མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྙེམས་ཆུང་ཤོས་ཀྱི་མི་ཞིག

བོད་ཀྱི་དུས་བབ།
༢༠༡༣/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

འཇམ་དབྱངས་ནོར་བུས་བརྩམས། བྱམས་པ་ལྷུན་གྲུབ་ཀྱིས་བསྒྱུར།

སྔར་ལོའི་དབྱར་ཁ་ཟླ་བ་ ༦ ཚེས་ ༢༥ ཉིན། ངས་གྲོགས་པོ་རྙིང་པ་བསོད་ནམས་སྟོབས་རྒྱལ་ལགས་མཇལ་བྱུང་། སྐབས་དེར་ཁོང་གི་སྐུ་གཟུགས་སྐྱོ་བོ་ཆགས་འདུག ན་ཚ་སྐྲན་ནད་(Cancer)ཡིན་པ་གཏན་ཁེལ་རེད་འདུག ངས་སྐྲན་ནད་རིགས་ལས་གྲོད་ཁོག་གི་སྐྲན་ནད་མིན་ནམ་སྙམ་ཡང་། ངས་སྐད་ཆ་འདྲི་རྒྱུ་ཚིག་གཅིག་ཀྱང་ཁ་ནས་འདོན་ཐུབ་མ་སོང་། ཁོང་རྫས་རྒྱུད་བརྟག་དཔྱད་མཐའ་མ་དེའི་རྗེས་ནས་སྐུ་གཟུགས་སྔར་བས་སྐྱོ་རུ་ཕྱིན་འདུག་མོད། འོན་ཀྱང་ང་ཐུག་སྐབས་ཁོང་ལ་དགའ་སྣང་སྐྱེས་སོང་། ངེད་གཉིས་དུས་རྒྱུན་བོད་དོན་དང་རང་བཙན་འཐབ་རྩོད་སྐོར་ལ་སྐད་ཆ་ཤོད་ཀྱི་ཡོད་སྟབས། ཉེ་སྔོན་ཨ་རིའི་རྒྱལ་ས་ནེའུ་ཡོག་དུ་ང་ཚོས་རང་བཙན་སྐོར་ལ་གྲོས་བསྡུར་ཞིག་གོ་སྒྲིག་བྱས་པ་དེའི་སྐོར་ཁོང་ལ་བཤད་མགོ་བརྩམས་པ་ཡིན།

ཚོགས་འདུ་དེ་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༡ ཉིན་ཚོགས་པ་རེད། སྐབས་དེར། ལར་ཞེན་ཅན་གྱི་བོད་པ་ཁག་ཅིག་དང་། དེ་བཞིན་ཨ་རི་དང་ཁེ་ན་ཌ། སུད་སི། ཇར་མན། ཉི་ཧོང་། རྒྱ་གར་བཅས་ནས་གྲོགས་པོ་མང་པོ་ཕེབས་ཡོད་ཅིང་། ཁོང་རྣམས་ཀྱིས་རང་ངོས་ནས་ཁས་ལེན་ཐོག་“བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས”ཞེས་པའི་ཆབ་སྲིད་ལས་འགུལ་གསར་པ་ཞིག་མགོ་འཛུགས་རྒྱུའི་ཁས་ལེན་ཐག་གཅོད་གནང་ཡོད། ངས་ཁོང་ལ་ང་ངྷ་སར་ཡོང་དོན་རྒྱུ་མཚན་གཅིག་ནི་རང་བཙན་ཚོགས་འདུ་དེ་འདྲ་གཞན་ཞིག་ཚོགས་ཆེད་ཡོང་བ་དང་། ལྷོ་ཤར་ཨེ་ཤ་ཡ་རྒྱལ་ཡོངས་རང་བཙན་ལྷན་ཚོཊ་ཤིག་ཀྱང་འཛུགས་ཐུབ་རྒྱུའི་རེ་བ་ཡོད་སྐོར་སོགས་ཞུས་པ་ཡིན། དེ་བཞིན། ངས་ཁོང་ཚོགས་འདུ་དེར་བཅར་ཐུབ་མིན་དྲིས་སྐབས་ཁོང་གིས་ངའི་ད་ལྟའི་གཟུགས་པོའི་གནས་སྟངས་འདིའི་དབང་གིས་ཚོགས་འདུར་བཅར་ཏེ་ཞབས་འདེགས་གང་ཡང་ཞུ་ཐུབ་མདོག་ཁ་བོ་མ་རེད་དེ། གལ་ཏེ་ཚོགས་ཞུགས་བྱས་ནས་ཕན་ཐོགས་འདྲ་ཡོད་གི་བསམ་ན་ང་ཡོང་ངེས་ཡིན་ཞེས་གསུངས་བྱུང་།

ཚོགས་འདུ་དེ་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༧ ཉིན་ངྷ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་གསར་པའི་ནང་འཚོགས་པ་རེད། སྐབས་དེར་ཚོགས་བཅར་བ་ལྔ་བཅུ་ལྷག་ཕེབས་ཡོད། དེའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་འཐུས་མི་ ༡༠ དང་མཁས་དབང་ཁག རྩོམ་པ་པོ། ཉམས་ཞིབ་པ། ལས་འགུལ་བ། འབུམ་རམས་པ་གཅིག རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་། རང་བཙན་ལས་འགུལ་བ་ཤིང་བཟའ་རིན་པོ་ཆེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་མགོ་ཁྲིད་གཙོ་བོ་ཁག་ཅིག་བཅས་ཞུགས་ཡོད།

ཉིན་དེར་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་གསུང་བཤད་གནང་སྐབས། ཁོས་ཆེས་ནན་ཏན་གྱིས་བོད་རང་བཙན་འཐབ་རྩོད་ཐོག་ངེས་བར་བསྐྱར་ཞིབ་བྱེད་དགོས་སྐོར་གསུངས་སོང་། ཁོས་ “ང་འདི་གར་ཚོགས་བཅར་བ་རྣམ་པ་ལྷན་རྒྱས་ལྟ་བུའི་རང་བཙན་འཐབ་རྩོད་པ་ཅིག་ནམ་ཡང་བྱས་མྱོང་མེད། འོན་ཀྱང་ང་ག་དུས་ཡིན་ཡང་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། ངས་འདིར་ལྷན་རྒྱས་ཚོར་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། གཙོ་བོ་དེ་ང་ཚོས་རྒྱལ་ཁབ་བོད་རང་བཙན་གྱི་མངོན་འདོད་དེའི་ཐོག་ལ་ངེས་པར་དུ་བསྐྱར་ཞིབ་བྱེད་དགོས་ཀྱི་འདུག་ཅེས་པ་དེ་ཡིན།”ཞེས་གསུངས་སོང་། སྐབས་དེར་ཁོང་གི་སྐུ་གཟུགས་ཧ་ཅང་སྐྱོ་བོ་ཆགས་ཡོད་སྟབས། ཞོགས་པ་ཚོགས་ཐེངས་དང་པོ་དེ་གྲོལ་རྗེས་ཚོགས་འདུ་ནས་འཐོན་དགོས་བྱུང་སོང་ལ། ངས་ཁོང་ལ་རླངས་འཁོར་སྒུག་པར་ཕྱག་རོགས་ཞུས་པ་ཡིན། ཁོང་མ་འཐོན་གོང་ལ་ངས་ཁོང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་བཞག་བྱས་ཏེ། ཚོགས་པའི་མཚན་རྟགས་“འཇམ་པའི་དབྱངས་ཀྱི་རལ་གྲི་མེར་འབར་བ་” དེ་ཁོང་གི་སྟོད་ཐུང་ལ་འཇུ་ཁབ་བརྒྱུས་ཏེ་བཏགས་པ་ཡིན། ཉིན་དེའི་རྗེས་ནས་བཟུང་ངས་ཁོང་གཏན་ནས་མཇལ་མ་བྱུང་།

གལ་ཏེ་ངའི་དྲན་པ་ནོར་མེད་ན། ངས་ཁོང་ཐོག་མར་ཕྱི་ལོ་ ༡༩༦༩ ཟླ་ ༣ ཚེས་ ༥ ཉིན་ངྷ་ས་མེག་ལོར་གྷན་ཇི་ནས་མཇལ་བྱུང་། དེའི་སྔ་ལོ་དེར་ང་མོན་གྷོ་ས་གནས་མཉམ་འབྲེལ་བཟོ་ལས་ཁང་དུ་གཞིས་ཆགས་ཀྱི་རྨོད་འཁོར་(tractors)ལས་རིགས་ཀྱི་མགོ་བྱེད་གྱི་ལས་ཀ་བྱེད་ཀྱིན་ཡོད། འོན་ཀྱང་དེའི་རྗེས་ངྷ་རམ་ས་ལར་ལས་ཀར་བཀུག་ཏེ་ཤེས་བྱ་ཞེས་པའི་དུས་དེབ་གསར་པ་དེ་འདོན་སྤེལ་གྱི་ལས་རོགས་སུ་གྱུར། དུས་དེབ་དེ་ནི་བསྟན་འཛིན་བཀྲས་མཐོང་དང་བསྟན་འཛིན་དགེ་བྱེད་གཉིས་ཀྱིས་དཔར་སྐྲུན་ཞུ་བཞིན་ཡོད་ལ། བསོད་ནམས་སྟོབས་རྒྱལ་ལགས་ནི་དེབ་དེའི་རྩོམ་སྒྲིག་འགན་འཛིན་རྒན་པ་རེད། དུས་དེབ་དེ་སྤྲོ་སེམས་འཁོལ་བའི་ཐོན་གསར་གྱི་དཔེ་སྐྲུན་ཞིག་ཡིན། དེའི་ནང་སྐབས་བབ་ཀྱི་གསར་འགྱུར་ཁག་འགོད་ཀྱི་ཡོད་པ་མ་ཟད། ད་དུང་ཚན་རིག་དང་ལོ་རྒྱུས་སོགས་སྤྱིར་བཏང་གི་ཤེས་བྱ་དང་། མི་སྣ་སྙན་གྲགས་ཅན་དག་གི་ལོ་རྒྱུས་སྙིང་བསྡུས་སོགས་ཀྱང་ཡོད། དེ་ནི་བོད་པའི་སྤྱི་ཚོགས་དེང་རབས་ཅན་དུ་བསྒྱུར་བའི་བློ་གསལ་གྱི་ཐབས་ཇུས་ཤིག་ཆགས་ཡོད་ལ། མང་ཚོགས་ཁྲོད་དར་ཁྱབ་ཧ་ཅང་ཆེན་པོ་ཕྱིན་ཡོད།

སྐབས་དེ་དུས་བོད་མི་ཚང་མའི་སེམས་ལ་རང་བཙན་ཤོར་བའི་ཕམ་ཁ་དེའི་ཚོར་ཤུགས་སོས་པ་རྣོན་པོ་རེ་ཡོད་ལ། ད་དུང་ “ཆོས་དད་རང་མོས”ཀྱི་ལྟ་བ་མཁྲེགས་འཛིན་པ་ཚོའི་ཁྲོད་ནས་ཀྱང་། གལ་ཏེ་ང་ཚོ་རྒྱལ་ཁབ་ཅིག་གི་ངོ་བོར་གནས་དགོས་ཀྱི་ཡོད་ན། དོན་དམ་པར་ང་རང་ཚོའི་སྤྱི་ཚོགས་དེ་དམངས་གཙོ་དང་དེང་རབས་ཅན་དུ་བསྒྱུར་དགོས་ཞེས་བཤད་པའི་ཆོད་སེམས་བརྟན་པོར་གནས་ཡོད། གནད་དོན་འདིའི་སྐོར་ལ་ངས་དེ་སྔོན་རྩོམ་ཡིག་ཁག་ཅིག་གི་ནང་གསལ་བོར་བཀོད་ཡོད། སྐབས་དེའི་བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་ཁོར་ཡུག་དེ་དང་། དུས་རབས་ཉི་ཤུའི་ནང་རྒྱ་ནག་གིས་“སྐུ་ཞབས་དམངས་གཙོ་དང་ལྕམ་ཚན་རིག་”ཅེས་ཆེ་བསྟོད་བྱས་པ། དེ་དུས་རྒྱ་ནག་གི་གསར་བརྗེ་བ་ཁྲིན་ཏོ་ཤིག་གིས་ནན་ཏན་གྱིས་ “དམངས་གཙོ་དང་ཚན་རིག་གཉིས་ནི་རྒྱ་ནག་དེ་ཆབ་སྲིད་དང་། ཀུན་སྤྱོད། གཙུག་ལག་ཤེས་བྱ། ཤེས་ཪབ་ཀྱི་མུན་པ་བཅས་ལས་སྐྱོབ་མཁན་གྱི་མི་བཟང་གཉིས་པོ་དེ་རེད།”ཟེར་བ་སོགས་ཀྱི་གནས་སྟངས་དང་མཚུངས་བསྡུར་བྱས་ཡོད།

ལོ་ཡུན་རིང་པོའི་བར་དུ་ཤེས་བྱ་དུས་དེབ་དེ་སྣུམ་པར་འཕྲུལ་འཁོར་རྙིང་པ་ཞིག་བེད་སྤྱོད་བཏང་སྟེ་དཔར་རྒྱག་པ་སོགས་ལས་ཀ་ཙག་ཙིག་མི་ཉུང་བ་ཞིག་ཡོད། ང་ཤེས་བྱ་དུས་དེབ་ཁང་དུ་རྒྱུན་རིང་པོར་བསྡད་མེད། སྐབས་དེར་བོད་གཞུང་ཟློས་གར་ཚོགས་པར་གནས་བབ་གཉན་འཕྲང་གི་དཀའ་ངལ་གཅིག་འཕྲད་ཀྱི་ཡོད་སྟབས། ང་ལ་ཚོགས་པ་དེ་བསྐྱར་བཅོས་ཆེད་ལས་ཀ་བྱེད་དགོས་སྐོར་གསུངས་བྱུང་། འོན་ཀྱང་དེ་ནི་ལོ་རྒྱུས་གཞན་ཞིག་རེད།

ང་ཚོ་དབྱིན་ཡིག་ཐོག་དང་བླངས་ལས་མི་ཕལ་ཆེ་བ་ཟླ་བ་གཅིག་ལ་ཐེངས་གཅིག་(གམ་ཟླ་ཕྱེད་)རེ་སྐད་གཏོང་གི་རེད་ལ། དེ་དུས་ང་ཚོ་ཤེས་བྱ་ལས་ཁུངས་ནང་འཛོམས་ནས་དུས་དེབ་གསར་ཤོས་དེ་འདོན་སྤེལ་ཆེད། ལྟེབ་བརྩེགས་རྒྱག་རྒྱུ་དང་དོ་པོ་བཟོ་རྒྱུ་སོགས་ལ་རོགས་པ་བྱེད་དགོས། ལས་ཀ་བྱེད་དུས་འཛིན་སྐྱོང་གིས་ང་ཚོར་ཇ་དང་བག་ལེབ་སྤྲོད་ཀྱི་ཡོད། འོན་ཀྱང་བྱ་དགའ་དངོས་གནས་དེ་ང་ཚོ་ཕན་ཚུན་སྐད་ཆ་དང་མཚར་གཏམ་བཤད་རེས་བྱས་ནས་འདུག་རྒྱུ་དེ་ཡིན་ལ། དེས་ཉིན་རྒྱབ་ཕྱི་བོའི་བར་ལུས་ཀྱི་ཡོད།

དེའི་ཕྱི་ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཙུགས་པ་རེད། དུས་དེ་ནས་བཟུང་བཟུང་ང་བསོད་ནམས་སྟོབས་རྒྱལ་ལགས་དང་མཉམ་གཤིབ་ཀྱི་དུས་ཚོད་ཇེ་རིང་དུ་སོང་། ཁོང་ནི་བསྟན་འཛིན་བཀྲས་མཐོང་དང་རྒྱ་རི་བློ་གྲོས། བསྟན་འཛིན་དགེ་བྱེད་རྣམས་དང་ལྷན་དུ་ཚོགས་པ་དེ་དབུ་བརྙེས་མཁན་གྲས་རེད། ང་དེ་དུས་ལྷན་ཚོགས་ཐེངས་དང་པོ་གོ་སྒྲིག་ཆེད་ཕྱག་རོགས་བྱེད་མཁན་ཚོགས་ཆུང་འགན་འཛིན་ཡིན། རྗེས་སུ་སྟོབས་རྒྱལ་ལགས་དང་ངེད་གཉིས་ལ་རོགས་པ་གཞན་ལྔ་དང་མཉམ་དུ་དབུས་འཛིན་སྐྱོང་སྡེ་ཚན་ནང་དུ་བདམས་ཐོན་བྱུང་སྟེ། ང་ཚོས་ལོ་མང་རིང་མཉམ་ལས་བྱས་པ་ཡིན།

སྟོབས་རྒྱལ་ལགས་ང་ཚོའི་ནང་ནས་ལོ་རྒན་ཤོས་དེ་རེད། ཁོང་ནི་ཕྱི་ལོ་ ༡༩༤༡ ལོར་ཁམས་བྲག་གཡབ་ཏུ་མཛེས་བཅུ་ཚང་ཞེས་པའི་ནང་དུ་འཁྲུངས་པ་རེད། འོན་ཀྱང་ཁོང་གིས་མི་ཚང་དེའི་མིང་ཕལ་ཆེར་བེད་སྤྱོད་གཏོང་གི་མ་རེད། ཁོང་འབྲས་སྤུངས་དགོན་པའི་གྲྭ་པ་བྱས་མྱོང་ཡོད་ལ། ཕྱིས་སུ་བཙན་བྱོལ་ནང་ཝཱ་རཱ་ཎ་སཱིར་སློབ་གཉེར་བྱས་ཏེ་སློབ་ཚན་རྣམས་ལས་ཧིན་རྡུའི་ཐོག་སློབ་དཔོན་ཐོན་ཡོད། ཁོང་གིས་དུས་རྒྱུན་ཧིན་རྡུ་གསར་ཤོག་ནབ་བྷཱརཏ་ཊམས་(Navbharat Times)དང་། བདུན་རེའི་ཆབ་སྲིད་དུས་དེབ་དིན་ཨམན་(Dinaman)གཉིས་མངགས་ཏེ་གཟིགས་ཀྱི་ཡོད་ལ། ལྷག་པར་དུ་རྒྱལ་སྤྱིའི་གསར་འགྱུར་དང་རྒྱ་གར་ནང་གི་ཆབ་སྲིད་འཕོ་འགྱུར་སྐོར་ལ་ཐུགས་སྣང་ཆེན་པོ་གནང་གི་རེད།

སྟོབས་རྒྱལ་ལགས་འཛིན་སྐྱོང་སྡེ་ཚན་ནང་ཡོད་སྟབས་ང་ཧ་ཅང་དགའ་བོ་བྱུང་། སྡེ་ཚན་དེའི་རྒྱུན་ལས་ཚོའི་ནང་ནས་ང་ལོ་གཞོན་ཤོས་ཡིན། ག་དུས་ཡིན་ཡང་ང་རོགས་པ་གཞན་པ་ཚོའི་མཉམ་དུ་རྩོད་གླེང་བྱེད་ཀྱི་ཡོད་པ་དང་། སྟོབས་རྒྱལ་ལགས་ཀྱིས་ནམ་རྒྱུན་ངའི་ལྟ་ཚུལ་ལ་མོས་མཐུན་བྱེད་ཀྱི་མེད། འོན་ཀྱང་ཁོས་རང་ཉིད་ཀྱི་ལངས་ཕྱོགས་མཁྲེགས་འཛིན་མི་བྱེད་པར་ངའི་ལྟ་ཚུལ་བཤད་པར་གདེང་འཇོག་བྱེད་ཀྱི་ཡོད། ཁོང་ནི་གནད་དོན་གང་འདྲ་ཞིག་གི་ཐོག་ལའང་ཕྱོགས་ལྷུང་མེད་མཁན་ཞིག་ཡིན་ལ། ཁོང་གིས་ངང་རྒྱུད་རིང་པོའི་ཐོག་ནས་ཕྱག་རོགས་གནང་བའི་ཉེར་ལེན་གྱིས་གཞོན་ནུ་ལྷན་ཚོགས་དེ་གཉན་འཕྲང་གི་གནས་སྐབས་སུ་སླེབས་ཀྱང་། རྨང་གཞི་སྲ་བརྟན་ཡོང་བར་ཞབས་འདེགས་ཆེན་པོ་བསྒྲུབས་ཡོད། དེས་མ་ཚད་སྐབས་རེར་ལས་དོན་གྱི་ཆེད་དུ་ཁོང་སྐད་གཏོང་སྐབས། གནད་དོན་ཁག་པོ་དེ་འདྲ་གདམ་ཀ་བྱེད་རྒྱུ་དང་། ཐག་གཅོད་དཀའ་བ་དེ་རིགས་ལ་རྒྱབ་སྐྱོར་གྱི་ཆེད་དུ་ཁོང་ལ་ཡིད་ཆེས་བློ་ཁེལ་བྱེད་ཆོག་གི་ཡོད།

ཁོང་ཤེས་བྱ་ལས་ཁུངས་དང་དེ་རྗེས་དྲིལ་བསྒྲགས་དྲུང་ཆེ་དང་བཀའ་དྲུང་ལས་འཕར། རིམ་པའི་བཀའ་བློན་ཆགས་སྟབས་ལས་རོགས་ཚང་མས་ཁོང་མི་ལྷག་བསམ་རྣམ་དག་དང་། འགྲོགས་འདྲིས་བདེ་བའི་མགོ་ཁྲིད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཁོང་ཚོ་དང་དེ་བཞིན་གངས་ཅན་སྐྱིད་གཤོངས་ཀྱི་མི་ཚང་མས་ཁོང་འཛིན་སྐྱོང་ནང་གི་ལས་བྱེད་སྙེམས་ཆུང་ཤོས་དང་མི་གཞི་བརྟན་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།

ནམ་ཡིན་ཡང་ཁོང་གི་དབུ་སྐྲ་ཟ་ངེ་ཟེང་ངེར་ཆགས་སྡོད་ཡོད་ཀྱང་། ཁོས་རྒྱུག་ཤད་བརྒྱབ་ནས་བཟོ་ལྟ་དོད་དགོས་པ་དེ་འདྲར་སེམས་ཁུར་གང་ཡང་བྱེད་གི་མ་རེད། དེས་མ་ཚད་ཁོང་ལས་ཁུངས་སུ་སླེབས་སྐབས་ཨོམ་སུག་སྔོན་པོ་ཞིག་དང་དམར་པོ་ཞིག་ལྟ་བུའི་ཆ་མིན་ཡ་མིན་དེ་འདྲ་གྱོན་ནས་ཡོང་གི་ཡོད་པ་ཡོངས་གྲགས་ལྟ་བུ་ཡིན་ཡང་། དེ་ལ་ཁོང་རང་གིས་སྣང་དོགས་ཁྱོན་ནས་མི་གནང་། རྗེས་མ་བཀའ་བློན་ཆགས་སྐབས་ཀྱང་ཁོང་གིས་གངས་སྐྱིད་ཀྱི་ཁ་ལོ་བ་ཚོའི་མཉམ་དུ་ཤོ་རྩེད་རྒྱུའི་གོ་སྐབས་ཨེ་རག་ལྟ་གི་རེད། དེ་ལྟར་མི་ཚེ་གཅིག་ལ་ཞབས་འདེགས་ཞུས་ཏེ་མཐར་བཀའ་བློན་ཁྲི་པ་ཆགས་པ་རེད་ལ། སྐབས་དེར་ཁོང་གིས་འདས་པའི་གནད་དོན་དག་དོར་དགོས་བྱུང་ཡོད་མེད་ངས་མི་ཤེས་མོད། འོན་ཀྱང་ང་ལ་དོགས་པ་མི་འདུག

དེ་ལྟར་ན་ཡང་། ཁོང་མགོ་ཁྲིད་ཅིག་ཏུ་གྱུར་པ་དེ་ནི་ཁོང་གི་དྲང་བདེན་དང་འདྲ་མཉམ་གྱི་ལྟ་ཚུལ་གཅིག་པུས་མིན་པར། ཁོས་རྒྱུན་དུ་མི་གཞན་པའི་བསམ་ཚུལ་ལ་གསན་འཇོག་བྱེད་པ་དང་། སོ་སོའི་ལས་དོན་དང་འབྲེལ་བའི་གནས་ཚུལ་ཡོངས་རྫོགས་ཤེས་པར་བྱེད་མཁན་ཞིག་ཡིན། སྤྱི་ཚོགས་ཤིག་གི་ནང་དུ་སྲིད་དོན་པ་ཕལ་ཆེ་བ་གོ་རྟོགས་མེད་མཁན་དང་སློབ་གསོ་མི་གོ་མཁན། མ་རྩ་རིང་ལུགས་པ་ལ་རྒྱབ་སྐྱོར་དང་སྟོང་བཤད་མཁས་པ་སོགས་འདྲ་མིན་ཡོད་ཀྱང་། སྟོབས་རྒྱལ་ལགས་ནི་རིགས་དང་མི་འདྲ་བར་ཐུན་མོངས་མ་ཡིན་པའི་ཁྱད་ཆོས་ཡོད་མཁན་ཞིག་ཡིན།

རྒྱུ་མཚན་ནི་ཁོང་གིས་བོད་ནས་གསར་དུ་འབྱོར་མཁན་ཚོར་ངང་རྒྱུད་རིང་པོ་དང་དོ་སྣང་ཆེན་པོས་ལྟ་རྟོག་ཡོད། དེར་མ་ཟད་ཁོང་ནི་གངས་སྐྱིད་ཁོར་ཡུག་ཁྲོད་དུ་བོད་ནང་དང་། འཛིན་སྐྱོང་། སྲིད་དོན་ཚོགས་པ། དེ་བཞིན་མི་སྒེར་སོགས་ཀྱི་གནས་ཚུལ་ཐོག་མཁྱེན་རྒྱ་ཆེ་ཤོས་དེ་ཡིན། དེ་བཞིན། ཁོང་ནི་རང་རིགས་ཀྱི་ལོ་རྒྱུས་དང་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་འཛུགས་སོགས་ཀྱི་སྐོར་ལ་ཆ་རྒྱུས་གཏིང་ཟབ་ཡོད་མཁན་ཞིག་ཀྱང་རེད། ངའི་ཚོར་སྣང་ལ་། ཁོང་རྗེས་སུ་བཀའ་ཁྲི་ཆགས་དུས་སྐབས། ཁོང་གི་ཤེས་འཇོན་དང་ཤ་ཞེན། ཁ་ཞེ་གཉིས་མེད། བདེན་པ་སྨྲ་བར་འཇིགས་པ་མེད་པའི་སྙིང་སྟོབས་དེ་དག་གིས་༧གོང་ས་མཆོག་ལ་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་པ་པ་རེད་དྲན་ཡོད།  

ཁོང་དབུ་མའི་ལམ་གྱི་སྲིད་བྱུས་དང་ལངས་ཕྱོགས་འཛིན་མཁན་གྱི་འཛིན་སྐྱོང་ཞིག་གི་ནང་ཕྱག་ལས་གནང་གི་ཡོད་ཀྱང་། ཁོའི་རྗེས་ཀྱི་སྲིད་སྐྱོང་ཚོས་གནང་བ་ལྟ་བུ་མིན་པར་ཁོང་གིས་ནམ་ཡང་རྒྱ་ནག་གིས་བོད་དབང་བསྒྱུར་ལ་མོས་མཐུན་གཏམ་བཤད་དང་། བོད་ནང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་སོགས་ཡར་རྒྱས་ལ་ཁ་གཡར་བའི་ལས་གཞི་དེ་དག་ཐོག་བསྔགས་བརྗོད་ཞུས་མྱོང་མེད། ད་དུང་ཁོང་བཀའ་ཁྲི་ཡིན་སྐབས་ང་དང་གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་རྩོད་ལེན་པ་གཞན་རྣམས་ལ་སྐུལ་མ་བྱས་ཏེ་རྒྱབ་སྐྱོར་གནང་བ་མ་གཏོགས། རང་བཙན་ཕྱོགས་འཛིན་པ་ཚོར་རྒྱབ་འགལ་གྱི་གཏམ་བཤད་ཐེངས་གཅིག་ཀྱང་གནང་མྱོང་མེད།

ཁོང་གིས་རྒྱ་ནག་དང་དོན་ངོ་མའི་གྲོས་མོལ་ཞིག་ཡོང་བར་ཁོང་ཚོར་གནོད་ཤུགས་སྤྲོད་རྒྱུ་དེ་ཐབས་ལམ་ཉག་ཅིག་ཏུ་ཡིད་ཆེས་དང་། རང་བཙན་ཕྱོགས་འཛིན་པ་ཚོ་ནི་དེ་འདྲའི་གནོན་ཤུགས་ཀྱི་འབྱུང་ཁུངས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ངས་ཁོང་གི་ལྟ་ཚུལ་འདི་ལ་མོས་མཐུན་བྱེད་ཀྱི་མེད་ཀྱང་ཁོང་གི་དེ་ལའང་གནད་འགག་ཅིག་ཡོད་སྲིད།  མཐར་བོད་རྒྱ་འབྲེལ་མོལ་མང་པོ་གནང་སྟེ་ལེགས་འགྲུབ་མ་བྱུང་བའི་སྐབས་ལ། སྟོབས་རྒྱལ་ལགས་ཀྱིས་མང་ཚོགས་ལ་ང་ཚོས་རང་བཙན་གྱི་ལངས་ཕྱོགས་དེ་གཏན་ནས་འདོར་མི་རུང་ཞེས་བསྒྲགས་གཏམ་སྤེལ་ཡོད། ད་དུང་ང་ཚོས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་ལན་མང་བགྲོ་གླེང་བྱེད་སྐབས། ཁོང་གིས་གནད་དོན་དེ་ནན་གཏན་གྱིས་བསྐྱར་བཤད་གནང་གི་འདུག ཁོང་ནི་ལར་ཞེན་ཆེ་ལ། དྲང་བདེན་དང་སྙིང་སྟོབས་ལྡན་པའི་གཞུང་གི་ལས་སྣེ་ཞིག་རེད།

དེ་ལྟར་མཐར། སིོཌ་བྷ་རི་(Sidhbari)ཞེས་པའི་ས་གནས་དེར་ཁོང་གི་བཞུགས་ཤག་ཡོད་སྟབས། ཁོང་མ་གྲོངས་སྔོན་གྱི་ཉི་མ་ཁ་ཤས་གོང་ལ་ང་ཚོའི་གྲོགས་པོ་ཞིག་ས་གནས་དེར་ཁོང་ལ་ཐུག་འཕྲད་དུ་ཕྱིན་པ་རེད། སྐབས་དེར་སྟོབས་རྒྱལ་ལགས་ཀྱིས་ང་ཚོའི་གྲོགས་པོ་དེར་ཁོང་ལ་གཟེར་ཟུག་ཆེན་པོ་འདུག་ཀྱང་འཆི་བར་འཇིགས་སྐྲག་གང་ཡང་མི་འདུག་ཅེས་བཤད་འདུག མཐའ་མཇུག ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣༠ ཉིན་ཁོང་སྐུ་གཤེགས་པ་རེད།

མ་རྩོམ། http://www.phayul.com/news/article.aspx?c=4&t=1&id=32893&article=A+MOST+UNASSUMING+MAN+by+Jamyang+Norbu

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༣ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༣ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༣ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༤ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 2

  1. ཟླ་བ་བསོད་ནམས། says:
    ལོ་ 13 སྔོན།

    ཡིག་བསྒྱུར་མཁན་ལ་ཡང་ཁྱད་ཆོས་ཕུན་སུམ་ཚོགས་པོ་འདུག་ན། དགའ་གུས་ངང་ཐུགས་རྗེ་ཆེ་ཞུ་བའོ།

    Reply
  2. ཟླ་བ་བསོད་ནམས། says:
    ལོ་ 13 སྔོན།

    བདེན་པ་བདེན་རྐྱང་ཡིན། བཀའ་བློན་ཁྲི་ཟུར་འདས་བོ་སྟོབས་རྒྱལ་ཁོང་ནི་གཞུང་དྲང་བརྟན་པོ། ཤ་ཚ་མོ། བོད་མི་མང་ལ་བཀའ་དྲིན་ཤིན་ཏུ་ཆེའོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese