བསོད་ནམས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། སྔར་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༣ ཚེས ༡༥ ཉིན་བོད་མདོ་སྨད་མཚོ་སྔོན་མཚོ་ལྷོ་འབའ་རྫོང་དུ་འབའ་ཤིང་ཁྲི་དགོན་པའི་དགེ་འདུན་པ་གཙོས་པའི་སེར་སྐྱ་མི་མང་གིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱེད་སྐབས། རྒྱ་གཞུང་ཉེན་རྟོག་པ་དང་དམག་མིས་བོད་མི་སེར་སྐྱ་མང་པོ་འཛིན་བཟུང་དང་། མང་ཚོགས་ཁྲོད་འགད་རྫས་གཡུགས་པ་དང་གང་བྱུང་གཅར་རྡུང་བྱས་ཏེ་བོད་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་ཡོད་པ་ལྟར། སྐབས་དེར་འབར་རྫས་གཡུགས་ཏེ་མགོར་རྨས་སྐྱོན་ཚབས་ཆེན་ཕོག་པའི་བོད་མི་རྒྱ་རིགས་ཐར་ལགས་གསོན་པའི་རེ་བ་མེད་ཀྱང་། ཁོང་གི་ནང་མིས་ཟླ་ ༩ ལྷག་གི་རིང་སྨན་ཁང་མང་པོར་འཁྲིད་དེ་མྱུར་སྐྱོབ་སྨན་བཅོས་དང་ཀླད་པ་ཐེངས་གསུམ་ཙམ་ལ་གཤག་བཅོས་བྱས་ཡོད་ཀྱང་དྲག་སྐྱེད་མ་བྱུང་བར། སྔར་ལོའི་ཕྱི་ཟླ་ ༡༡ ཚེས་ ༣༠ ཧོར་ཟླ་ ༡༠ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཟི་ལིང་སྨན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་འདུག་ལ། ཁོང་འདས་གྲོངས་སུ་གྱུར་རྗེས་འབའ་ཤིང་ཁྲི་དགོན་པའི་དགེ་འདུན་པ་གཙོས་སེར་སྐྱ་མི་མང་བརྒྱ་ཕྲག་བརྒལ་བ་འཛོམས་ཏེ་འདས་མཆོད་བསྒྲུབས་ཡོད་འདུག
རང་ལོ་ ༣༥ ཡིན་པའི་རྒྱ་རིགས་ཐར་ལགས་ནི། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་དགོན་གོང་མ་སྟག་སྐོར་སྡེ་བ་ནས་ཡིན་ཞིང་། ཕ་མིང་ལ་མགོན་པོ་དང་མ་མིང་ལ་ཚེ་རིང་མཚོ་ཞུ་འབོད་ཀྱི་ཡོད་འདུག ཁོང་གི་བཟའ་ཟླའི་མིང་ལ་ལྕགས་སྒྲོན་འབོད་པ་དང་། ཁོང་གཉིས་ལ་རང་ལོ་ ༡༣ ཡིན་པའི་ལྕགས་ཐར་དང་། རང་ལོ་ ༡༠ ཡིན་པའི་སྟག་ལྷ་ཚེ་རིང་བཅས་བུ་གཉིས་ཡོད་འདུག
གསར་འགོད་པ། དོན་གོ
དྲ་ལམ་འདི་ན་གོང་གི་གསར་འགྱུར་འདིའི་སྐོར་ཞིག་ཡོད།
http://www.khabdha.org/?s=%E0%BD%A0%E0%BD%96%E0%BD%A0%E0%BC%8B%E0%BD%A2%E0%BE%AB%E0%BD%BC%E0%BD%84&x=54&y=13