ཁ་སང་ལ་དྭགས་ཏོག་གངས་རིའི་རི་སྟེང་དུ་མར་མེ་སྟོང་མཆོད་སྒྲོན་ཏེ། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་རྗེས་དྲན་མཆོད་འབུལ་གནང་ཡོད་འདུག
ཁ་སང་ཕྱི་ཚེས་ ༣ ཉིན་གྱི་དགོང་མོ་ལ་དྭགས་རྒྱལ་ས་སླེ་རུ་གངས་གཞོན་ཚོགས་པའི་གོ་སྒྲིག་འོག བོད་མི་ ༢༠ ལྷག་གིས་ལ་དྭགས་ཏོག་གངས་རིའི་སྟེང་དུ་མཆོད་མེ་ ༡༠༠༨ མཆོད་རྟེན་གྱི་གཟུགས་སུ་སྒྲིག་བཤོམས་ཀྱིས་སྟོང་མཆོད་ཅིག་སྤར་ཏེ། བོད་བསྟན་སྲིད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་དོན་དུ། རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་བསྔོ་སྨོན་རྗེས་དྲན་གནང་ཡོད་འདུག
གངས་གཞོན་ཚོགས་པའི་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བའི་ནང་། “ བོད་ཕྱི་ནང་གཉིས་ནས་སྐུ་ལུས་མེར་སྒྲོན་པའི་དཔའ་བོ་དཔའ་མོ་ ༩༧ གྱིས། ༸རྒྱལ་བ་ཡིན་བཞིན་ནོར་བུ་མཆོག་རང་དབང་གི་ཐོག་བོད་དུ་ཕྱིར་ལོག་ཕེབས་རྒྱུ་དེ་དགོས་འདུན་གཙོ་བོ་ཡིན་པས། ངེད་ཅག་གངས་གཞོན་ཚོགས་ཆུང་གིས་ཀྱང་ཟུར་ནས་ལྟད་མོ་བལྟས་ནས་མ་བསྡད་པར། རང་ནུས་ཅི་ལྕོགས་ཀྱིས་ཁོང་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད། ལྷག་པར་དུ་འཛམ་གླིང་སྟེང་མི་རིགས་ཚང་མའི་མཁྱེན་རྟོགས་ཡོང་ཆེད། ལ་དྭགས་ཏོག་གངས་རིའི་བར་སྐེད་ནས་བོད་ཟླ་ ༡༠ ཚེས་ ༢༠ དགོང་མོའི་ཆུ་ཚོད་ ༧ དང་ཕྱེད་ཀའི་ཐོག་མེར་མེ་སྟོང་མཆོད་སྦར།” ཅེས་བཀོད་འདུག
གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ལ་དྭགས་ས་གནས་བོད་ཀྱི་གཞོན་ནུས་གོ་སྒྲིག་འོག དེ་གར་ཡོད་པའི་བོད་རིགས་མང་ཚོགས་དང་ས་གནས་ཡུལ་མི་བཅས་མི་མང་འདུ་འཛོམས་གནང་སྟེ། ལྕོག་ལམ་ཟམ་པ་ནས་སྤྱི་ལེ་ ༧ ཙམ་ཡོད་པའི་ཇོ་ཁང་བར་དུ་ཁྲོམ་སྐོར་སྐད་འབོད་ཀྱི་ལས་འགུལ་ཅིག་སྤེལ་ཡོད་པ་དང་། སྐབས་དེར་གངས་གཞོན་ཚོགས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་དང་ཁོང་རྣམ་པའི་མཚན་དང་མེར་བསྲེགས་ཀྱི་གནས་ཚུལ་རྣམས་མི་མང་ཁྲོད་འགྲེམས་བསྒྲགས་བྱས་ཡོད་འདུག
རྩོམ་སྒྲིག་པ་ལགས། ཏོག་གངས་རིར་(མེར་)མེ་སྟོང་མཆོད་ཟེར་བ་དེ་བཅོས་ན་མི་ལེགས་སམ།