མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་དང་རིག་གཞུང་བརླག་ན་བོད་པས་རང་བཙན་རྩོད་ཀྱི་མ་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་བསྐྱར་ནན་བསྒྲགས་གཏམ་སྤེལ་ཏེ་ལོ་ངོ་བརྒྱ་འཁོར་ལ་ཉེ་བའི་སྐབས་དང་བསྟུན་ཏེ། གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་དཔར་སྐྲུན་འགན་འཛིན་ག་སངས་རྒྱས་བསྟན་དར་ལགས་སུ་ཡིག་ཐོག་གི་དགོངས་ཚུལ་དྲིས་ཡོད།

དྲི་བ། ད་ལོའི་ཕྱི་ཟླ་ ༢ ཚེས་ ༡༣ ཉིན་མོ་ནི་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་ཁྱབ་བསྒྲགས་བྱས་ཏེ་མི་ལོ་ ༡༠༠ ཏག་ཏག་འཁོར་བའི་དུས་དྲན་ཉིན་མོ་ཆཊ་ཡོད་སྟབས། སྐུ་ཉིད་ཀྱིས་ཉིན་མོ་དེ་བོད་ཀྱི་ལོ་རྒྱུས་ཐོག་གལ་གནད་ཆེ་ཆུང་གང་འདྲ་ཞིག་ཏུ་གཟིཊ་ཀྱི་ཡོད་དམ།

ལན། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་དུད་འགྲོ་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་ཤིན་ཏུ་མང་པོ་ཞིག་ཡོད་པའི་དཀྱིལ་ནས་གལ་གནད་ཤིན་ཏུ་ཆེ་བ་ཞིག་ནི་རང་དབང་གི་སྒོ་ནས་མི་ཚེ་སྐྱེལ་རྒྱུ་དེ་ཡིན་ཅིང་། ཆབ་སྲིད་ཀྱི་གཞུང་ལུགས་འགའ་ཞིག་གི་ནང་དུ་ཚེ་སྲོག་ཚུལ་བཞིན་གནས་པར་ཟས་གོས་གལ་ཆེན་ཡིན་པ་མ་ཟད། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་རང་དབང་ཡོད་དགོས་པ་ཞིག་ལ་ངོས་འཛིན་བྱེད་པ་ཡིན། དེར་བརྟེན་གནའ་དུས་བོད་ནི་ཕྱིའི་རྒྱལ་ཁབ་གང་གི་ཡང་མངའ་ཁོངས་སུ་གཏོགས་ཀྱི་མེད་པར་མ་ཟད། དཀྱིལ་ཤར་ཨེ་ཤ་ཡའི་ནང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་ཡོད། འོན་ཀྱང་བོད་སིལ་བུར་ཐོར་བའི་རྗེས་སུ་ས་སྐྱ་དང་། ཕག་གྲུ རིན་སྤུངས། གཙང་པ་སྡེ་སྲིད་རིམ་ཅན་གྱི་སྐབས་བོད་དེ་དངོས་སུ་ཕྱིའི་རྒྱལ་ཁབ་ཀྱི་དབང་དུ་སོང་མེད་ཀྱང་། དོན་དུ་གཞན་ལ་རྩ་བ་ནས་ལྟོས་མི་དགོས་པའི་རང་དབང་བ་ཞིག་གི་ཚུལ་དུའང་གནས་ཐུབ་མེད། དེ་ནས་ ༡༦༤༢ ལོར་དགའ་ལྡན་ཕོ་བྲང་ཆོས་སྲིད་གཉིས་ལྡན་གྱི་གཞུང་དབུ་བརྙེས་པ་དང་ཆབས་ཅིག་སླར་ཡང་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་རྒྱལ་ཁབ་དེ་ཕྱིའི་ལུང་པ་གང་གི་ཡང་དབང་དུ་ཤོར་མེད་ཅིང་། འོན་ཀྱང་རིང་བོ་མ་སོང་བར་རྒྱ་ནག་གིས་སྔོན་གྱི་ལོ་རྒྱུས་སུ་བདེན་དཔང་ཐུབ་པའི་མཆོད་ཡོན་གྱི་འབྲེལ་བར་ལོག་འགྲེལ་སྣ་ཚོགས་དང་། བོད་ས་ཟ་སེམས་ཀྱིས་དངོས་དང་ཤུགས་ཀྱིས་བོད་པར་མགོ་བོ་རྨོངས་སུ་བཅུག་སྟེ། འཛམ་གླིང་གི་རྒྱལ་ཁབ་གཞན་ཚོས་བོད་ཟེར་ན་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཤག་བྱེད་པའི་གནས་སྟངས་ཡ་ང་བ་ཞིག་ཀྱང་བྱུང་ཡོད། མདོར་ན་བོད་དེ་ཕྱིའི་རྒྱལ་ཁབ་གང་གི་ཡང་ཁོངས་སུ་གཏོགས་པ་མིན་ཀྱང་དེ་ཉིད་འཛམ་བུ་གླིང་གི་རྒྱལ་ཁབ་མང་ཆེ་བས་ཤེས་ཀྱི་མེད་ཅིང་། བོད་རང་བཙན་གྱི་གནས་ཚུལ་གལ་ཆེན་འདི་ཁྱབ་བསྒྲགས་ཡོང་ཕྱིར། སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་སྲིད་འཛིན་ཡོན་ཤི་ཁཱས་ནས་མཚན་གནས་ཕུལ་བ་མ་བཞེས་པ་དང་། རྒྱ་གར་ནས་ཕྱིར་ལོག་གྲུབ་འཕྲལ་༸གོང་ས་མཆོག་ནས་ཕྱི་ལོ་ ༡༩༡༣ ཟླ་ ༢ ཚེས་ ༡༣ ཉིན་བོད་ལྗོངས་མི་དམངས་སེར་སྐྱ་ཚང་མར་སྤངས་བླངས་བྱེད་སྒོའི་སྦུག་དམ་རྩ་ཚིག་ཅིག་ཡོངས་གྲགས་སུ་བསྩལ་ཡོད། གོང་གསལ་དོན་གནད་གཉིས་པོ་དེར་ཕྱི་ནང་མི་རིགས་ལོ་རྒྱུས་སྲོང་པོར་སྨྲ་བ་ཀུན་གྱིས་བོད་རང་བཙན་ཡིན་པ། བོད་གཞུང་ཐོག་ནས་དམིགས་བསལ་དྲིལ་བསྒྲགས་གནང་བར་ཆ་འཇོག་བྱེད་ཀྱི་ཡོད། དེས་ན་ཉིན་མོ་འདི་ནི་རྒྱ་བོད་ས་མཚམས་ཀྱི་རྩོད་རྙོག་འཁྲུན་ཐག་ཆོད་མེད་ཀྱང་བོད་ཅེས་པའི་ལུང་པ་དེ། ཁྲིམས་ཐོག་ནས་རྒྱ་ནག་དང་རྣམ་པ་ཀུན་ནས་ཐ་དད་ཡིན་པའི་ཁུངས་སྐྱེལ་ར་སྤྲོད་བྱུང་བའི་ཉིན་མོ་ཞིག་ཡིན། འདི་ལ་མི་དགའ་མཁན་བོད་མི་གཅིག་ཀྱང་མེད་པ་གསལ་པོ་རེད། དེར་བརྟེན་ཉིན་མོ་དེ་ནི་ལོ་རྒྱུས་ཀྱི་དེབ་ཐེར་དུ་བོད་རང་བཙན་ཡིན་པ་སླར་ཡང་གསལ་བསྒྲགས་བྱུང་བའི་ཉིན་མོ་ཞིག་ཡིན། འདི་ཉིད་བོད་རང་བཙན་རྩོད་མེད་ཡིན་པའི་ཁྲིམས་ཐོག་གི་དཔང་རྟགས་གལ་ཆེན་ཞིག་ཡིན་པར་བརྟེན་བོད་མི་དང་ལོ་རྒྱུས་སྨྲ་བ་ཀུན་གྱིས་ཤིན་ཏུ་གདེང་འཇོག་ཆེན་པོ་བྱེད་པ་ཡིན། རྒྱ་ནག་ལྟ་བུའི་རྒྱལ་ཁབ་ཆེན་པོ་གང་དུ་རྒྱ་མི་དུང་ཕྱུར་མང་པོ་ཡོད་ས་དེར། གལ་ཏེ་གནས་ཚུལ་འདི་ཤེས་ཀྱི་མི་འདུག་ན་ལོ་རྒྱུས་ཀྱི་བདེན་དཔང་ལ་རྒྱབ་གཏོད་བྱེད་པ་རང་རེད། ཡང་ན་རྒྱ་ནག་ནི་དུས་རབས་ཉེར་གཅིག་གི་ནང་དུའང་བདེན་པ་ཤོད་དབང་མེད་སའི་ལུང་པ་གཅིག་ཡིན་པ་ར་སྤྲོད་བྱུང་བ་རེད། བོད་པས་བོད་དེ་རྒྱ་མིར་བཙོང་བའི་ལོ་རྒྱུས་མེད། བོད་པས་བོད་དེ་རྒྱལ་མིར་འབུལ་བར་ཕུལ་བའི་ལོ་རྒྱུས་ཀྱང་མེད། དེར་བརྟེན་བོད་དེ་རྒྱ་ནག་ལ་གཏན་ནས་བདག་ཐབས་མེད། འོན་ཀྱང་བོད་དེ་དེང་གི་ཆར་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ལུས་ཡོད་པ་དེ་བདེན་པ་ཞིག་རེད།

དྲི་བ། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རང་བཙན་ཁྱབ་བསྒྲཊ་བྱས་ཏེ་མི་ལོ་ ༡༠༠ འཁོར་བཞིན་པའི་སྐབས་དང་བསྟུན། བཙན་བྱོལ་བོད་གཞུང་གཉིས་ཀྱིས་ལས་འགུལ་དང་ལས་དོན་གང་འདྲ་སྤེལ་དགོས་པར་གཟིཊ་ཀྱི་ཡོད།

 ལན། ༸རྒྱལ་དབང་ཐམས་ཅད་མཁྱེན་པས་ལན་གཅིག་མིན་པར་ཡང་སྲིད་ཕེབས་དགོས་པའི་དགོས་འདུན་གཙོ་བོ་ནི་སྐུ་གོང་མའི་མཛད་འཕྲིན་མཇུག་སྐྱོང་བྱེད་རྒྱུ་དེ་ཡིན་པ་རེད་ཅེས་བཀའ་བསྩལ་ཡོད། དེར་བརྟེན་༸གོང་ས་མཆོག་གི་སྐྱབས་སྐུ་ཚེ་འདི་ལ་ཆོས་ཀྱི་མཛད་འཕྲིན་དང་སྲིད་ཀྱི་མཛད་འཕྲིན་གཉིས་ག་ཡོད་པ་རེད། དེར་མ་ཟད་༸གོང་ས་མཆོག་ནི་འཛམ་གླིང་ཞི་བའི་དེད་དཔོན་ཆེན་པོར་གསོལ་བར་བརྟེན་ཐུགས་འགན་འཕར་མ་ཞིག་ཀྱང་བཤོལ་དུ་མེད་པ་ཆགས་ཀྱི་ཡོད། རྒྱ་གར་དུ་ཐོག་མར་ཕེབས་པ་ནས་བཟུང་ཆོས་སྲིད་སླར་གསོའི་ཐད་དངོས་འབྲེལ་གཞན་དྲིང་མི་འཇོག་པའི་མཛད་པ་བསྐྱངས་པ་ནི་ཀུན་གསལ་རེད། ལྷག་པར་ལོ་རྒྱུས་ལ་འགན་གཅིག་ཏུ་འཁུར་བའི་ཆ་ནས་ཕྱི་ལོ་ ༡༩༧༩ བར་བོད་རང་བཙན་ཁོ་ནར་འཐབ་རྩོད་གནང་ཡོད། དེ་སྔའི་ཆིངས་ཡིག་དོན་ཚན་བཅུ་བདུན་རྩིས་མེད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོན་རྒྱལ་ཁབ་མི་ཉུང་བ་ཞིག་ལ་ཕྱག་སམ་བརྒྱུད་འབྲེལ་བ་གནང་ཡོད། དེའི་རྗེས་རྒྱལ་སྤྱིའི་གནས་བབ་དང་བོད་ཕྱི་ནང་གཉིས་ཀའི་གནས་སྟངས་ལ་གཟིགས་ཞིབ་ཀྱིས་ཐབས་ལམ་གསར་པ་ཞིག་གི་ཐོག་ནས་བོད་འབངས་སྡུག་ལས་སྐྱོབ་པ་དང་། བོད་ཀྱི་ཆོས་རིག་སྐད་ཡིག་མི་རིགས་དང་བཅས་པ་སྲུང་སྐྱོབ་ཡོང་བར་དགོངས་པ་བཞེས་ཏེ། རྒྱ་བོད་ཞི་མོལ་དང་དབུ་མའི་ལམ་གྱི་ལངས་ཕྱོགས་དམངས་གཙོའི་འགྲོ་ལུགས་དང་མཐུན་པ་གསར་གཏོད་བྱུང་ཡོད། འདི་འདྲའི་གནས་སྐབས་སུ་ཡང་འདས་པའི་ལོ་རྒྱུས་གང་ཞིག་བྱུང་ཟིན་པ་རྣམས་ལ་བསྐྱར་བཅོས་ཀྱི་ཐུགས་དགོངས་ཡེ་ནས་བཞེས་མ་མྱོང་། དེར་བརྟེན་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་ལངས་ཕྱོགས་བཟུང་ཡང་བོད་རང་བཙན་ཡིན་པའི་གསལ་བསྒྲགས་དང་། དེ་འབྲེལ་གནས་ཚུལ་ཇི་ཡོད་ལ་གཅིག་ཏུ་བཀུར་བ་མ་གཏོགས་དེ་ཉིད་གལ་ཆེན་མིན་པ་ལྟ་བུ་ནམ་ཡང་དགོངས་མ་མྱོང་། ལོ་འགའི་སྔོན་བཀའ་ཤག་རང་ནས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་བཙན་བྱོལ་དུ་ཕེབས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་གཙི་ཞུས་སྐབས། ཚོགས་ཐོག་ཏུ་གཏམ་བཤད་གནང་མཁན་རྣམས་ཀྱིས། སྐུ་གོང་མས་བོད་རང་བཙན་གསལ་བསྒྲགས་བསྐྱངས་པའི་སྐོར་གསལ་པོ་གསལ་རྐྱང་ཁྱབ་བསྒྲགས་ཀྱི་གཏམ་བཤད་བྱེད་པར་གཟིགས་ཚུལ་ལོགས་ཀ་གཏན་ནས་གནང་མེད།

བཙན་བྱོལ་བོད་གཞུང་གི་ངོས་ནས་བོད་ཕྲུག་ཚོར་རང་གི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པར་སྔར་ལས་ལྷག་པའི་སློབ་སྦྱོང་རྒྱུན་སྐྱོང་བྱེད་དགོས་པ་དང་ཆབས་ཅིག དེང་རབས་ཀྱི་ཤེས་ཡོན་ཚད་མཐོར་སོན་པའི་སླད་སེམས་ཀྱི་གཏིང་ནས་ཐབས་ཤེས་དང་དཀའ་ལས་བརྒྱབ་དགོས་པ་རེད། གལ་ཏེ་བོད་ཕྲུག་རྣམས་གནའ་དེང་གི་ཡོན་ཏན་ཕུན་སུམ་ཚོགས་པར་གྱུར་ཚེ། བོད་རང་བཙན་གྱི་གོ་སྐབས་འཆར་བའི་ཉིན་བོད་མིས་ངེས་པར་དུ་རྩོད་ཀྱི་རེད་ལ་རྩོད་ཐུབ་ཀྱི་རེད། གལ་ཏེ་རང་གི་ཆོས་དང་རིག་གཞུང་། མི་རིགས་སྐད་ཡིག་དང་བཅས་པ་བརླགས་པར་གྱུར་ཚེ་ཕྱིས་སུ་བོད་མི་རྣམས་ཀྱིས་གོ་སྐབས་རག་པའི་དབང་དུ་བཏང་ནའང་། དེའི་སྐབས་བོད་པས་བོད་རང་བཙན་རྩོད་ཀྱི་མ་རེད་ལ་རྩོད་ཐུབ་པ་ཡང་མ་རེད། དེར་བརྟེན་མ་འོངས་པའི་མི་རབས་ཀྱི་ཤེས་ཡོན་སླད་དུ་སྤྱི་སྒེར་ཚང་མས་ཤུགས་རྒྱག་དགོས་པར་སེམས། ཤེས་ཡོན་ཚད་ལྡན་བྱུང་ན་རང་བཙན་ཤོར་གྱི་མ་རེད། ཤེས་ཡོན་ཚད་ལྡན་བྱུང་ན་རང་བཙན་སླར་གསོ་ཐུབ་ཀྱི་རེད། གནས་སྐབས་རིང་སེམས་གཏིང་གི་སྐད་ཆ་དེ་སེམས་གཏིང་དུ་བཞག་ན་ཐབས་ལ་མཁས་པ་ཡིན། རྒྱ་ནག་དམངས་གཙོར་འགྱུར་ན་ཞི་མོལ་ལ་གཅིག་བྱས་ན་ཕན་སྲིད། བོད་རང་བཙན་ལ་ཕན་པར་དཀའ། མདོར་ན་ཞི་མོལ་དང་རྒྱ་ནག་དམངས་གཙོ་གཉིས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཕན་ཐོགས་ཀྱང་། སྐུ་གོང་མས་རང་བཙན་སླར་གསོ་བསྐྱངས་པའི་གནད་དོན་དེར་ཕན་ཐོགས་རྒྱུ་དཀའ་མོ་རེད། གཞོན་ནུ་སོགས་ཀྱིས་བོད་རང་བཙན་ཆེད་སྐད་འབོད་བརྒྱབ་པ་དེ་དག་གིས་ཀྱང་བོད་རང་བཙན་འཐོབ་པ་ལ་ཕན་ཐོགས་ཡོད་པ་མ་རེད། བོད་རང་བཙན་མ་བརྗེད་པ་ལ་ཕན་ཐོགས་ཆེན་པོ་ཡོད། གཞོན་ནུ་སོགས་ཀྱིས་བོད་རང་བཙན་ཐོབ་པར་བརྩོན་པར་རང་ཉིད་བོད་མི་ཡིན་པ་མ་བརླག་པ་བྱ་རྒྱུ་དེ་ཨང་དང་པོ་དེ་རེད། རང་གི་ཆོས་དང་རིག་གཞུང་སྐད་ཡིག་གི་སྟེང་དུ་ཡར་ལངས་ཏེ་རང་བཙན་བརྩད་ན་འབྱུང་འགྱུར་རྩོད་པའི་རང་བཙན་གྱི་རྒྱལ་ཁབ་དེའང་བོད་དང་བོད་མིའི་ཆེད་དུ་ཕན་ཐོགས་ཀྱི་རེད། གཞན་གྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པའི་སྟེང་ཡར་ལངས་ཏེ་རང་བཙན་བརྩད་ན་འབྱུང་འགྱུར་རྩོད་པའི་རང་བཙན་གྱི་རྒྱལ་ཁབ་དེའང་བོད་དང་བོད་མིའི་ཆེད་དུ་ཕན་ཐོགས་པའི་ངེས་པ་མེད། གཅིག་བྱས་ན་ཚེ་གཡོག་གིས་གཏམས་པའི་རྒྱལ་ཁབ་ཅིག་ཆགས་སྲིད། དེ་ནི་རང་བཙན་ཅན་གྱི་རང་དབང་མེད་པའི་རྒྱལ་ཁབ་ཅིག་ཆགས་པར་ངེས། འདི་ཡི་ཆེད་དུ་ང་ཚོས་རྩོད་དགོས་ཀྱི་མ་རེད། རྒྱལ་ཁབ་གཞན་གྱིས་ཡུལ་མི་བྱས་ན་དེས་འགྲིག་ངེས།

གསར་འགོད་པ། དཔལ་ལྡན།

བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༦ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༡ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་ ཡང་ན་རྒྱ་ནག་ནི་དུས་རབས་ཉེར་གཅིག་གི་ནང་དུའང་བདེན་པ་ཤོད་དབང་མེད་སའི་ལུང་པ་གཅིག་ཡིན་པ་ར་སྤྲོད་བྱུང་བ་རེད། བོད་པས་བོད་དེ་རྒྱ་མིར་བཙོང་བའི་ལོ་རྒྱུས་མེད། བོད་པས་བོད་དེ་རྒྱལ་མིར་འབུལ་བར་ཕུལ་བའི་ལོ་རྒྱུས་ཀྱང་མེད། དེར་བརྟེན་བོད་དེ་རྒྱ་ནག་ལ་གཏན་ནས་བདག་ཐབས་མེད། འོན་ཀྱང་བོད་དེ་དེང་གི་ཆར་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ལུས་ཡོད་པ་དེ་བདེན་པ་ཞིག་རེད། ་་་་་་་ཅེས་དང་།
    ་་་་་་ གཞོན་ནུ་སོགས་ཀྱིས་བོད་རང་བཙན་ཆེད་སྐད་འབོད་བརྒྱབ་པ་དེ་དག་གིས་ཀྱང་བོད་རང་བཙན་འཐོབ་པ་ལ་ཕན་ཐོགས་ཡོད་པ་མ་རེད། བོད་རང་བཙན་མ་བརྗེད་པ་ལ་ཕན་ཐོགས་ཆེན་པོ་ཡོད། གཞོན་ནུ་སོགས་ཀྱིས་བོད་རང་བཙན་ཐོབ་པར་བརྩོན་པར་རང་ཉིད་བོད་མི་ཡིན་པ་མ་བརླག་པ་བྱ་རྒྱུ་དེ་ཨང་དང་པོ་དེ་རེད། རང་གི་ཆོས་དང་རིག་གཞུང་སྐད་ཡིག་གི་སྟེང་དུ་ཡར་ལངས་ཏེ་རང་བཙན་བརྩད་ན་འབྱུང་འགྱུར་རྩོད་པའི་རང་བཙན་གྱི་རྒྱལ་ཁབ་དེའང་བོད་དང་བོད་མིའི་ཆེད་དུ་ཕན་ཐོགས་ཀྱི་རེད། ་་་་་་ཟེར།

    Reply
  2. ལུང་རྟོགས། says:
    ལོ་ 13 སྔོན།

    དངོས་གནས་གནས་ལུགས་ཡོད་པའི་སྐད་ཆ་རེད། དེང་སང་མི་མང་པོ་ཞིག་གིས་རྩ་བ་བོར་ནས་རྩེ་མོ་ལ་སྙབས་བཞིན་པ་མཐོང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་བརླག་སོང་ན་བོད་ལ་རང་དབང་ཐོབ་ཀྱང་ཕན་པ་ཏིལ་འབྲུ་ཙམ་ཡོད་པ་མ་རེད།

    Reply
  3. དྲང་སྲོང་། says:
    ལོ་ 13 སྔོན།

    བོད་རྒྱལ་ལོ་ ༢༡༤༠ ཆུ་སྦྲུལ་གནམ་ལོ་གསར་ཚེས་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རང་དབང་བསྐྱར་བསྒྲགས་གནང་ནས་མི་ལོ་ ༡༠༠ ཧྲིལ་པོ་འཁོར་བའི་དུས་མཚམས་འདིར། དུས་བབས་གསར་འཕྲིན་དང་དྲ་རྒྱའི་བཅར་དྲི་ཐོག་མ་སངས་རྒྱས་བསྟན་དར་ལགས་སུ་གནང་བ་དང་། ཁོང་ནས་ཀྱང་ལན་འདེབས་གནད་སྨིན་རྣག་ཐོག་བཙག་འཁེལ་འདི་ལྟར་གནང་བར་ཡིད་རངས་ཞུ། ཁོ་བོས་ད་དབར་དུས་བབས་དྲ་བའི་བཅར་དྲིའི་ཐོག བོད་ཀྱི་བསྟན་སྲིད་ལ་སྨན་པའི་བཀའ་མོལ་འདི་འདྲ་མཐོང་བ་ཐེངས་དང་པོ་ཡིན། འདིས་ཚང་མ་རྨོངས་གཉིད་ལས་སད་པའི་རེ་བ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese