲ་ངོས་ནག་བསུབ་ཏུ་གཏོང་གིན་ཡོད།

དྲི་བ། ཞིབ་ཚགས་ངང་དོན་རྐྱེན་བྱེ་བྲག་པ་ཞིག་ལ་ ‘‘དཔྱད་མཆན་ལམ་སྟོན་’’ བྱས་པའི་བརྒྱུད་རིམ་ཞིག་ཤོད་དང་།

ལན། དཔེར་ན། ཐེངས་རེ་བཞིན་རླངས་སྣུམ་རིན་གོང་སྤར་སྐབས། སྔོན་ལ་ང་ཚོར་ ‘‘དྲ་གྲོགས་ཚོའི་ཚོར་འདུ་བརྟན་བརླིང་དང་། སྤྱི་མང་གི་དོ་སྣང་བྱེད་ཤུགས་ཁ་བསྒྱུར་’’ དགོས་པའི་བརྡ་ལན་འབྱོར་ཡོང་གི་རེད། ཕྱི་ཉིན་རླངས་སྣུམ་རིན་གོང་སྤར་བའི་གསར་འགྱུར་ཐོན་སྐབས། དྲ་དམངས་ཀྱིས་བརྒྱ་ཆའི་བརྒྱ་རྒྱལ་ཁབ་ལ་ཁ་རྡུང་གཏོང་གི་རེད། རྒྱ་ནག་རླངས་རྫས་དང་རྡོ་སྣུམ་ལས་ཁུངས་སོགས་ལ་ཁ་རྡུང་གཏོང་གི་རེད། དེ་དུས་ངས་དྲ་ངོས་ཤིག་ནང་ཐོ་འགོད་དང་ནང་འཛུལ་བྱས་ནས་མཆན་བུ་འདེབས་ཀི་རེད། ‘‘སྤོར། རིན་གོང་སྤོར། གང་འདོད་ལྟར་སྤོར། ཇོ་ང་ལ་སྣང་དོགས་ཅི་གང་མེད། སྡེབ་གཅིག་ལ་སྒོར་ ༥༠ བར་སྤར་ཐུབ་ནའང་ཡག་ཤོས་ཡིན། ཁྱོད་ཚོ་སྒོར་མོ་མེད་མཁན་སྤྲང་པོ་ཚོས་རླངས་འཁོར་གཏོང་མ་ཐུབ་ན་སྡུག་གྱོང་རེད། རྗེས་མ་ནས་ང་ཚོ་སྒོར་མོ་ཡོད་མཁན་ཚོས་མ་གཏོགས་རླངས་འཁོར་གཏོང་ཐུབ་ཀི་མ་རེད།’’ ཐོས་པ་ཙམ་གྱིས་རྣ་རྩར་གཟན་པའི་སྐད་ཆ་འདི་རིགས། དམིགས་ཡུལ་གཙོ་བོ་དྲ་དམངས་ལ་ཁོང་ཁྲོ་བསླངས་ནས། སྣུམ་རིན་སྐོར་གྱི་སྡིང་ཟུག་དང་དོ་སྣང་བྱེད་ཤུགས་ཡོད་ཚད་ང་མི་སྒེར་བའི་སྒང་ལ་བསྐོར་རྒྱུ་དེ་རེད། དེ་ནས་ངས་ཡང་བསྐྱར་དྲ་མིང་གཞན་འགའ་ཞིག་སྤྱད་ནས་རང་གིས་རང་ཉིད་ལ་སྡིག་དམོད་བྱེད་མགོ་འཛུགས་ཀྱི་ཡོད། འདི་ལྟར་བྱས་ན་མི་མང་པོ་ཞིག་གིས་མཐོང་ཐུབ། མི་མང་པོ་ཞིག་གིས་མཐོང་རྗེས་ཐད་ཀར་ང་ལ་རྒོལ་ལན་སློག་ཡོང་གི་རེད། ག་ལེ་ག་ལེར་སྣུམ་རིན་སྐོར་གྱི་གཞི་རྩའི་བརྗོད་དོན་འགྱུར་ནས་བརྗོད་གཞི་ལྟེ་བ་ང་ཆགས་འགྲོ་གི་རེད། བྱེད་སྟངས་འདིའི་མཇུག་འབྲས་ཧ་ལས་པའི་ཡག་པོ་ཡོད།

དྲི་བ། ཁྱོད་ཀྱི་ལས་ཀ་བྱ་ཡུལ། དྲ་ཚུགས་གང་ནང་དཔྱད་མཆན་སྤེལ་གི་ཡོད། དྲ་དམངས་གང་འདྲ་ཞིག་ལ་ཁ་གཏད་གཅོག་གི་ཡོད། ནང་དོན་ག་རེ་ཡིན།

ལན། དྲ་ཚུགས་ལ་ཚད་བཀག་ཡོད་པ་མ་རེད། ང་གཙོ་བོ་ང་ཚོའི་ས་གནས་ཀྱི་དྲ་ཚུགས་ཁག་དང་། ཡང་ན་ཐིན་ཞུན་ (腾讯)ལྟ་བུའི་ནང་འཁྱམ་ཉུལ་བྱས་ནས་སྡོད་ཀྱི་ཡོད། སུག་ཧུ་(搜狐)དང་། ཞིན་ལང་(新浪)སོགས་དྲ་ཚུགས་ཆེ་ཁག་ལ་ས་གནས་དཔྱད་མཆན་པ་མང་པོ་ཡོད་རེད། ངས་རྒྱུས་ལོན་བྱས་པ་ལྟར་ན། དྲ་ཚུགས་འདི་ཚོ་ཚང་མར་ནང་ཁུལ་ནས་དམིགས་བསལ་སྡེ་ཚན་བཙུགས་ནས་དཔྱད་མཆན་སྤེལ་གི་ཡོད་འདུག

དྲི་བ། མཆན་བུ་གང་དག་དྲ་ཐོག་དཔྱད་མཆན་པ་ཚོའི་མཆན་བུ་ཡིན་པ་ཁྱོད་ཀྱིས་ངོས་འཛིན་ཐུབ་བམ།

ལན། ང་རང་ལས་ཀ་འདི་བྱེད་མཁན་རེད། དྲ་ཐོག་ཏུ་ཡོང་ནས་གླེང་སྟེགས་ཉུལ། མཆན་བུ་བཀླགས། མཆན་ལན་སློག་གི་ཡོད་ཙང་། ངས་བསམ་ན་གླེང་སྟེགས་ཤིག་ནང་མཆན་བུ་ཁྲི་སྟོང་ཡོད་པའི་ཁྲོད། བརྒྱ་ཆའི་ ༡༠ ནས་ ༢༠ ལྷག་བལྟས་པ་ཙམ་གྱིས་དཔྱད་མཆན་པའི་མཆན་བུ་ཡིན་པ་ཧ་གོ་གི་རེད།

དྲི་བ། ཁྱོད་ཀྱིས་དྲ་ཐོག་ནས་མི་གཞན་ལ་རྩོད་གླེང་བྱེད་ཨེ་སྲིད་། སྲིད་ན་འཛིང་མོལ་གྱི་ཚད་གང་འདྲ་དང་། དེ་ལ་སྟངས་འཛིན་དང་། དེ་ནས་སེམས་ཚོར་སྙོམ་སྒྲིག་ཇི་ལྟར་བྱ་ངེས་ཡིན།

ལན། དུས་ཚོད་མང་ཆེ་བ་ང་ཚོས་སོ་སོས་སོ་སོར་རྩོད་གླེང་བྱས་ནས་སྡོད་ཀྱིན་ཡོད། མ་གཞི་ནས་ངས་དྲ་གྲོགས་ཚོ་དང་ལྷན་དུ་དོན་རྐྱེན་གང་ལའང་རྩོད་གླེང་བྱས་མྱོང་མེད་ལ། དྲ་གྲོགས་སུ་ཞིག་དང་དོན་རྐྱེན་གང་ཞིག་གིས་ཀྱང་ང་ལ་ཁོང་ཁྲོ་བསླངས་མ་མྱོང་། ལས་ཀའི་རིང་དུས་རྒྱུན་ནས་ངས་རང་ཚུགས་འཛིན་གི་ཡོད་ཅེས་བཤད་ཆོག

དྲི་བ། སྲིད་གཞུང་གིས་ ‘‘དཀྲོགས་གཏམ་མ་སྤེལ། དཀྲོགས་གཏམ་ལ་ཡིད་མ་ཆེས།’’ཞེས་དྲིལ་སྒྲོག་སྐབས། མཇུག་འབྲས་རྦད་དེ་ལོགས་ཀ་རེད། SARS ལ་ཆ་བཞག་ན། དང་པོ་མགོ་འཛུགས་སྐབས་ནས། ‘‘དཀྲོགས་གཏམ་ལ་ཡིད་མི་ཆེས།’’ དང། ‘‘སྲིད་གཞུང་ལ་ཡིད་མི་ཆེས།’’ གཉིས་ལས་གདམ་ག་བྱེད་སྐབས། མང་ཆེ་བས་སྲིད་གཞུང་ལ་ཡིད་མི་ཆེས་བ་འདེམས་འགྲོ་གི་ཡོད་རེད་དམ།

ལན། ངས་བསམ་ན་ང་ཚོའི་རྒྱལ་ཁབ་དང་སྲིད་གཞུང་གནས་སྟངས་ངོ་ཚ་བོ་ཞིག་ལ་སླེབས་འདུག དོན་རྐྱེན་ག་རེ་བྱུང་ནའང། དཔེར་ན་མི་ཞིག་གིས་ཁྲིམས་འགལ་བྱས་པའམ། ཡང་ན་རླངས་འཁོར་བརྡབ་སྐྱོན་བྱུང་བ་སོགས། གང་ལྟར་གནས་ཚུལ་མི་ལེགས་པ་ཞིག་བྱུང་སྐབས། དྲ་ཐོག་ནས་ད་འབར་ཚར་བ་རེད། ཚང་མས་སྲིད་གཞུང་ལ་ཁ་རྡུང་གཏོང་གི་རེད། ང་འདི་ལ་ཧ་ལས་པའི་ཡ་མཚན་སྐྱེས་བྱུང་།

དྲི་བ། དེ་ཡིན་དགོས་དང་དགོས། སྲིད་གཞུང་ལ་གསང་རྒྱུ་དང་བསྒྲགས་རྒྱུ་མང་པོ་རེད། གྲུབ་འབྲས་ཡོད་ཚད་རང་ལ་དབང་དགོས་ཀྱི་ཡོད་ན། ནོར་འཁྲུལ་ལ་ཡང་བདག་པོ་རྒྱག་དགོས་ཀྱི་ཡོད་པ་རེད། དོན་རྐྱེན་ལས་གཞན། ཁྱོད་ཚོར་མི་སྣའི་དམིགས་འབེན་ཡོད་དམ། འདིའི་རིགས་ཀྱི་བཀོད་མངགས་དེ་འདྲ་ཨེ་ཡོད།

ལན། ཕལ་ཆེར་ཡོད་རྒྱུ་རེད། ངས་བསམ་ན་ཏཱ་ལའི་བླ་མའི་གནད་དོན་ཐོག ཕལ་ཆེར་རྒྱལ་ཡོངས་གང་སར་ལམ་སྟོན་པ་ཡོད་ཡོད་རེད། ང་ཚོའི་རྒྱལ་ཁབ་ཀྱི་མི་ཡོད་ཚད་ཏཱ་ལའི་བླ་མ་དང་ཆོས་འཁོར་སྒོམ་སྒྲུབ་པའི་ཐོག་ཧ་ཅང་གི་སྙིང་ནད་ཡོད་པ་རེད། ང་རང་གིས་རྒྱུས་ལོན་བྱེད་ཐུབ་པ་ཞིག་ནི། དོན་རྐྱེན་འདི་རིགས་ཐོག་སྲིད་གཞུང་གི་བྱེད་སྟངས་ཚད་ལས་བརྒལ་རྒྱུ་ཅུང་མང་དྲགས་འདུག་འདོད། ལས་ཀ་འདི་དང་འབྲེལ་འདྲིས་མ་བྱས་པའི་སྔོན་ལ། ང་རང་གིས་ཀྱང་ཅི་གང་མི་ཤེས། སོང་ཙང་། ངས་གཏམ་བརྗོད་རང་དབང་བཀག་སྡོམ་བྱས་པ་ཡག་ས་དེར། ཕལ་ཆེར་དཔྱད་མཆན་འདེབས་མཁན་ཚོས་ཆ་ཤས་བླངས་ཡོད་པར་འདོད་མྱོང་།

དྲི་བ། གོང་རིམ་ནས་ཁྱོད་ཀྱི་ལས་ཀར་ཞིབ་བཤེར་དང་། གདེང་འཇོག་ག་འདྲ་བྱེད་ཀྱི་འདུག

ལན། ང་ཚོས་དྲ་འབྲེལ་མཁོ་སྤྲོད་བྱས་པ་ལྟར། གོང་རིམ་ནས་ཆེད་དུ་འདྲི་བརྩད་མི་སྣ་བཏང་ནས་བརྟག་དཔྱད་གཏོང་གི་རེད། འདྲི་བརྩད་མི་སྣས་རྩ་བའི་ཆ་ནས་ལེགས་ཉེས་ཀྱི་གདེང་འཇོག་གང་ཡང་བྱེད་ཀི་མ་རེད། རྒྱུ་མཚན་ཁོ་ཚོས་ཐེངས་རེ་བཞིན་ལས་ཀའི་དགོས་འདུན་ཧ་ཅང་གི་འཐུས་ཚང་བྱས་ནས་སྟེར་གི་རེད། ང་ཚོས་ཁོ་ཚོས་བཤད་པ་ལྟར་ཏག་ཏག་བྱས་བཞག་ན་འགྲིག་གི་ཡོད་པ་རེད། ནོར་འཁྲུལ་རིགས་འབྱུང་སྲིད་ཀི་མ་རེད།

དྲི་བ། ཁྱོད་ཀྱིས་ ‘‘ཁོང་ཚོས་ལས་ཀའི་དགོས་འདུན་ཧ་ཅང་གི་འཐུས་ཚང་བྱས་ནས་སྟེར་གི་རེད་’’ཟེར། འཐུས་ཚང་སྟངས་གང་འདྲ་རེད།

ལན། སྣེ་འཁྲིད་སའི་ཁ་ཕྱོགས་ཧ་ཅང་གི་གསལ་པོ་དང་དག་པོ་བྱས་ནས་བཤད་ཡོང་གི་རེད། དཔེར་ན། གནད་དོན་འདི་ཕྱོགས་འདི་དང་འདི་ལ་འཁྲིད་དགོས་པ་རེད། ཡང་ན། དོན་རྐྱེན་འདི་ལ་གཏོར་བརླག་གཏོང་དགོས་པ་རེད། ད་དུང་དྲ་དམངས་ཀྱི་གཏད་སོ་ལྟེ་བ་གང་ཞིག་རབ་རིབ་བཟོ་དགོས་པའམ། ཡང་ན་དོན་དག་གཞན་པ་བཙལ་ནས་དེ་ཡལ་འཇུག་དགོས་པ་རེད་སོགས་ལྟ་བུ་རེད། ངོ་མས་དཀའ་ལས་ཁག་པོ་ཅི་གང་ཡོད་པ་མ་རེད།

དྲི་བ། ཁྱོད་དང་ལམ་སྟོན་པ་གཞན་དག་གི་བར་མཉམ་ལས་བྱེད་ཀྱི་ཡོད་དམ། ག་འདྲར་བྱེད་ཀྱི་ཡོད།

ལན། གློ་བུར་བའི་དོན་རྐྱེན་བྱུང་སྐབས་མཉམ་ལས་བྱེད་རྒྱུ་མང་གི་རེད། གཅིག་གམ་འགའ་ཤས་ཀྱིས་གླེང་སྟེགས་ཤིག་ལ་འགན་བླངས་ནས་ལས་བགོས་བྱས་རྗེས། ཁ་ཤས་ཀྱིས་མཆན་བུ་བཏབས། ཁ་ཤས་ཀྱིས་མཆན་བུ་ལ་རྗེས་འདེད་བཏངས། ཡང་ཁ་ཤས་ཀྱིས་མི་གཞན་པར་རྗེས་འདེད་བཏངས། ད་དུང་ཁ་ཤས་ཀྱིས་མཆན་བུའི་ནང་རྩོད་རྙོག་བསླངས། གསལ་བསྒྲགས་སྤེལ་ནས་དྲ་ངོས་སུ་ཉོག་དཀྲུགས། ངས་ཤེས་གསལ་ལ་ད་དུང་ཆེད་དུ་མཆན་བུ་ནག་བསུབ་གཏོང་བར་འགན་འཁུར་མཁན་ཡང་ཡོད་པ་རེད།

དྲི་བ། ཁྱོད་ཀྱི་རྔན་པའམ་ལག་དངུལ་ཐག་གཅོད་སྟངས་ག་འདྲ་རེད། ཟླ་བ་རེའི་ལག་ཡོང་ག་ཚོད་རེད།

ལན། དེ་ཟླ་རེ་བཞིན་རེད། མཆན་བུའི་གྲངས་ཀ་དང་སྤུས་ཀ་ལ་བལྟས་ནས་སྤྲོད་ཀྱིན་ཡོད་པ་རེད། རྩ་བའི་ཆ་ནས་མཆན་བུ་བརྒྱ་རེར་རྔན་པ་སྒོར་ ༥༠ རེ་བྱས་ནས་རྕིས་རྒྱག་གིན་ཡོད་པ་རེད། འཕྲལ་སེལ་གྱི་དོན་རྐྱེན་བྱུང་སྐབས་རྔན་པ་མང་ཙམ་རག་གི་རེད། དཔེར་ན། གླེང་ཤུགས་ཆེ་བའི་གནད་དོན་ཞིག་ལ་སྣེ་འཁྲིད་སྐབས། མི་བཅུ་གྲངས་ཤིག་གིས་དུས་མཉམ་དུ་མཆན་བུ་སྤེལ་ན། ཉིན་གཅིག་གཉིས་དེའི་རིང་ལ་རྔན་པ་མང་ཙམ་རག་གི་རེད། རྩ་བའི་ཆ་ནས་ལས་ཀ་འདིའི་ལག་ཡོང་ཧ་ཅང་གི་དམའ་བོ་རེད། ང་འཕྲལ་སེལ་གྱི་ལས་ཀ་བྱེད་མཁན་ཡིན། ཆ་སྙོམ་ཟླ་རེའི་ལག་ཡོང་སྒོར་ ༥༠༠ ནས་ ༦༠༠ གཡས་གཡོན་རེད། གཏན་འཇགས་ཀྱིས་ལས་ཀ་འདི་བྱེད་མཁན་ཡོད་པ་རེད། དེ་ཚོར་ཟླ་རེར་སྟོང་ཕྲག་འགའ་ཤས་ཡོང་སྲིད་པ་རེད།

དྲི་བ། ཁྱོད་རང་ཉིད་ལས་ཀ་འདི་ལ་དགའ་བོ་འདུག་གམ།

ལན། དགའ་མོས་ཡོད་ཅེས་བཤད་ཐུབ་ས་མ་རེད་ལ། ཐབས་རྡུགས་རེད་ཅེས་ཀྱང་བཤད་ནུས་ས་མ་རེད། ཉིན་གཅིག་ལ་ལས་ཀ་འགའ་ཇེ་མང་དང་། ཟླ་བ་གཅིག་ལ་ལག་དངུལ་ཁ་ཤས་ཇེ་མང་དུ་ཕྱིན་པ་ཙམ་རེད།

དྲི་བ། ལས་ཀའི་ཐད་ནས་དཀའ་ངལ་ཆེ་ཤོས་དེ་གང་རེད།

ལན། ཕལ་ཆེར་དྲ་དམངས་ཀྱི་སེམས་ཁམས་ལ་ཚོད་དཔག་བྱེད་རྒྱུ། རྩོམ་འབྲིའི་ཐབས་རྩལ་འདྲ་མིན་ལ་སྦྱོང་བ་བྱེད་རྒྱུ། མི་གཞན་པའི་སྨྱུག་རྩལ་ལ་ལབ་མོ་བྱེད་རྒྱུ། མང་ཚོགས་ཀྱི་ཡིད་ཆེས་ལེན་ཐབས་དང་། མང་ཚོགས་ཀྱི་བསམ་བློར་ཤུགས་རྐྱེན་སྤྲོད་ཐབས་བྱེད་རྒྱུ་སོགས་ཡིན་ས་རེད།

དྲི་བ། ག་རེ་བྱས་ནས་ཁྱོད་མངོན་གསལ་དུ་ཐོན་ཡོང་གི་མེད། ག་རེ་བྱས་ནས་དེ་འདྲའི་ཚོར་བ་སྐྱེན་པོ་བྱེད་ཀྱི་ཡོད། ཉེན་ཁ་ག་རེ་ལྷག་ཡོད་པ་རེད།

ལན། ཁྱོད་ཀྱིས་ངའི་ཁ་ཕོར་གཅོག་འདོད་པ་ཡིན་ནམ། ང་ཚོས་གླེང་སྟེགས་དང་དྲ་ཟིན་གང་འདྲ་ཞིག་ནང་འཛུལ་བའམ། བྱེད་ཐབས་གང་འདྲ་ཞིག་དང་། དྲ་མིང་ཇི་འདྲ་ཞིག་སྤྱད་ནས་མཆན་བུ་སྤེལ་ཀྱང་ཚང་མ་སྦས་གསང་བྱེད་ཀྱི་ཡོད། རང་གི་ངོ་རྟགས་ཕྱི་གསལ་བཟོས་ན་འགྲིག་གི་མ་རེད། དེ་ལས་ཀྱང་རང་ཉིད་ཆེད་ལས་དྲ་མཆན་པ་ཞིག་ཡིན་པའང་མངོན་གསལ་བཟོ་གི་མ་རེད། གལ་སྲིད་དེ་ལྟར་ཡིན་ཚེ་ང་ཚོ་ཡོད་མེད་ལ་ཆོད་ག་རེ་ཡོད་པ་རེད། ཕྱི་གསལ་བྱས་ན་དེའི་ཤུགས་རྐྱེན་ང་ཚོ་གཅིག་བུ་མ་རེད། གོང་རིམ་ལའང་ལྡོག་ཕྱོགས་ཀྱི་བག་ཆགས་ངན་པ་ཞིག་བསྐྲུན་ཡོང་གི་རེད།

དྲི་བ། ཁྱོད་ཀྱིས་བཤད་པའི་ ‘‘གོང་རིམ་’’སུ་ལ་ངོས་འཛིན་གྱི་ཡོད། ལན། དེ་སྒང་གི་འགོ་ཁྲིད་ཡིན་ཡིན་པ་རེད། དེ་ལས་ཡར་དེད་ན། དྲིལ་བསྒྲགས་ལས་ཁུངས་ལ་ཟེར་གྱི་ཡོད་པ་རེད།

ལན།  ཁྱོད་ཀྱིས་ནང་མི་དང་གྲོགས་པོ་ལ་རང་གི་ལས་ཀའི་ངོ་བོ་ཤེས་བཅུག་ཡོད་དམ། ལན། མེད། ནང་མི་དང་གྲོགས་པོ་སུ་གང་ལའང་ད་བར་དུ་ཤེས་བཅུག་མྱོང་མེད། གལ་སྲིད་ཁོ་ཚོས་ངས་ལས་ཀ་འདི་བྱེད་ཀྱིན་ཡོད་པ་ཤེས་ཚེ། ཕལ་ཆེར་ངའི་མིང་དང་། ང་ལ་བཅངས་པའི་ཡིད་ཆེས་ཀྱི་ཚད་གཞི་ལ་བག་ཆགས་ངན་པ་གང་འཚམ་ཞིག་བཞག་ཡོང་གི་རེད་འདོད།

དྲི་བ། ཁྱོད་ཀྱིས་ ‘‘གལ་སྲིད་ནང་ཉིང་ཕྱི་ལ་བཏོན་ཚེ། ཕལ་ཆེར་སྲོག་ལ་ཉེན་ཁ་ཡོད་པ་རེད་ཟེར་ནའང་སྒྲོ་འདོགས་གང་ཡང་མ་རེད་’’ ཟེར། མཇུག་འབྲས་དེ་འདྲའི་ཚབས་ཆེན་རེད་བསམ་གྱི་འདུག་གམ།

ལན། ངའི་ལས་ཀའི་ངོ་བོ། དེ་སྒང་ལ་གསར་འགྱུར་གྱི་ལས་ཀ་ཉར་མཁན་དང་། དྲ་ཐོག་གི་ལས་ཀ་བྱེད་མཁན་ཞིག་ཡིན་པའི་ཆ་ནས། གལ་སྲིད་ངའི་ལས་ཀའི་ངོ་བོའམ། ཡང་ན་དོན་རྐྱེན་གང་ཞིག་ང་བརྒྱུད་ནས་ནང་ཉིང་ཕྱི་ལ་བཅར་བ་ཡིན་ཚེ། དེས་ན་ང་ལ་ཐེབས་རྒྱུའི་ཤུགས་རྐྱེན་ཕལ་ཆེར་ཚོད་རྩིས་ཐུབ་པ་ཞིག་ཡིན་རྒྱུ་མ་རེད།

དྲི་བ། གལ་སྲིད་ཁྱོད་ཀྱིས་ལས་ཀ་འདི་མཚམས་འཇོག་བྱས་ཚེ། ཁྱོད་ལ་གནོན་ཤུགས་སླེབས་པའམ། ཡང་ན། མཐུན་རྐྱེན་ཐོལ་པ་འདྲ་སྦྱོར་རྒྱུ་ཨེ་སྲིད།

ལན། སྲིད་མདོག་ཁ་བོ་མ་རེད། སྤྱིར་བཏང་ལས་རིགས་འདི་ད་ལྟ་ཧ་ཅང་གི་མངོན་གསལ་དོད་པོ་ཆགས་ཚར་པ་རེད། ང་ལ་མཚོན་ནས་བཤད་ན། འདི་ཞོར་ལས་ཙམ་རེད། ལས་རིགས་གཞན་པ་དེ་ཚོ་དང་ཁྱད་པར་གང་ཡང་ཡོད་པ་མ་རེད། ལས་རིགས་འདི་ཁྱོད་ཚོའི་བསམ་པ་ནང་བཞིན་དེ་འདྲའི་མུན་ནག་ཡོད་པ་མ་རེད།

དྲི་བ། ཉིན་ལྟར་ཁྱོད་དྲ་ལམ་ལ་ཆུ་ཚོད་ག་ཚོད་ཞུགས་ཀྱི་ཡོད། དྲ་ངོས་གང་དག་དང་། གཟའ་མཇུག་ལ་ངལ་གསོ་ཡོད་དམ།

ལན། ངས་ཉུང་མཐར་ཡང་ཉིན་རེར་དྲ་ཐོག་ནས་ཆུ་ཚོད་ ༦ ནས་ ༨ བར་སྐྱེལ་བཞིན་ཡོད། གཙོ་བོ་ང་ཚོའི་ས་གནས་སམ། ཡང་ན། ཧ་ཅང་རྒྱུག་ཆེ་བའི་དྲ་གནས་གསར་འགྱུར་རམ། ལྦེ་པོ་(微博)ནང་འཛུལ་ཞུགས་བྱེད་ཀྱིན་ཡོད། གཟའ་མཇུག་ལ་ལས་ཀ་བྱེད་ཀྱི་མེད། ཡིན་ནའང་། ཡིག་སྒམ་བསྔོགས་ནས་གོང་རིམ་གྱི་གལ་ཆེའི་བཀོད་མངགས་འདྲ་ཡོད་མེད་ལྟ་གིན་ཡོད། དྲི་བ། དུས་རྒྱུན་འཚོ་བའི་ནང་། ཁྱོད་ཀྱིས་རང་གི་དྲ་ཐོག་གི་ལས་ཀ་དེ་ཚོར་བསམ་བློ་གཏོང་གི་ཡོད་དམ། ལན། མ་མཐར་ཡང་ཅུང་ཙང་ཡོད་རྒྱུ་རེད། དཔེར་ན་ངས་ས་གནས་རང་བཞིན་གྱི་གསར་འགྱུར་ཞིག་མཐོང་ཡོང་སྐབས། གོང་རིམ་ནས་འདིའི་ཁ་ཕྱོགས་གང་འདྲ་ཞིག་ལ་འཁྲིད་དགོས་པའི་རེ་འདུན་འདོན་སྲིད། ངས་དེའི་སྐོར་གང་འདྲ་བྱས་ནས་བཤད་དགོས་སམ། བསམ་བློ་འདི་རིགས་རང་བཞིན་གྱིས་གཏོང་དགོས་འཁེལ་གི་རེད། ང་ལ་ཆེད་ལས་ན་ཚ་ཆུང་ཆུང་ཞིག་ཕོག་མི་འདུག་གམ། དྲི་བ། ཁྱོད་ཀྱིས་ཀྲུང་དབྱང་བརྙན་འཕྲིན་ཁང་དང་། མི་དམངས་ཚགས་པར་ལྟ་ཀློག་བྱེད་ཀྱི་ཨེ་ཡོད། ལན། གསར་འགྱུར་མང་ཆེ་བར་ལྟ་གི་ཡོད། དམིགས་བསལ་གྱིས་ས་གནས་ཁག་གི་གསལ་འགྱུར་ལ་ལྟ་གི་ཡོད། ཡིན་ཡང་རྩ་བའི་ཆ་ནས་ཀྲུང་དབྱང་གི་གསར་འགྱུར་མཉམ་སྒྲོག་ལ་ལྟ་གི་མེད། རྒྱུ་མཚན་ནི་ལེ་ཚན་དེ་འཆམ་མཐུན་ཡིན་རྒྱུ་མང་དྲགས་འདུག

དྲི་བ། ཁྱོད་འཕྲུལ་སྒྲར་ཞུགས་ཀྱི་ཨེ་ཡོད། མི་སུ་དང་སུ་ལ་དོ་སྣང་བྱེད་ཀྱི་ཡོད།

ལན། ཡོད། ཨེ་ལྦེ་ལྦེ་ཚུད་པའི་མི་ནང་དོན་ཡོད་མཁན་འགའ་ཤས་ལ་དོ་སྣང་བྱེད་ཀྱི་ཡོད། ཡིན་ཡང་འཕྲལ་སྒྲའི་ནང་ཁ་ཁྱོན་ནས་གྲགས་ཀྱི་མེད། གཙོ་བོ་ལྟ་རྒྱུ་དང་སློབ་སྦྱོང་བྱེད་རྒྱུ་ཙམ་ཡིན།

དྲི་བ། ཁྱོད་ཀྱིས་དྲ་རྒྱའམ་སྨྲ་བརྗོད་རང་དབང་དང་། དངོས་ཡོད་ཀྱི་བར་ལ་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད།

ལན། ངས་འདི་ལྟར་བཤད་ཐུབ། དྲ་རྒྱ་ཡོད་རྗེས། ང་ཚོའི་སྨྲ་བརྗོད་ལ་སྔོན་མ་དང་བསྡུར་ན་ངོ་མས་རང་དབང་མང་པོ་རེད། ཡིན་ཡང་རང་དབང་གང་འཚམ་ཞིག་རག་ན་དེ་ལས་ཀྱང་རང་དབང་ཆེ་བའི་མི་མཐོང་ཡོང་གི་རེད། དེ་ནས་ཡང་བསྐྱར་རང་སོ་སོར་རང་དབང་མེད་པའི་ཚོར་བ་སྐྱེས་ཡོང་གི་རེད། མ་གཞི། མི་སྐྱིད་པ་ཚང་མ་གཤིབ་བསྡུར་བྱས་པ་ལས་ཡོང་གི་ཡོད་པ་རེད།

དྲི་བ། ཁྱོད་ཀྱིས་བལྟས་ན། ལས་རིགས་འདིས་རྒྱ་ནག་གི་དཔྱད་མཆན་སྣེ་འཁྲིད་ལ་ཕན་ནུས་ཆེ་ཆུང་གང་འདྲ་ཞིག་ཐོན་འདུག

ལན། དྲང་བོར་བཤད་ན་ངས་འདིའི་ནུས་པ་ཆུང་ཆུང་མ་རེད་བསམ་གྱི་འདུག ངོ་མས་བཤད་ན་རྩ་བའི་རྒྱ་ནག་གི་དྲ་དམངས་ཕལ་ཆེ་བ་ཧ་ཅང་གི་ལྐུགས་པ་རེད། མཚམས་ལ་ལར་ཁྱོད་ཀྱིས་ཁོ་ཚོར་སྣེ་འཁྲིད་ལམ་སྟོན་མ་བྱས་ཚེ། ཁོ་ཚོ་ངོ་མས་དཀྲོགས་གཏམ་དེ་ཚོ་ལ་ཡིད་ཆེས་འགྲོ་གི་རེད།

དྲི་བ། དེ་ཁོ་ཚོར་རག་པའི་གནས་ཚུལ་བརྡ་འཕྲིན་ལ་ཚད་བཀག་ཡོད་པའི་རྐྱེན་གྱིས་རེད། སོང་ཙང་ཚད་བཀག་ཡོད་པའི་གནས་ཚུལ་བརྡ་འཕྲིན་ནང་། རང་གིས་སྲིད་དོན་ལྟ་ཚུལ་འདོན་ཐུབ་རྒྱུ་ཧ་ཅང་གི་ཁག་པོ་རེད།

ལན། ངས་བསམ་ན་ཁོ་ཚོར་བརྒྱུད་སྐུལ་བྱེད་རྒྱུ་ཧ་ཅང་གི་ལས་སླ་བོ་རེད། ངས་ཁོ་ཚོ་ལས་སླ་བོའི་ངང་སྟངས་འཛིན་བྱེད་ཐུབ་ཀྱི་འདུག ཁོ་ཚོར་ག་རེ་བྱེད་དུ་འཇུག་བསམ་ན། ངས་དེ་སྒང་ལ་བསམ་བློ་ཏོག་ཙམ་ཞིག་དཀྲུགས་ཐུབ་ན་འགྲིག་འགྲོ་གི་རེད། ངོ་མས་ལས་སླ་བོ་རེད། སོང་ཙང་ངས་འདིའི་ཐད་ཀྱི་ཤུགས་རྐྱེན་ཆུང་ཆུང་མ་རེད་འདོད།

དྲི་བ། ཁྱོད་ཀྱིས་བསམ་ན་སྲིད་གཞུང་ལ་དཔྱད་མཆན་སྣེ་འཁྲིད་ལ་ཐེ་གཏོགས་བྱེད་པའི་དབང་ཚད་ཡོད་དམ།

ལན། ང་རང་སྒེར་ངོས་ནས་རྩ་བ་ཉིན་ནས་ཡོད་པ་མ་རེད་འདོད། ཡིན་ནའང། རྒྱ་ནག་ནང་ངེས་པར་དུ་ཐེ་གཏོགས་དང་སྣེ་འཁྲིད་བྱེད་དགོས་ཀྱི་འདུག རྒྱ་ནག་གི་དྲ་དམངས་མང་ཆེ་བར་ཧ་ལས་པའི་བརྒྱུད་སྐུལ་བྱེད་སླ་བོ་དང་། ཁོ་ཚོར་ཧ་ལས་པའི་རང་རང་གི་བསམ་བློ་ཡོད་པ་མ་རེད། བརྡ་འཕྲིན་རྫུན་མ་འགས་ཁོ་ཚོར་མགོ་སྐོར་དང་བརྒྱུད་སྐུལ་བྱེད་རྒྱུ་ཧ་ཅང་གི་ལས་སླ་བོ་རེད།

དྲི་བ། ཁྱོད་ཀྱིས་དྲ་དམངས་ལ་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད། ཁོ་ཚོའི་སྤུས་ཀ་དང་རྣམ་འགྱུར།

ལན། ངས་སྔོན་ཏག་ཏག་ལ་བཤད་པ་ཡིན། དོན་དག་བཟང་ངན་གང་ཡིན་ཡང་། རྒྱ་ནག་གི་དྲ་དམངས་ལ་བསླུ་བྲིད་གཏོང་རྒྱུ་ཧ་ལས་པའི་ལས་སླ་བོ་རེད། ཡིན་ནའང་དེང་སང་དྲ་དམངས་ཚོ་ག་ལེར་རང་ཚུགས་ཅན་དང་། ག་ལེར་བསམ་བློ་གཏོང་ཤེས་མཁན་ཆགས་ཡོང་གི་འདུག ཐོས་པ་ཙམ་གྱིས་རླུང་རྗེས་སྙེག་གི་མི་འདུག སྤུས་ཀའང་ག་ལེ་ག་ལེར་ཇེ་མཐོར་འགྲོ་གི་འདུག

དྲི་བ། ཁྱོད་ཀྱིས་རང་གི་ལྟ་ཚུལ་ཁག་ལ་ཡིད་ཆེས་དགོས་ཀྱི་ཡོད་དམ། ཆབ་སྲིད་མདུན་ལམ་ལ་དོ་སྣང་སེམས་ཁུར་བྱེད་ཀྱི་ཨེ་ཡོད།

ལན། ཡིད་ཆེས་དགོས་ཀྱི་ཡོད་པ་མ་རེད། མཚམས་ལ་ལར་ཁྱོད་ཀྱིས་རང་གི་གང་བཤད་པ་དེ་དག་རྫུན་མ་དང་ལྡོག་ཕྱོགས་ཡིན་པ་གསལ་བོ་ཤེས་ཀྱིན་ཡོད་ནའང་། ད་དུང་དེ་ལྟར་བཤད་དགོས་ཀྱི་ཡོད་པ་རེད། རྒྱུ་མཚན་ཁྱོད་ཀྱི་ལས་ཀ་དེ་ག་རང་རེད། ངས་རྒྱ་ནག་གི་ཆབ་སྲིད་ལ་དོ་སྣང་སེམས་ཁུར་དེ་ཙམ་བྱེད་ཀྱི་མེད། རྒྱ་ནག་གི་ཆབ་སྲིད་ལ་དོ་སྣང་སེམས་ཁུར་བྱེད་འོས་པ་ཅི་གང་མི་འདུག

སྒྱུར་མཁན། ཟླ་བ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 4

  1. འདྲེ་རྐང་འཇིབ། says:
    ལོ་ 13 སྔོན།

    རེད་ཡ། ནག་ཉེས་འདི་རིགས་ནི་ས་གཞི་འདིས་ཐེགས་པར་དཀའ་བ་ཞིག་རེད། དྲ་འབུ་འདི་རིགས་ཀྱིས་དམངས་ཀྱི་བསམ་བློ་གང་འདོད་ཀྱིས་བསླུ་བྲིད་འོག་བེད་སྤྱོད་བྱེད་ཀྱིན་འདུག་ལ། མི་དམངས་ཀྱི་རེ་འདོད་ལ་རྡོག་བརྫིས་གཏོང་བའི་བྱ་སྤྱོད་ངོ་དམར་བ་ཞིག་རེད། དེས་ན་བོད་ཕྱི་ནང་གཉིས་ཀྱི་དྲ་མྱུལ་བ་ཚོས་མཁྱེན་གལ་ཆེའོ།

    Reply
  2. འདྲེ་རྐང་འཇིབ། says:
    ལོ་ 13 སྔོན།

    ཏང་གི་དྲ་འབུ་བྱེད་པའི་མི་སྣ་དེ་དག་གིས་དམངས་ཡོངས་ཀྱི་ཤེས་འདོད་དང་རེ་འདོད་དག་རྨེག་མེད་དུ་གཏོང་བའི་བྱ་འགུལ་འདི་རིགས་ནི་ངོ་མ་འཇིགས་སྣང་སྐྱེས་དགོས་པ་ཞིག་རེད། འདི་ལྟ་བུའི་ལས་རིགས་འདི་ནི་སྤྱི་ཚོགས་ཀྱི་ཟུང་ཁྲག་འཇིབ་པའི་གདོན་འདྲེ་ལྟ་བུ་རེད། མི་འདི་རིགས་ཀྱིས་ཏང་གི་བཀོད་འདོན་འོག་བདེན་པ་དང་རིན་ཐང་ལ་བརྩིས་མེད་གཏོང་བའི་གནག་ཉེས་འདི་གནམ་ལ་མི་གཤོང་བའི་ཚོད་རེད། ནམ་ཞིག་གི་ཚེས་ན་འཇིག་རྟེན་ལས་བརྒལ་བའི་ཉེས་པ་ཞིག་འཕོག་ངེས། གང་ལྟར་འདི་ལྟ་བུའི་གསར་འགྱུར་གནད་འགག་ཅིག་མཐོང་བ་དགའ་བོ་བྱུང་། རྗེས་མ་དྲ་ནང་དུ་མྱུལ་དུས་གསལ་འདེབས་ཅིག་བྱ་ངེས་རེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    སྒྱུ་རྩལ་པ་་ཨེ་ཝེ་ཝེ་ཡི་བདེན་པ་ཉིད་རྒྱལ་འགྱུར་ཅིག །

    Reply
  4. མྱི་ནག་ཚང་། says:
    ལོ་ 13 སྔོན།

    འདི་ཡང་ཞིབ་ཅིང་ཕྲ་བའི་ཕྱོགས་ངོས་གཞན་ཞིག་རེད། རྒྱ་ནག་གི་དྲ་དམངས་ཀྱིས་འདི་གསལ་བོ་ཤེས་རྒྱུ་གལ་ཆེན་པོ་རེད། ནག་ཉེས་འདི་གསལ་ཁ་བཏོད་པར་ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese