གནས་ཚུལ་འབྱོར་གསལ་ལ། ཧོར་ཟླ་ ༡ ཚེས་ ༡ ཉིན་ནི་ཨ་མདོ་ཧྲིལ་བོ་དང་ཆོལ་ཁ་གཞན་གྱི་ས་གནས་འགའ་རེའི་ལོ་གསར་ཚེས་གཅིག་ལ་ཁེལ་ཡོད་སྟབས། ཉིན་དེར་ཁམས་ཡུལ་ཤུལ་སྐྱེ་རྒུ་མདོ་ཁྲི་འདུ་རྫོང་ཉ་མཚོ་ཟིལ་དཀར་དགོན་གྱི་གྲྭ་མང་ཚོས། བོད་མི་རིགས་དང་རྒྱལ་ཁབ་ཆེད་སྐུ་སྲོག་ཤོར་ཟིན་པ་དག་དང་། རྒྱ་ནག་གི་བཙོན་འོག་ན་མནར་གཅོད་མྱངས་དང་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་བསྔོ་སྨོན་གསུངས་ཏེ་གདུང་སེམས་མཉམ་སྐྱེད་གནང་ཡོད་འདུག
ཉིན་དེའི་ཞོགས་པར་གྲྭ་མང་ཡོངས་ཚོགས་ཚོགས་ཏེ་སྐྱབས་འཇུག་ཞུས་བ་དང་། དེའི་རྗེས་མི་མང་ཕོན་ཆེན་འདུ་འཛོམ་བྱུང་སྟེ་བསང་གསོལ་གཏོང་བ་དང་རླུང་རྟ་གཏོར་བ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡོད་འདུག