(གཞི་རིམ་འཛིན་གྲྭ་བརྒྱད་པའི་སྐད་ཡིག་སློབ་དེབ་ལ་བསྐྱར་ཞིབ་ཅིག)
སྐལ་བཟང་ཉི་མ། ཤེས་རབ་དགའ་ཚལ་སློབ་གླིང་།
སློབ་སྐབས་གསར་པ་མགོ་བཙུགས་མ་ཐག་དཔལ་ལྡན་ཤེས་རིག་ལས་ཁུངས་ཀྱིས་<<གཞི་རིམ་བར་མའི་སྐད་ཡིག་སློབ་དེབ་>>ཁག་བསྐྱར་དུ་གཏན་འབེབས་དང་པར་སྐྲུན་གནང་གྲུབ་པ་གོ་ཐོས་བྱུང་བས། ཁོ་བོས་སློབ་ཕྲུག་ཚོར་གྲོས་བསྡུར་བྱས་ཏེ། དེ་རིང་བར་དུས་ཡུན་ཟླ་གསུམ་(༢༠༡༢ལོའི་ཟླ༡༡ _༢༠༡༣ལོའི་ཟླ་༢)གྱི་རིང་གཞི་རིམ་བར་མའི་འཛིན་གྲྭ་བརྒྱད་པའི་སྐད་ཡིག་སློབ་དེབ་སློབ་ཁྲིད་བྱས། སློབ་དེབ་གསར་པ་སློབ་ཁྲིད་བགྱིས་པའི་གོ་རིམ་ཁྲོད་བདག་གིས་སྡེ་ཚན་རེ་རེའི་(བསླབ་བྱའི་སྡེ་ཚན། བརྡ་སྤྲོད་སྡེ་ཚན། རྩོམ་རིག་སྡེ་ཚན། ལག་ལེན་སྡེ་ཚན། གོ་རྟོགས་སྡེ་ཚན། གཞོགས་འདེགས་སྡེ་ཚན། ཟུར་བཀོད།) བཀོད་སྒྲིག་དང་སྒྲིག་སྦྱོར། དགོས་དམིགས། ལག་ལེན་བཅས་ལ་དོ་སྣང་བྱས་པ་ཡིན་ལ། སློབ་ཚན་རེ་རེའི་བདམས་སྒྲིག་གི་དགོས་དམིགས་དང་ནང་དོན། སློབ་ཚན་རེ་རེའི་མཇུག་གི་སྦྱོང་ཚན་བཀོད་སྒྲིག སློབ་ཚན་རེ་རེའི་མཇུག་དང་མཚམས་རེར་སློབ་ཚན་རེ་འགའི་མཇུག་ཏུ་བཀོད་པའི་བར་བཅུག་གི་རིགས་ལའང་ཞིབ་འདང་བརྒྱབ་པས། བདག་ལ་མཚོན་ལ་འདི་ནི་བསམ་གཞིག་གི་ངལ་བ་ལྕི་མོ་ཞིག་གམ། ཡང་ན་དགའ་བ་ཁྱད་པར་བ་ཞིག་ཏུ་གྱུར་སོང་ཕྱིར། གཤམ་དུ་བདག་གི་ལག་ལེན་ཁྲོད་ཀྱི་དགའ་སྡུག་གི་ཚོར་བ་དག་རིས་སུ་དབབ་པར་འབད་པར་བྱ།།
གཅིག ཡག་ལ་ཡག་གཉིས།
ཐེངས་འདིར་གསར་དུ་རྩོམ་སྒྲིག་གནང་པའི་སློབ་དེབ་ལས་ཁོ་བོས་ཡག་ལ་ཡག་གཉིས་ཀྱི་དོན་བཟང་མཐོང་ཕྱིར་འདིར་ཡང་དགའ་བཞིན་སྤྲོ་བཞིན་དོན་བཟང་སྔོན་ལ་ལུད་པར་སྤྲོ། དེ་ནི་ཐེངས་འདིར་སློབ་ཚན་ཁྲོད་རྩོམ་རིག་སློབ་ཚན་བདམས་སྒྲིག་དང་སློབ་ཚན་ཡོངས་ཀྱི་ཚིག་གི་དག་ཆ་སྔར་གྱི་སློབ་དེབ་ཁག་དང་། ལྷག་པར་དུ་ཕྱི་ལོ་ ༡༩༩༣ ལོར་དང་ཕྱི་ལོ་ ༢༠༠༢ ལོ་བཅས་སུ་བསྐྱར་ཞིབ་ཀྱིས་རྩོམ་སྒྲིག་གནང་པའི་སློབ་དེབ་ཁག་ལས་སྤྱིར་དུས་དང་འཚོ་བ་གང་གི་ཐད་ནས་ཁ་ཐག་ཉེ་རུ་དང་ཡང་སྒོས་མི་རིགས་ཀྱི་འཚོ་བ་དང་ཐག་ཉེ་བར་བཅར་བ་མ་ཟད། ཚིག་གི་དག་སྡེབ་ཀྱི་ཐད་ནས་མ་ནོར་མ་འཁྲུག་པར་དག་གཙང་གིས་གྲུབ་པ་དེའོ།།
དེ་ཡང་ཕྱི་ལོ་ ༡༩༩༣ ལོར་སྔར་གྱི་སློབ་དེབ་ཁག་ལ་བསྐྱར་ཞིབ་ཀྱིས་གཏན་འབེབས་གནང་པའི་སློབ་དེབ་ཏུ་རྩོམ་ཡིག་བདམས་བཀོད་བྱས་པ་<<སྡོམ་བརྩོན་དམ་པའི་དཔེ་རིས་ཀྱི་འགྲེལ་བཤད་>>དང་། <<སྤྱི་ཚོགས་ཡར་རྒྱས་གཏོང་རྒྱུར་ཆོས་ཕྱོགས་ཀྱི་ཞལ་འདེབས།>> <<གང་ཞིག་ལ་བདེ་སྐྱིད་ཟེར།>> <<ཆར་པར་གཡོལ་བ།>> <<ལྷ་ས་དྲན་གླུ་ནས་བདམས་པ།>> <<སྣང་ས་འོད་འབུམ་གྱི་རྣམ་ཐར། དང་པོ།>> <<སྣང་ས་འོད་འབར་གྱི་རྣམ་ཐར། གཉིས་པ།>> <<དབུལ་མོ་བསྙེན་དགའ་མོའི་ལེའུ།>> <<མཇུག་མཐའི་སློབ་ཐུན་གཅིག>> <<རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་རྡོ་རྗེའི་ལེའུ།>> <<གཞོན་ནུ་དྲུག་གི་རྟོགས་བརྗོད། དང་པོི།>> <<གཞོན་ནུ་དྲུག་གི་རྟོགས་བརྗོད། གཉིས་པ།>> <<གཞོན་ནུ་དྲུག་གི་རྟོགས་བརྗོད། གསུམ་པ>>་བཅས་ཁྱོན་བསྡོམས་དཔེ་མཚོན་དང་ལྟ་ཀློག་བཅས་ཀྱི་སློབ་ཚན་བཅུ་གསུམ་ཡོད་པ་དང་། ཕྱི་ལོ་ ༢༠༠༢ ལོར་བསྐྱར་ཞིབ་ཀྱིས་རྩོམ་སྒྲིག་བགྱིས་པའི་སློབ་དེབ་ཏུ་<<སྡོམ་བརྩོན་དམ་པའི་དཔེ་རིས་ཀྱི་འགྲེལ་བཤད་>>དང་། <<བོད་མིའི་སློབ་སྦྱོང་གི་དམིགས་ཡུལ།>> << དབུལ་མོ་བསྙེན་དགའ་མོའི་ལོ་རྒྱུས།>> <<ཁོར་ཡུག་སྲུང་སྐྱོབ།>> <<སྣང་ས་འོད་འབུམ་གྱི་རྣམ་ཐར། ཚན་པ་དང་པོ།>> <<སྣང་ས་འོད་འབར་གྱི་རྣམ་ཐར། ཚན་པ་གཉིས་པ།>> བཅས་དཔེ་མཚོན་དང་ལྟ་ཀློག་གི་སློབ་ཚན་ཁྱོན་བསྡོམས་དྲུག་ཡོད་ཅིང་། སློབ་དེབ་སྔ་ཕྱི་གཉིས་ཀྱི་སྒྲུང་དང་རྩོམ་ཕལ་ཆེ་བ་བོད་ཀྱི་རྩོམ་རིག་དཔྱད་བརྗོད་པ་དག་གིས་བོད་ཀྱི་རྩོམ་རིགས་འཕེལ་རིམ་གྱི་རིགས་དགར་ཚུལ་ལས་དུས་སྐབས་གསུམ་པའམ་ས་ཕག་རིན་གཙང་སྐབས་ཀྱི་རྩོམ་དུ་གཏོགས་ལ། རྩོམ་ཡིག་འདི་དག་གི་ནང་དོན་བྱམས་སྙིང་རྗེ་དང་། ཕར་ཕྱིན་དྲུག་སོགས་གཞི་བྱས་ཐོག་བོད་ཀྱི་རྩོམ་རིག་དཔྱད་བརྗོད་པ་བདུད་ལྷ་རྒྱལ་གྱིས་ནན་གྱིས་བསྟན་པ་ལྟར། གཙོ་བོ་འཁོར་པའི་ཉེས་དམིགས་དང་། འདོིད་ཆུང་ཆོག་ཤེས། ངེས་འབྱུང་གི་སེམས་པ། འཆི་བ་མི་རྟག་སོགས་ཆོས་ལུགས་ཀྱི་བསམ་བློ་འབའ་ཞིག་གིས་གཏམས་ཡོད།
དཔེར་ན། སློབ་དེབ་གཉིས་ཀའི་རྩོམ་ཡིག་སློབ་ཁྲིད་སློབ་ཚན་ཁྲོད་ཤོག་ངོས་སུམ་ཅུ་ལྷག་ཡོད་པའི་རྩོམ་ཡིག་<<སྣང་ས་འོད་འབུམ་གྱི་རྣམ་ཐར་>>ལྟ་བུ་ལ་མཚོན་ན་དུས་ཀྱི་ཆ་ནས་<<བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན་>>དུ་བརྩམས་ཆོས་འདི་ནི་ཕལ་ཆེར་དུས་རབས་བཅུ་གསུམ་པའམ། ཡང་ན་དེའི་ཅུང་ཡར་སྔོན་དུ་གྲུབ་པ་ཡིན་སྙམ་ཞེས་བཀོད་གདའ་ལ། བརྗོད་བྱའི་ཐད་ནས་སྣང་ས་འོད་འབུམ་ནི་བོད་ཀྱི་ཟློས་གར་ཆེན་པོ་བརྒྱད་ལས་འཚོ་བ་ཚུར་སྣང་གི་ཐད་རྒྱ་གར་གྱི་འཚོ་བ་མ་ཡིན་པར་བོད་རང་གི་འཚོ་བ་མངོན་མཚོན་བྱས་པ་གཅིག་དང་གཉིས་ཡོད་པ་དེ་འདྲ་ཡིན་ཡང་། བསམ་བློའི་ཐད་ནས་སྣང་ས་ཆུང་དུས་ནས་དམ་པའི་ཆོས་ལ་རྩེ་གཅིག་ཏུ་མོས་པ་དང་བར་དུའང་ཆོས་བློས་མ་བཏང་པར། ཐ་མར་འདས་ལོག་གི་སྣང་ས་ཡི་ཆོས་ཀྱི་དགོངས་པས་མང་པོ་ཞིག་གྲོལ་བར་བསྟན་པ་དང་། གཞན་ཡང་སློབ་དེབ་གཉིས་ཀའི་སློབ་ཁྲིད་རྩོམ་ཡིག་གི་ཁོངས་སུ་བཞག་པའི་དབུལ་མོ་བསྙེན་དགའ་མོའི་ལོ་རྒྱུས་ཞེས་པར་མཚོན་ནའང་དུས་ནི་སྔར་སངས་རྒྱས་ཞལ་བཞུགས་པའི་སྐབས་དང་། འཚོ་བ་ནི་རྒྱ་གར་གྱི་འཚོ་བ་བརྗོད་བྱ་བྱས་པ་འདྲ་ལ། སློབ་དེབ་སྔ་མའི་སྙན་ངག་སློབ་སྦྱོང་ལ་གཞོགས་འདེགས་ཆེད་ཟུར་བལྟའི་སློབ་ཚན་གྱི་ཁོངས་སུ་བཞག་པ་གཞོན་ནུ་དྲུག་གི་རྟོགས་བརྗོད་ལྟ་བུ་ལ་མཚོན་ན་རྒྱ་རྩོམ་དང་བོད་རྩོམ་གང་ཡིན་སྐོར་ལ་གསལ་ཆ་མེད་པས། ཕྱི་ལོ་ ༡༩༨༠ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་པར་གཞི་ལྟར་ན། མ་རྩོམ་རྒྱ་གཞུང་ཡིན་པ་གང་ཞིག རྩོམ་པ་པོ་ཡང་འཕགས་ཡུལ་སྙན་ངག་མཁན་རྒྱལ་བ་སྡེ་ཡིན་པར་གསལ་ལ། གཞན་ཡང་ཨུ་མ་པ་ཏི་ཟེར་བ་དང་། ཁ་ཅིག་གིས་མཁས་གྲུབ་རྗེས་མཛད་པར་བཤད་ཅིང་། ཕར་ཕྱིན་དྲུག་བརྗོད་སྙིང་བྱས་ཏེ་བརྗོད་བྱ་སྤེལ་ཡོད་པ་བཅས་ཀྱིས་མཚོན།
ད་ལན་གསར་དུ་རྩོམ་སྒྲིག་གནང་པའི་སློབ་དེབ་ཀྱི་<<བསླབ་བྱའི་སྡེ་ཚན>>དུ་ཁོར་ཡུག་སྲུང་སྐྱོབ་དང་ལེགས་བཤད་ཁག་དགུ། <<རྩོམ་རིག་སྡེ་ཚན>>དུ་ང་དང་ཚགས་པར་དབར་གྱི་གཏམ་རྒྱུད་དང་ཆར་པར་གཡོལ་བ། ཕ་སེམས་བུ་ཐོག བུ་སེམས་རྡོ་ཐོག སྡོམ་བརྩོན་དམ་པའི་དཔེ་རིས། བོད་ཀྱི་གསོ་བ་རིག་པའི་བྱུང་བ་བརྗོད་པ། ས་སྨྱུག དབང་པོ་ལྔའི་རྩོད་གླེང་། དོགས་སློང་གི་སྙིང་སྟོབས། རྒྱལ་ཁ་དང་ཕམ་ཁ། བསམ་པ་དང་སྒྲུབ་པ། མེ་སྟག་གཅིག་གིས་ཁང་པ་བསྲེགས་པ། སྟོད་ཆ། མེ་སྟག་གཅིག་གིས་ཁང་པ་བསྲེགས་པ། སྨད་ཆ། <<ལག་ལེན་སྡེ་ཚན་>>དུ་མཚར་གཏམ་ཁག་གསུམ། དང་པོ། མཚར་གཏམ་ཁག་གསུམ། གཉིས་པ། མགུར་གླུ་ཁག་ལྔ། <<གོ་རྟོགས་སྡེ་ཚན་>>དུ་བསང་དང་དར་ལྕོག ཆོས་འཁོར་དུས་ཆེན། ཨ་མ་དྲན་གླུ། རི་བོང་མཇུག་མ་ཐུང་བའི་རྒྱུ་མཚན། ཨ་མའི་སེམས། ངེད་ཚང་གི་བྱི་ལ་ཆུང་ཆུང་། <<གཞོགས་འདེགས་སྡེ་ཚན་>>དུ་ས་སྨྱུག་གི་རང་གཤིས། མཆོད་པ་འབུལ་ཚིག ཀ་ཕྲེང་དང་སྦྱར་བའི་བསླབ་བྱ་དྲི་ཟའི་གླིང་བུ། བཅས་བདམས་བཀོད་གནང་བ་དང་། རྩོམ་ཡིག་རྐྱང་རྐྱང་གིས་སློབ་དེབ་ཀྱི་ཤོག་གྲངས་ཁྱོན་བསྡོམས་ ༢༤༦ གི་ཁྲོད་ནས་ཤོག་གྲངས་ ༡༢༠ ཟིན་ཡོད་ལ། རྩོམ་ཡིག་ཕལ་ཆེ་བའི་ནང་དོན་དང་བརྗོད་སྙིང་གང་གི་ཐད་ནས་དུས་ཀྱིས་མ་བསྐལ་བར་ཁད་ཐག་ཉེ་བ་དང་ཚེ་འདི་སྣང་གི་འཚོ་བ་དང་དོན་སྙིང་ལ་འབད་འབད་ལྷུག་ལྷུག་གིས་བསམ་རྒྱུ་དྲན་རྒྱུ་ཡོད་པ་རྐྱང་ཡིན་ལ། ལྷག་པར་དུ་བསླབ་བྱའི་སྡེ་ཚན་གྱི་<<རང་བྱུང་ཁོར་ཡུག་>>ཅེས་པ་དང་རྩོམ་རིག་སྡེ་ཚན་གྱི་<<ང་དང་ཚགས་པར་དབར་གྱི་གཏམ་རྒྱུད་>>དང་<<ས་སྨྱུག་>>ལྟ་བུ་དག་གི་སློབ་ཚན་གྱི་ནང་དོན་སློབ་གྲྭའི་ཁོར་ཡུག་ཏུ་ཉིན་རེ་བཞིན་སློབ་མ་རང་རང་གི་ལག་ལེན་ཁྲོད་ནས་མྱོང་བཏུབ་པའི་དགེ་མཚན་བླ་མེད་དུ་ཆེ་ལ། རྩོམ་རིག་སྡེ་ཚན་དུ་བཀོད་པའི་<<ཆར་པར་གཡོལ་བ་>>དང་<<ཕ་སེམས་བུ་ཐོག བུ་སེམས་རྡོ་ཐོག>> གོ་རྟོགས་སྡེ་ཚན་གྱི་<<ཨ་མ་དྲན་གླུ།>> དང་<<ཨ་མའི་སེམས>>གཞོགས་འདེགས་སྡེ་ཚན་གྱི་<<ས་སྨྱུག་གི་རང་གཤིས>>་དང་<<ཀ་ཕྲེང་དང་སྦྱར་བའིོ་བསླབ་བྱ་དྲི་ཟའི་གླིང་བུ་>>ལྟ་བུ་རྣམས་བོད་ཀྱི་དེང་རབས་རྩོམ་པ་པོ་རྣམས་ཀྱིས་བོད་རང་གི་འཚོ་བ་དང་ལྟ་བ་རྨང་དུ་བཏང་ནས་བྲིས་པའི་མར་དྲི་རྩམ་དྲི་ཅན་གྱི་རྩོམ་དུ་སོང་། མི་རིགས་ཀྱི་འདུ་ཤེས་གསོ་བའི་ལྷ་རྗེ་འགའ་གདན་དྲངས་པ་དང་ཁྱད་མེད་ཀྱི་དགེ་ཕན་ལྡན་པ་དང་། <<ངེད་ཚང་གི་བྱི་ལ་ཆུང་ཆུང་>> << རི་བོང་གི་མཇུག་མ་ཐུང་བའི་རྒྱུ་མཚན།>> <<བསམ་པ་དང་སྒྲུབ་པ།>> <<རྒྱལ་ཁ་དང་ཕམ་ཁ།>> <<དོགས་སློང་གི་སྙིང་སྟོབས།>> <<དབང་པོ་ལྔའི་རྩོད་གླེང་།>> <<ས་སྨྱུག>> ལྟ་བུ་རྣམས་ནང་དོན་དང་གོ་རིམ་བཅས་རྒྱ་མི་ཆེ་མི་ཆུང་ཞིང་སློབ་མའིི་བསམ་ཞིབ་ཀྱི་ཆུ་ཚད་དང་རན་པ་དང་། ལྷག་པར་དུ་སྔར་གྱི་སློབ་དེབ་ཁག་གི་ནང་དུ་བཀོད་པའི་སྒྲུང་དང་རྩོམ་ཡིག་ཡི་གེ་མི་གཙང་བ་དང་མིང་ཚིག་རེ་རེའང་སློབ་མའི་གཞུག་གི་སློབ་སྦྱོང་གི་རྐང་དང་བཅུད་མི་ཉན་པ་ཁ་ཚིག་རྒྱན་ཚིག་ལྟ་བུ་རྐྱང་རྐྱང་གིས་ཁེངས་བསྡད་ཡོད་པ་ལྟ་བུ་མ་ཡིན་པར། ཡིག་རྩ་བརྟན་པོ་དང་སློབ་ཚན་འདི་དག་ལས་སྦྱངས་པའི་མིང་ཚིག་རེ་རེའང་སློབ་ཕྲུག་ཅིག་གི་མ་འོངས་པའི་ཡོན་ཏན་གྱི་ཁང་བརྩེགས་མཐོན་པོའི་རྨང་རྡོ་རུ་འགྱུར་བཏུབ་པར་གདའ།
དེ་ནས་བསླབ་བྱའི་སྡེ་ཚན་གྱི་<<ལེགས་བཤད་ཁག་དགུ་>>དང་། རྩོམ་རིག་སྡེ་ཚན་གྱི་<<སྡོམ་བརྩོན་དམ་པའི་དཔེ་རིས་>>དང་<<བོད་ཀྱི་གསོ་བ་རིག་པའི་བྱུང་བ་བརྗོད་པ།>> ལག་ལེན་སྡེ་ཚན་གྱི་<<མགུར་གླུ་ཁག་ལྔ།>> གོ་རྟོགས་སྡེ་ཚན་གྱི་<<བསང་དང་དར་ལྕོག་>>དང་<<ཆོས་འཁོར་དུས་ཆེན།>> གཞོགས་འདེགས་སྡེ་ཚན་གྱི་<<མཆོད་པ་འབུལ་ཚིག་>>ལྟ་བུ་རྣམས་བོད་རང་གི་སྲོལ་རྒྱུན་གྱི་འཚོ་བ་དང་རིག་གཞུང་བཅས་ལ་རྒྱུས་ལོན་དང་དེ་དག་གི་རིན་ཐང་ངོས་འཛིན་ཐད་བག་ཆགས་མི་དམན་པ་འཇོག་པའི་དགོས་པ་ཚང་ཞིང་། དེ་ཡང་མང་ཉུང་དང་རྒྱ་ཆེ་ཆུང་གི་ཐད་ནས་ཀྱང་སྔར་གྱི་སློབ་དེབ་ཁག་ཅིག་ལྟར་ཆོས་དང་རིག་གཞུང་ཞེས་ཡག་པོ་འཛོམས་པོ་ཐ་དག་དཀྱུས་གཅིག་ཏུ་སྤུངས་བདོ་བ་ཇི་བཞིན་མ་ཡིན་པར། སློབ་དེབ་ཁྱོན་ཡོངས་ཀྱི་ཆ་བགོས་ཀྱི་ཚད་དང་རན་པར་འཁྱོངས་འདུག་པ་བཅས་ཀྱིས་བསྔགས་ལ། གཞན་ཐེངས་འདིར་གསར་སྤེལ་གྱི་སློབ་དེབ་འདི་ལས་དགའ་འོས་པའི་དོན་བཟང་གཞན་ཞིག་མཐོང་བ་ནི་སྔོན་གྱི་སློབ་དེབ་ཁག་གི་ནང་བླ་མ་དགེ་བཤེས་དང་མཁས་པ་ཉམས་ཞིབ་པ། དཔོན་པོ་འགན་འཛིན་དག་གི་ཡིག་ནོར་རམ། བྲིས་ནོར་རམ། གཏགས་ནོར་གང་ཡིན་ཆ་འཇོག་དཀའ་ཡང་། གང་ལྟར་ནོར་བ་དང་འཁྲུག་པ་མང་པོ་ཡོད་ཡོད་ཀྱི་སློབ་དེབ་དག་དང་གཏན་ནས་མི་འདྲ་བར། གོ་རིམ་དང་གོ་སྒྲིག་གི་ཐད་ནས་ད་དུང་མི་འདང་པ་གདའ་ཡང་། ཡིག་ནོར་གྱི་ཐད་ནས་གཏན་ནས་མེད་པ་མ་ཡིན་པར་མདུན་ཤོག་ངོས་སུ་ཤེས་རིག་ལས་ཁུངས་ཀྱིས་གཏན་འབེབས་དང་རྩོམ་སྒྲིག་བྱས་ཞེས་དགོས་རྒྱུ་ལ་ཤེས་རིག་ལས་ཁུངས་ཀྱིས་ ‘གཏན་འདེབས’དང་རྩོམ་སྒྲིག་བྱས་ཞེས་ཤོར་འདུག་པ་དང་། རྒྱབ་ཤོག་ངོས་སུ་ཡར་ཀླུང་གཙང་པོའི་ཁུག་པ་ལ་ཡར་ཀླུང་ ‘གཅང་པོའི’་ཁུག་པ་བྲིས་པ་དང་། བསམ་པ་དང་སྒྲུབ་པ་ཞེས་པའི་སློབ་ཚན་གྱི་དུམ་མཚམས་གཉིས་པའི་ནང་བསམ་བློ་གཏོང་མི་ཤེས་ཞེས་དགོས་རྒྱུ་ལ་བསམ་བློ་གཏོང་ ‘མི་ཤིས’ ཞེས་ཤོར་འདུག་པ་ལྟ་བུ་ཡོད་འདུག་ཀྱང་། སྔར་གྱི་སློབ་དེབ་ཁག་དང་བསྡུར་ན་ཉུང་བས་སློབ་ཁྲིད་བྱེད་སྐབས་བློ་ཁེལ་ཞིང་སྟབས་བདེ་བ་བཅས་དགའ་བ་བླ་མེད་པ་དེའོ།།
གོང་གི་དོན་དག་འདི་གཉིས་ནི་ཁོ་བོས་ཟླ་གསུམ་རིང་སློབ་དེབ་གསར་པ་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་ནས་མྱངས་པའི་དགའ་ཚོར་རྨ་མེད་ཅིག་ཡིན་ལ། ཁོ་བོས་དོན་དག་འདི་གཉིས་སློབ་དེབ་གསར་པ་འདི་ཡོངས་སུ་འགྲིག་པ་དང་ཀུན་ནས་ལེགས་པའི་རྒྱུ་མཚན་དུ་བཀོད་པའང་མིན་པར། དགའ་བའི་དོན་བཟང་སྔོན་ལ་བསྒྲགས་པ་ཙམ་མོ།།
གཉིས་པ། སྡུག་ལ་སྡུག་གསུམ།
སློབ་དེབ་གསར་བ་ཞིག་ལག་ཏུ་བཟུང་ནས་སློབ་ཁྲིད་ལ་ཞུགས་པའི་སྐབས་དེར་དགེ་སློབ་གཉིས་ཀ་བདེ་སྣང་ཞིག་དང་དགའ་སྣང་ཞིག་ངང་གིས་འཕེལ་མོད། སློབ་དེབ་ཀྱི་བར་བར་ནས་གྲ་མི་དག་པ་དང་སྟབས་མི་བདེ་བའི་གནད་དོན་རེ་རེ་ལ་གདོང་གཏོད་དུས། དགེ་སློབ་གཉིས་ཀ་དོགས་མི་བདེ་བའི་སྡུག་བསྔལ་ལྷག་མ་རེ་ཡང་ཡོད་ཡོད་རེད། ལྷག་པར་དུ་འདས་བའི་མི་ལོ་ལྔ་བཅུ་ལྷག་གི་ང་ཚོའི་གཞུང་དང་ཚོགས་པ་ཁག་གིས་རྩོམ་སྒྲིག་དང་གཏན་འབེབས་བྱས་པའི་སློབ་དེབ་ཁག་གི་སྐྱོི་གནད་ཀྱི་རིགས་ནི་ཀུན་པོའི་ཁ་ན་འབོ་བཞིན་པ་ལྟར་ལ། ང་ཚོས་སྐྱོ་གནད་དེ་རིགས་སེལ་ཐབས་བྱ་རྒྱུ་ནི་མ་འོངས་སོན་རྩ་དག་གི་སློབ་གསོའི་བདེ་ཐང་དང་འབྲེལ་བའི་གལ་གནད་འགངས་ཆེན་ཞིག་ལགས་པས། གཤམ་དུ་ཁོ་བོས་ད་ལན་སློབ་དེབ་གསར་བ་འདི་སློབ་ཁྲིད་སྐབས་ཀྱི་སྐྱོ་གནད་རིགས་ཤིག་བརྗོད་པར་བྱ།
དང་པོ། སྡེ་ཚན་གྱི་སྐོར།
སློབ་ཚན་རྣམས་སྡེ་ཚན་ཆ་བགོས་ཀྱིས་སྡེ་ཚན་གོ་རིམ་བཞིན་སྒྲིག་པ་ནི་ད་ཕན་ང་ཚོའི་བོད་སྐད་ཡིག་སློབ་དེབ་ཁྲོད་མ་བྱུང་བའི་གསར་གཏོད་ཀྱི་མེ་ཏོག་ཅིག་བཞད་བྱུང་བ་དེ་ལགས་པས། མཐོང་བ་ཙམ་གྱིས་ཡིད་འཕྲོག་ཅིང་བློ་མགུ་བ་ཞིག་ཅིས་ཀྱང་རེད་མོད། སྡེ་ཚན་རེ་རེ་བཞིན་ངོ་སྤྲོད་བྱེད་སྟངས་ཀྱི་ཐད་ནས་ད་དུང་ལས་སྣོན་དང་བསྒྱུར་བཅོས་བྱ་དགོས་པ་འདུག་སྙམ།
སྡེ་ཚན་ངོ་སྤྲོད་ཀྱི་ནང་དོན་གྱི་ཐད་ནས་སྡེ་ཚན་དེའི་ནང་སློབ་ཚན་གང་དང་གང་ཡོད་པ་དང་སློབ་ཚན་དེ་དག་གི་ནང་དོན་ཅི་ཡིན་པ། སློབ་དེབ་སྔོན་མ་དག་གི་ནང་དུ་སྡེ་ཚན་དེ་དང་འབྲེལ་ཡོད་ཀྱི་ཤེས་བྱ་ཅི་ཞིག་སྦྱངས་ཟིན་མིན་སྐོར་བཅས་བརྗོད་པ་ནི། དེ་ཙམ་གྱིས་གལ་གནད་དུ་མ་མཐོང་བ་མ་ཟད། དེ་ཙམ་ཞིག་གིས་གྲུབ་པར་བྱས་ཚེ་དགོས་པ་ཆེན་པོའང་མི་འདུག་སྙམ། དེའི་ཕྱིར་ཁོ་བོས་བོད་ནང་གི་སློབ་དེབ་ཁག་ཅིག་ལ་ཞིབ་ལྟ་བྱས་པར། དེ་དག་གི་ནང་དུ་སྡེ་ཚན་ཆ་བགོས་བྱས་འདུག་པ་མ་ཟད། སྡེ་ཚན་རེ་རེ་ངོ་སྤྲོད་བྱས་པའི་ནང་དོན་གྱི་ཐད་ནས་ཀྱང་མི་འདྲ་བ་ཞིག་སྟེ། དེ་དག་གི་ནང་དུ་གོང་གི་དོན་གནད་འདི་དག་ལས་དོན་དག་གཞན་ཞིག་གདའ་བ་ནི། དཔེར་ན། སྡེ་ཚན་འདི་སློབ་སྐབས་ཉམས་མཚར་དོད་པའི་ཚིག་སྦྱོར་དང་། བརྗོད་རིམ་གསལ་ཞིང་གཙོ་གནད་འབུར་དུ་ཐོན་པའི་ཁྱད་ཆོས། དེ་བཞིན་གྲངས་འགོད་པ་དང་དཔེ་འཇོག་པ། ཐག་རིང་བ་ནས་ཉེ་བ། ཕྱི་ནས་ནང་སོགས་ཀྱི་གསལ་བཤད་བྱེད་ཐབས། སྒྲུབ་བྱེད་གདམ་བསལ་བྱེད་ཚུལ་བཅས་གནད་དུ་བཟུང་སྟེ་མཚམས་སྦྱོར་བྱེད་དགོས་ལ། མུ་མཐུད་ཉན་བཤད་ཀྱི་ནུས་རྩལ་ཇེ་མཐོར་གཏོང་དགོས། (ལྗོངས་ཞིང་ལྔའི་མཉམ་སྒྲིག་སློབ་གཞི། སྐད་ཡིག དེབ་ལྔ་པ་ལས་དྲངས།)ལྟ་བུ་དང་། སྡེ་ཚན་འདི་བསླབ་པ་བརྒྱུད་ནས་དངོས་པོའམ་སྲོག་ཆགས་གང་རུང་ཞིག་བྲིས་པར་བརྟེན་ནས། རང་གི་བརྗོད་འདོད་ཀྱི་བསམ་བློ་དེ་མཚོན་པར་བྱེད་པའི་འབྲི་ཐབས་རྟོགས་སུ་འཇུག་པ་དང་། ཇི་བཞིན་བརྗོད་པའི་ཁྲོད་ཀྱི་ཞིབ་འབྲི་དང་དཔྱད་བརྗོད། ཚོར་འདུ་མཚོན་སྟངས་སོགས་ལ་ཤེས་རྟོགས་གསལ་པོ་ཡོང་བ་བྱེད་དགོས།
དེ་དང་མཉམ་དུ་སྟབས་བདེའི་གསར་འགྱུར་འབྲི་སྟངས་ཀྱི་ཤེས་བྱ་རྟོགས་སུ་བཅུག་ནས་ལག་ལེན་དུ་སྤྱོད་ཐུབ་པ་བྱེད་དགོས།(ལྗོངས་ཞིང་ལྔའི་མཉམ་སྒྲིག་སློབ་གཞི། སྐད་ཡིག དེབ་ལྔ་བ་ལས་དྲངས།)ཞེས་བཀོད་འདུག་པ་ནི་ང་ཚོའི་སློབ་དེབ་གསར་པའི་ནང་དཔེར་ན། སྡེ་ཚན་འདིར་རྩོམ་རིག་ཤེས་བྱའི་སློབ་ཚན་གཅིག་དང་། བཀོད་འབྲི་གཙོ་བོ་བྱས་པའི་ཇི་བཞིན་བརྗོད་པའི་རྩོམ་དཔེ་གསུམ། གསལ་བཤད་རྩོམ་དཔེ་གཉིས། བསྡུས་བརྗོད་རྩོམ་དཔེ་གཉིས། དགག་སྒྲུབ་རྩོམ་དཔེ་གསུམ། བོད་སྒྱུར་རྩོམ་དཔེ་གཉིས་བཅས་སློབ་ཚན་བཅུ་གསུམ་གོ་སྒྲིག་བྱས་ཡོད། འཛིན་གྲྭ་དྲུག་པ་དང་བདུན་པའི་ནང་གོ་རིམ་ཇི་བཞིན་བརྗོད་པ་དང་། ལྡོག་བརྗོད། གསལ་བཤད། བསྡུས་བརྗོད། ཚིགས་བཅད་བཅས་ཀྱི་རྩོམ་ཡིོག་འབྲི་སྟངས་ཅུང་རྒྱས་ཙམ་སྦྱངས་ཟིན། འདིར་མི་སྣ་སོགས་བཀོད་འབྲི་བྱེད་ཐབས་དང་། དགག་སྒྲུབ་རྩོམ་ཡིག་འབྲི་ཐབས་གཉིས་གཙོ་བོར་བཟུང་ནས་རྩོམ་རིག་གི་སྡེ་ཚན་འདི་བཞིན་གྲུབ་ཡོད།
གླེང་བརྗོད་ནང་གསལ་བཞིན་གཙོ་ཕལ་གྱི་དབྱེ་བ་ཕྱེས་ནས་སྦྱངས་ན་ཕན་ནུས་ཆེ་བར་བསམས་ནས་རྩོམ་སྒྲིག་འདི་ལྟར་བྱས་པ་ཡིན། (འཛིན་རིམ་བརྒྱད་པའི་སློབ་དེབ། སྐད་ཡིག ཤོག་ངོས།༦༦ལས་དྲངས།)ཞེས་བཀོད་པ་དང་མི་འདྲ་ས་དེ་ཡིན་ལ། ང་ཚོས་སློབ་ཚན་ཁག་གྲངས་འདྲེན་ཙམ་བགྱིས་པ་ནི་སློབ་དེབ་ཀྱི་ཤོག་གྲངས་མང་པའི་རྒྱུ་དང་རྩོམ་སྒྲིག་པའི་ལས་ལྷག་ལས་མ་འདས་ཤིང་། དེ་ལས་གོང་གི་བོད་ནང་གི་སློབ་དེབ་ཁག་གི་ནང་བཀོད་པ་ཇི་བཞིན་སྡེ་ཚན་རེ་རེའི་ནང་གི་སློབ་ཚན་ཁག་ཏུ་ཁྱད་ཆོས་དང་བྱ་བྱེད། དངོས་པོའམ་སྲོག་ཆགས། སུ་དང་གང་ཞིག་ཞིབ་འབྲིའམ། བསྡུས་འབྲིའམ། ལྡོག་འབྲིའམ། བསྡུས་བརྗོད་དུ་བྲིས་ཡོད་མེད་དང་། སློབ་ཚན་ཁག་གི་མཚོན་སྟངས་དང་འབྲི་ཐབས་གང་འདྲ་ཞིག་དང་ཅི་ཞིག་བཀོལ་ཡོད་མེད། སློབ་ཚན་དེ་དག་བསླབས་པ་བརྒྱུད་ནས་གནས་དང་གནད་གང་ཞིག་ཤེས་རྟོགས་དགོས་མིན་བཅས་གསལ་ཙམ་བཀོད་ཐུབ་ན། སློབ་དེབ་ནི་དགེ་རྒན་གྱི་རོགས་པའམ་ལག་ཆ་ཡག་ཤོས་ཡིན་པའི་དོན་སྙིང་ལྡན་པ་མ་ཟད། དེང་གི་འུ་ཚོའི་དགེ་རྒན་གྱི་སློབ་ཚན་ལ་དཔྱད་འཇོག་དང་སློབ་ཕྲུག་ལ་རིགས་ཤེས་ཀྱི་བག་ཆགས་འཇོག་པའི་གནས་སྟངས་སྐྱོ་བོ་འདི་ལའང་ཚད་མཐོན་པོའི་རོགས་འདེགས་གྱ་ནོམ་པ་ཞིག་ཏུ་ཅིའི་ཕྱིར་མི་འགྱུར་གྲང་།
གཞན་ད་དུང་སྡེ་ཚན་ངོ་སྤྲོད་ཀྱི་ནང་དོན་འོག་གི་སློབ་ཚན་ལས་བརྒལ་ཏེ་རྒྱ་ཆེ་དྲགས་པ་དང་སློབ་ཚན་དང་མི་འབྲེལ་བའི་ཆེས་སྤྱིར་བཏང་གི་ནང་དོན་གཏིང་གང་ཟབ་ཅིག་བཅུག་པ་ནི་དགེ་རྒན་ལ་མཚོན་ན་ལག་ཆ་ལས་ཁུར་བོ་རུ་གྱུར་འདུག་ལ། སྡེ་ཚན་ངོ་སྤྲོད་ཀྱི་གཤམ་དུ་སློབ་ཚན་ཞིག་གི་ནང་དོན་སྙིང་བསྡུས་ཡིན་ཁུལ་གྱི་ཡིག་ལྷག་མང་པོ་ཞིག་བཅུག་གདའ་བ་ནི་དཔེར་ན། ཀ༽རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་། ༄༅། །བོད་ཀྱི་བརྡ་སྤྲོད་པའི་རིག་པའི་གཞུང་ལས་རྟགས་ཀྱི་འཇུག་པའི་ནང་དོན་གཙོ་བོ་ནི་ཡི་གེ་སྤྱི་དང་བྱེ་བྲག་སྔོན་རྗེས་མིང་གསུམ་གྱི་རྟགས་ཀྱི་དབྱེ་བ་དང་འཇུག་པའི་ཚུལ། དེ་འབྲེལ་བྱ་བྱེད་ལས་གསུམ་དང་། དངོས་པོ་བདག་གཞན། དུས་གསུམ་རྣམ་གཞག་བཅས་བྱ་བའི་ཚིག་གི་དཀའ་གནད་རྣམས་གསེད་བཀྲོལ་བྱས་ནས་བཤད་པ་དེ་ཡིན།
བྱ་བའི་ཚིག་ལ་ཚེག་ཁྱིམ་མང་ཉུང་དབང་གིས་དབྱེ་སྟངས་ཤིག་ཡོད། དཔེར་ན། ཚེག་ཁྱིམ་རྐྱང་པ། ཀློག སྒྲུབ། ཚེག་ཁྱིམ་གཉིས་འདུས། ར་འཕྲོད། ཐག་གཅོད། ཚེག་ཁྱིམ་གསུམ་འདུས། མགོ་སྐོར་གཏོང་། དཀའ་ལས་རྒྱག ཚེག་ཁྱིམ་མང་འདུས། སྐྱོན་སྤང་དགེ་སྒྲུབ་བྱེད། སྲ་བརྟན་དུ་གཏོང་ལྟ་བུ་ཡིན།(འཛིན་རིམ་བརྒྱད་པའི་སློབ་དེབ། སྐད་ཡིག ཤོག་ངོས། ༡༤ལས་དྲངས།)ཞེས་བཀོད་པ་དང་། སློབ་ཚན་དངོས་གཞིའི་མགོ་རུའང་སླར་ཡང་གོང་གི་ནང་དོན་འདི་དག་དང་མཚུངས་པ་ཞིག་བཀོད་ཡོད་པས། སྤྱི་བཤད་རྒྱ་ཆེན་འདི་འདྲ་བསྐྱར་ཟློས་ཡང་ཟློས་བྱས་པ་ནི་རྒྱན་དང་བཟང་ཞིག་གཏན་ནས་མ་ཡིན་པར། དགེ་རྒན་ཚོས་ལག་པ་མ་འཆང་པར་བཞག་ན་མི་འགྲིག་ཅིང་ཟབ་དང་གནད་ལ་ཁེལ་བ་ཞིག་བསླབ་ན་སློབ་ཚན་དངོས་གཞི་ལ་འགོར་འགྱིང་བྱེད་པ་དང་། སྤྱི་བཤད་རྒྱ་ཆེན་འདི་འདྲ་བཤད་ན་སློབ་མས་མི་གོ་བ་བཅས་ཀྱི་ཚེགས་སུ་གྱུར་འགྲོ་བ་འདི་ཡང་མི་ལེགས་པ་ཞིག་གོ།།
གཉིས་པ། བར་བཅུག་གི་སྐོར།
འདི་ནི་སྡེ་ཚན་རེ་རེའི་ནང་དང་སློབ་ཚན་རེ་རེའི་མགོ་མཇུག སྦྱོང་ཚན་གྱི་བར་བར་དག་ལ་དཀར་ཆག་གི་ནང་དུའང་མ་འཚུད་པའི་<<སྡོམ་ཚིག>>ཁག་ཅིག་དང་། <<རིག་པ་འདོན་པ>>ཟེར་བ། <<གཏམ་དཔེ།>> <<བྱ་སྤྲེལ་གཏམ་རྒྱུད་ལས་>>དང་<<སྣང་ས་འོད་འབུམ་གྱི་རྣམ་ཐར་ལས།>> <<ཁ་ཆེའི་ཕ་ལུའི་འཇིག་རྟེན་ལས་འབྲས་རྩི་ལུགས་ཀྱི་བསླབ་བྱ་ལས་>>ཞེས་དང་<<འབྲས་དཀར་གྱིས།>> <<རྫ་ཙིག་གཏམ་རྒྱུད་ལས>>ཞེས་སོགས་ལུང་འདྲེན་བྱས་པར་བརྗོད་པ་ཡིན་ལ། འདི་དག་ལ་སློབ་དེབ་ནང་དུ་བར་བཅུག་ཅེས་བཏགས་མིང་འདྲ་མི་མཐོང་ཡང་། སློབ་དེབ་ཀྱི་དབུ་རུ་ཆེད་བརྗོད་ཅེས་པ་ཞིག་སྤེལ་བའི་ནང་ཟུར་བཀོད་དང་ཟུར་རྒྱན་ཞེས་གསུངས་འདུག་པ་ལས་ཟུར་རྒྱན་འཇུག་ས་ཞིག་མི་འདུག་ཕྱིར་འདི་དག་བསྟན་པ་མིན་འགྲོ་སྙམ། གང་ལྟར་ཡང་སྤྱིར་དཔེ་དེབ་ཅིག་གི་བར་བཅུག་ཡི་གེ་དང་རི་མོ་ཅི་རིགས་ནི་མཛེས་བ་དང་ངལ་གསོ། ཡིད་འགུག་བཅས་ཀྱི་དགོས་པ་རླབས་ཆེན་བདོག་པ་ཞིག་ཡིན་རུང་། སློབ་དེབ་ནི་སྒྲིག་གཞི་དམ་པོ་ཅན་དང་དམིགས་ཡུལ་དང་ཚད་གཞི་གཏན་ཁེལ་ཅན་ཞིག་ཡིན་པས། ཕལ་ཆེར་སློབ་དེབ་ལ་བར་བཅུག་གིས་ཟུར་རྒྱན་བྱེད་པའི་སྲོལ་མེད་པ་འདྲ་སྟེ། བདག་གིས་བཙན་བྱོལ་གྱི་སྔོན་མའི་སློབ་དེབ་རྙིང་པ་ཁག་ཅིག་དང་བོད་ནང་གི་སློབ་དེབ་གང་མང་ཞིག་ལ་བལྟས་པས་མ་མཐོང་ལ།
ལྷག་པར་དུ་སློབ་དེབ་འདིའི་ནང་གི་བར་བཅུག་ནི་དཔེར་ན་<<བསླབ་བྱའི་སྡེ་ཚན་>>གྱི་<<རང་བྱུང་ཁོར་ཡུག་>>ཅེས་པའི་སློབ་ཚན་གྱི་མཇུག་ཏུ་གང་བྱུང་གིས་ཁྱུང་པོ་བསོད་ནམས་སྟོབས་རྒྱལ་དང་མཁས་དབང་དམུ་དགེ་བསམ་གཏན། ཁྲོམ་ཐར་འཇམ་དབྱངས་ཡོན་ཏན་རྒྱ་མཚོ་བཅས་ཀྱིས་བོད་ཀྱི་སྤྱི་སྐད་ངོས་འཛིན་ཐད་ཀྱི་སྐད་ཆ་དུམ་བུ་རེ་རིམ་བཞིན་བཀོད་(འཛིན་གྲྭ་བརྒྱད་པའི་སློབ་དེབ། སྐད་ཡིག ཤོག་ངོས།༤པར་གསལ།)འདུག་པ་དང་། སློབ་ཚན་དེའི་སྦྱོང་ཚན་གྱི་མཇུག་ཏུ་ཡང་<<རིག་པ་འདོན་པ་>>ཞེས<<་བྱིའུ་གསོད་ཀྱི་གྱོད་གཞི་>>ཟེར་བའི་སྒྲུང་ཐུང་ཞིག་བཀོད་(འཛིན་གྲྭ་བརྒྱད་པའི་སློབ་དེབ། སྐད་ཡིག ཤོག་ངོས། ༦ པར་གསལ།)འདུག་པ་ལྟབུ་སློབ་ཚན་དང་མི་འབྲེལ་ཞིང་འཚང་ཁ་འཐེབས་པས། སློབ་མར་ཤོག་ངོས་གཅིག་གཉིས་ཤིག་གི་བར་ནས་མགོ་ཉོག་བཟོ་བའི་རྒྱུ་ལས་མ་འདས་ལ། དགེ་རྒན་ལའང་སློབ་ཚན་དང་མི་འབྲེལ་པས་ལག་པ་འཆང་མི་ཤེས་པའི་ཁུར་བོ་ལྷག་མ་ཞིག་བཟོས་པ་ལས་ཅི་ལའང་མི་དགེ་ཞིང་། གོང་གི་གཏམ་དཔེ་དང་ལུང་འདྲེན་ཁག་ནི་བོད་ཀྱི་ཟློས་གར་ཆེན་པོ་བརྒྱད་གཙོ་བྱས་པའི་བརྩམས་ཆོས་རྙིང་གྲས་དང་ལེགས་གྲས་ཀྱི་ནང་ནས་དོན་མཐུན་པ་དང་གཏིང་ཟབ་པའི་རིགས་བསྡུ་བསྒྲིགས་ཀྱིས་བཀོད་པ་དང་། འདི་ནི་དེ་སྔོན་གྱི་སློབ་དེབ་ཁག་གི་ནང་གཏིང་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་བསྡུ་བསྒྲིགས་བྱས་པའི་ནད་རྙིང་དེ་བསྐྱར་ལངས་བརྒྱབ་པ་འབའ་ཞིག་རེད། ནང་དོན་རྒྱ་ཆེན་དོན་ཆེན་རིགས་ཐམས་ཅད་སློབ་དེབ་གཅིག་གི་ནང་ག་ལ་འཛོམས་དགོས། སློབ་དེབ་ནི་མཛོད་ཁང་ནང་ལོག་ལྟ་བུ་རིན་པོ་ཆེ་ཐམས་ཅད་འཛོམས་ས་དེ་ཡིན་མི་དགོས་པར། སློབ་དེབ་ནི་རིན་པོ་ཆེ་ཐམས་ཅད་འཛོམས་སའི་མཛོད་ཁང་གི་སྒོ་ཟྭ་འབྱེད་བྱེད་ཀྱི་ལྡེ་མིག་ཏུ་བཟོ་བཏུབ་ན་འགྲིག་པས། བར་བཅུག་གིས་སློབ་དེབ་ནང་ཉོག་དཀྲུག་ན་དེ་ནི་བཟང་དང་རྒྱན་ལས་སྡུག་དང་བཙོག་ཅིག་རེད་ཅེས་བརྗོད་དོ།།
གསུམ་པ། སློབ་ཚན་གྱི་སྐོར།
འདི་ནི་སྡེ་ཚན་ཡོངས་ཀྱི་སློབ་ཚན་དངོས་གཞི་གཏན་འབེབས་དང་སློབ་ཚན་གྱི་མཇུག་གི་སྦྱོང་ཚན་བཀོད་སྒྲིག་བྱས་སྟངས་གྲ་མི་དག་ཅིང་འཐུས་མི་ཚང་བ་འགའ་ཞིག་མཐོང་བར་བརྗོད་པ་ཡིན། སློབ་དེབ་ཅིག་གི་ནང་སྙིང་ནི་སློབ་ཚན་དང་སྦྱོང་ཚན་ཡིན་པས། འདི་ལས་གལ་ཆེ་བ་ཞིག་གང་ན་ཡོད། སློབ་དེབ་གསར་མ་འདིའི་ནང་སློབ་ཚན་སྒྲིག་སྟངས་ཀྱི་ཐད་ནས་བསླབ་བྱའི་སྡེ་ཚན་དང་བརྡ་སྤྲོད་སྡེ་ཚན། རྩོམ་རིག་སྡེ་ཚན། ལག་ལེན་སྡེ་ཚན་བཅས་ནི་ཨང་རིམ་བཀོད་པའི་སློབ་ཚན་ཏེ་སློབ་ཁྲིད་སློབ་ཚན་དང་། གོ་རྟོགས་སྡེ་ཚན་གྱི་སློབ་ཚན་སློབ་མ་རང་ངོས་ནས་ཀློག་དགོས་པའི་རིགས་དང་གཞོགས་འདེགས་སྡེ་ཚན་གྱི་སློབ་ཚན་རྣམས་དངོས་གཞིོའི་སློབ་ཚན་ཁྲིད་སྐབས་གཞོགས་འདེགས་ཡོང་ཐབས་བྱེད་དགོས་པའི་རིགས་ཡིན་ཞེས་ཆེད་བརྗོད་ནང་བཀོད་འདུག འོན་ཀྱང་། གྲ་མི་དག་ས་ནི་གོ་རྟོགས་དང་གཞོགས་འདེགས་སྡེ་ཚན་གྱི་སློབ་ཚན་ཏེ་བོད་ནང་གི་སློབ་དེབ་ཁག་གི་མིང་གིས་བོས་ན་ལྟ་ཀློག་དང་རང་ཀློག་སློབ་ཚན་རྣམས་དཀྱུས་གཅིག་ཏུ་སྡེ་ཚན་རེ་རེའི་ནང་སྤུངས་གསོག་བརྒྱབ་འདུག་པ་འདི་ཡིན། ལྟ་ཀློག་སློབ་ཚན་འཇོག་པ་ནི་སློབ་དེབ་སྒྲིག་མཁན་དག་གི་སྤྱི་སྲོལ་ཞིག་ཡིན་དབང་དུ་བྱས་ཀྱང་། སློབ་དེབ་འདིའི་ནང་ལྟ་ཀློག་སློབ་ཚན་རྣམས་དཀྱུས་གཅིག་ཏུ་སྡེ་ཚན་གཅིག་བཟོས་པ་ནི་ཀུན་དང་མི་མཐུན་པ་དེ་རེད་སྙམ། འདི་ནི་དེ་སྔོན་གྱི་སློབ་དེབ་ནང་གཞོན་ནུ་དྲུག་གི་རྟོགས་བརྗོད་ཚན་པ་བྱས་ཏེ་བཀོད་ནས་གཞོགས་འདེགས་ཡིན་ཚུལ་བརྗོད་པ་དང་འདྲ་མཚུངས་སུ་མཐོང་། ཁོ་བོས་སྒྲིག་སྟངས་འདི་གྲ་དག་ཅིག་ཏུ་མ་མཐོང་ནས་བོད་ནང་གི་སློབ་དེབ་ཁག་ཅིག་གི་སྒྲིག་སྟངས་ལ་བལྟས་པར། དེ་དག་གི་ནང་དུ་འདི་ལྟར་རང་འགར་སྤུངས་གསོག་བརྒྱབ་མི་འདུག སྡེ་ཚན་སོ་སོའི་ནང་གི་རང་ཀློག་དང་ལྟ་ཀློག་སློབ་ཚན་རྣམས་སྡེ་ཚན་སོ་སོར་རྟགས་བཀོད་དེ་བཞག་འདུག གོ་རྟོགས་དང་གཞོགས་འདེགས་སློབ་ཚན་རྣམས་གཅིག་ཏུ་སྤུངས་པས་དངོས་གཞིའི་སློབ་ཚན་གང་དང་གང་ཞིག་གི་སྐབས་སུ་སློབ་མས་བཀླག་དགོས་པ་དང་གཞོགས་འདེགས་སུ་བཀོལ་སྤྱོད་བྱ་དགོས་མིན་མི་ཤེས་པའི་མགོ་རྙོག་ཅིག་བཟོས་པ་ལས་མ་འདས་ཤིང་། ལྷག་པར་དུ་བཙན་བྱོལ་གྱི་དགེ་རྒན་ང་འདྲ་བ་དག་གིས་ཤེས་ཚད་ཀྱི་སྟེང་ནས་དེ་ལྟར་ཡར་སྦྱར་མར་སྣོན་བྱེད་དཀའ་བས། འདི་ནི་མི་དགོས་ས་ནས་སློབ་ཁྲིད་ཀྱི་ཆུ་ཚད་ཞན་དུ་བཏང་པ་ཞིག་ལས་ཅི་ཡང་མ་ཡིན་སོང་།
དེ་ནས་སློབ་ཚན་སྤྱི་ཡོངས་ཀྱི་ཐད་ནས་སློབ་ཚན་རྣམས་རྩོམ་དཔེ་མང་ཆེ་བ་ལས་གཞུང་ལུགས་དང་མ་སྦྱར་དེ་འདུག་ལ། གལ་སྲིད་དེ་དག་གི་གཞུང་ལུགས་རྣམས་འཛིན་གྲྭ་དྲུག་པ་དང་བདུན་པ་རུ་སྦྱངས་ཟིན་པ་ཡིན་ཟེར་བ་སྟེ། དཔེར་ན། གསལ་བཤད་རྩོམ་ཡིག་གི་རྩོམ་དཔེ་གཉིས་བཀོད་པའི་སྔོན་དུ་༄༅། གསལ་བཤད་ཀྱི་རྩོམ་ཡིག་ནི་ང་ཚོས་འཛིན་གྲྭ་དྲུག་པ་དང་བདུན་པ་བཅས་ཀྱི་ནང་གོ་དོན་དང་དཔེ་མཚོན། རྩོམ་དཔེ་བཅས་ཀྱི་སྒོ་ནས་ཅུང་ཞིབ་ཙམ་སྦྱངས་ཟིན། འདིར་གོ་དོན་སོགས་བསྐྱར་ཟློས་མི་བྱ་བར་གསལ་བཤད་རྩོམ་དཔེ་གཉིས་གོ་སྒྲིག་བྱས་ཡོད་(འཛིན་རིམ་བརྒྱད་པའི་སློབ་དེབ། སྐད་ཡིག ཤོག་ངོས། ༩༠ སྟེང་གསལ།)ཅེས་པ་ལྟ་བུ་ཡིན་ན། སློབ་དེབ་ལ་བསྐྱར་ཟློས་ཙམ་ལས་འཕེལ་རྒྱས་མེད་སོང་བ་རེད་ལ། སློབ་དེབ་ལ་འཕེལ་རྒྱས་མེད་ན་སློབ་མའིོ་སློབ་སྦྱོང་ལ་འཕེལ་རྒྱས་མི་འབྱུང་བ་ཨ་ཅང་ཅང་། ལྷག་ཏུ་འདི་ཡང་སློབ་ཚན་འདི་དག་གི་གཞུང་ལུགས་རང་ངོས་ནས་གྲོལ་ཏེ་སློབ་མའི་རྒྱུད་ལ་ཡང་དག་གཙང་དག་གིས་འཇོག་མི་ཤེས་པའི་དགེ་རྒན་ང་འདྲ་བ་དག་གི་སློབ་ཁྲིད་ཀྱི་སྤུས་ཀ་ཞན་དུ་འགྲོ་བའི་རྒྱུ་ཉག་གཅིག་རེད་ཟེར་རྒྱུ་ཡིན།
སློབ་ཚན་གྱི་གནས་ཚད་དོ་མཉམ་མིན་པའི་སྡུག་སྐད་ཅིག་བརྒྱབ་ན། དཔེར་ན་ལེགས་བཤད་ལྟ་བུ་བོད་ཀྱི་རྩོམ་རིགས་ཀྱི་མཐོ་ས་ཞིག་ཡོད་པ་ལ་རྒྱུན་སྤྱོད་ཡིག་རིགས་དང་མཚར་གཏམ་ལྟ་བུ་དམའ་ས་ཞིག་ཀྱང་ཡོད་པ་དང་། ང་དང་ཚགས་པར་དབར་གྱི་གཏམ་རྒྱུད་ལྟ་བུ་ཇི་བཞིན་བརྗོད་པའི་རྩོམ་ཡིག་བཀོད་གདའ་བ་ལ་ས་སྨྱུག་གི་རང་གཤིས་ལྟ་བུ་རང་མོས་སྙན་ངག་ཀྱང་བཀོད་པ་གདའ་ལ། ལྷག་པར་དུ་རང་མོས་སྙན་ངག་གི་ཐད་ནས་བཤད་ན་བོད་ཀྱི་རྩོམ་རིག་གསར་པའི་གྲས་ཡིན་པས། ཚིགས་བཅད་སྙན་ངག་ལྟར་འབྲི་སྟངས་དང་འགྲེལ་ཚུལ་སོགས་ཀྱི་ཐད་ནས་ད་དུང་བོད་ལ་སྤྱི་མོས་ཀྱི་གཞུང་ལུགས་ཤིག་ཆགས་ཐུབ་མེད་པས། དགེ་རྒན་ལ་གཞུང་ལུགས་ཀྱི་རྒྱབ་རྟེན་མེད་པ་ལ། རང་མོས་སྙན་ངག་བྲིས་བའི་མྱོང་བ་ཙམ་ཡང་ཕལ་ཆེར་དཀའ་བའི་བཙན་བྱོལ་གྱི་དགེ་རྒན་ང་ལྟ་བུ་དག་གིས་སློབ་མར་ཇི་ལྟར་ཁྲིད་པ་ལྟ་བུ་སོགས་ཀྱིས་མཚོན་ནོ།།
རྩོམ་རིག་སྡེ་ཚན་གྱི་ནང་དུ་བོད་སྒྱུར་རྩོམ་དཔེ་ཞེས་བོད་བསྒྱུར་ཟིན་པའི་རྩོམ་ཡིག་གཅིག་ཚན་པ་གཉིས་ལ་བགོས་ཏེ་བཀོད་པ་དང་བོད་བསྒྱུར་མ་ཟིན་པའི་དབྱིན་ཡིག་གི་རྩོམ་ཐུང་མི་འདྲ་གཉིས་བཅས་བཀོད་དེ་སློབ་མར་བསྒྱུར་ལུགས་སློབ་པའི་དགོས་པ་བསྟན་པའང་། དགེ་རྒན་རྣམས་ལ་རྒྱུས་དང་བྱང་ཆ་གང་ཡང་མེད་པ་ཞིག་ཡིན་པས། འདིའང་གོང་གི་གནས་སྟངས་དེ་དག་གིས་མཚོན་པ་ལྟར་དགེ་རྒན་རང་ཉིད་ཀྱིས་མི་འཇོན་ན་སློབ་མར་བསྒྱུར་ཟེར་བའི་བྱ་བ་དཀའ་བ་དང་གནད་ཆེ་བ་ཞིག་ཇི་ལྟར་ཁྲིད་རྒྱུ་ཡིན་ནམ། འདི་ལྟར་དགེ་རྒན་གྱིས་ཁྲིད་མི་བཏུབ་པའི་སློབ་ཚན་མང་པོ་སློབ་དེབ་ཀྱིི་ནང་དུ་སྤུངས་པས་སློབ་དེབ་ཀྱི་ཤོག་གྲངས་མང་བ་དང་སློབ་མས་ཡིད་དབང་འགུག་པའི་སློབ་ཚན་ཉུང་བ་སོགས་སློབ་དེབ་ཀྱི་མཛེས་ཆ་དང་བརྩེ་འདང་སོགས་ལ་དོ་ཕོག་མི་ཆུང་བ་ཞིག་བཟོས་པ་མ་ཡིན་ནམ།
ད་ནི་སློབ་ཚན་རེ་རེའི་མཇུག་གི་སྦྱོང་ཚན་གྱི་སྐོར་ནས་ཅུང་ཙམ་འཕྲོས་ན། དངོས་གཞིའི་སློབ་ཁྲིད་སློབ་ཚན་ཡོངས་ཀྱི་མཇུག་ཏུ་ཡོད་ཆོག་ཆོག་གིས་བཞག་གདའ་བའི་ཚིག་གྲོགས་འཚོལ་བ་དང་ཚིག་སྒྲུབ་བཟོ་བའི་སྦྱོང་ཚན་ལྟ་བུ་ནི་འཛིན་གྲྭ་བརྒྱད་པའི་སློབ་དེབ་ཏུ་འོིས་པར་མ་མཐོང་། འཛིན་གྲྭ་དང་པོ་ནས་ཚིག་གྲོགས་བཙལ་ཞིང་ཚིག་སྒྲུབ་བཟོས་པས་ད་ནི་ཡར་རྒྱས་ཀྱི་ཆ་ཞིག་ཅིས་ཀྱང་དགོས་ངེས་རེད། བྱས་ཙང་འདི་ནི་གནས་ཚད་ཤིན་ཏུ་ནས་དམའ་དྲགས་སོང་བ་རེད། དེ་ནས་སྦྱོང་ཚན་གྱི་མཛེས་ཆ་ལ་ཉམས་དང་དོད་མེད་པ་དང་། སྦྱོང་ཚན་ལ་རིགས་དང་རྣམ་གྲངས་ཤིན་ཏུ་ཉུང་ཆེ་བས། སློབ་དེབ་ནི་མེ་ཏོག་རྭ་བ་ལྟ་བུ་ཕྲ་ཚོམ་དགུ་ཚོམ་མ་ཡིན་པར་སྐྱ་ཐིང་ཐིང་གི་ཕྱེ་ཐང་ཆེན་པོ་ཞིག་ལྟར་མཐོང་བས། སློབ་མ་ཚོར་སྦྱོང་ཚན་འབྲི་བའི་སྤྲོ་བ་མི་སྣོན་ཞིང་སྦྱོང་ཚན་འབྲི་བའི་དྭངས་བའང་མི་འདྲེན་ལ། ལྷག་པར་དུ་སྦྱོང་ཚན་ལ་སྐོར་ལམ་དང་ཀྱོག་ལམ་ལྟ་བུ་དང་། རིག་པ་རྩེད་ས་དང་བློ་འདོན་ས། འདང་རྒྱག་ས་སོགས་མི་བདོ་བས། སློབ་མའི་བློ་རིག་བསྔོག་འདོན་གྱི་ནུས་པ་མི་ཐོན་པ་མ་ཟད། སློབ་ཚན་ལ་ངེས་ཆ་ཡོང་བའི་ཐབས་ཀྱང་ཡག་པོ་ཞིག་འཁྱོང་མི་འདུག་གོ།
མཇུག་གཏམ།
གོང་གི་རན་ལ་མ་རན་གྱི་ཡག་ལ་ཡག་གཉིས་དང་སྡུག་ལ་སྡུག་གསུམ་གྱི་སྐད་ཆ་འདི་དག་ནི་ངས་རང་གི་མྱོང་བ་ངོ་མ་ཞིག་དམར་རྗེན་རྗེན་དུ་ཀུན་ལ་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་ཕུལ་བ་ཙམ་ལས། སུ་ཞིག་ལ་སྐྱོན་དང་རང་ལ་ཡོན་ཏན་དུ་བལྟས་པ་གཏན་མིན་ལ། ལྷག་པར་དུ་ལོ་ངོ་མང་པོ་ཞིག་གི་གོང་ནས་གཏམ་བཤད་མཁན་དང་བགྲོ་གླེང་བ་མང་པོ་ཞིག་གིས་དོན་དངོས་སློབ་དེབ་འགྲེམས་སྤེལ་རིམ་པར་འགྱུར་བ་སོང་ཡོད་དང་མེད། ཡང་ན་འགྱུར་བ་ཇི་ལྟར་སོང་སྟངས་སོགས་ལ་བརྟག་དཔྱད་དང་གོ་རྟོགས་མེད་པར་སློབ་དེབ་ཀྱི་ནང་དུ་ཆོས་ཀྱི་བསམ་བློ་ཤུགས་ཆེ་བས་སློབ་མར་མི་རན་པ་བཅས་ཀྱི་སྐད་ཅོར་རབ་དང་རིམ་པར་འདོན་གྱིན་ཡོད་ལ། ང་ཚོས་སློབ་དེབ་ཀྱི་སྐོར་ལ་ཁ་བརྡའི་ཁྲོད་ནས་སྐད་ཆ་ཚིག་གཅིག་གཉིས་ཤིག་གིས་སྡོམ་ཚིག་ཅིག་བཀོད་དེ་སུ་ལའང་མི་ཕན་ཞིང་གང་ལའང་མི་འགྲོ་བ་ཞིག་ལས། ད་ཕན་ང་ཚོར་སློབ་དེབ་ཀྱི་སྟེང་ལ་ཞིབ་ཚགས་པོས་ནན་བཤད་དང་ནན་འབྲི་བྱས་པ་ཤིན་ཏུ་དཀོན་པས། མ་འོངས་པའི་ང་ཚོའི་སློབ་དེབ་བགྲོ་གླེང་གི་གཞི་ལམ་ཞིག་གི་མགོ་འཛིན་འདོད་པའང་ཡིན་ནོ།།
དཔྱད་གཞིའི་དཔེ་དེབ་ཁག
༡ འཛིན་གྲྭ་བརྒྱད་པའི་སློབ་དེབ། སྐད་ཡིག བོད་གཞུང་ཤེས་རིག་རྩོམ་སྒྲིག་སྡེ་ཚན་ནས་གཏན་འབེབས་བྱས་ཏེ་ཤེས་རིག་དཔར་ཁང་ནས་དཔར་དུ་བསྐྲུན། ༡༩༩༤
༢ འཛིན་གྲྭ་བརྒྱད་པའི་སློབ་དེབ། སྐད་ཡིག བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་རྩོམ་སྒྲིག་དང་འགྲེམས་སྤེལ་བྱས། བོད་གཞུང་ཤེས་རིག་པར་ཁང་གིས་པར་བསྐྲུན་དང་འགྲེམས་ཚོང་བྱས། བོད་རྒྱལ་ལོ།༢༡༢༩ ཕྱི་ལོ།༢༠༠༢
༣ ལྗོངས་ཞིང་ལྔའི་མཉམ་སྒྲིག་སློབ་གཞི། ལོ་དགུའི་འགན་བབ་སློབ་གསོ་ལོ་གསུམ་ལམ་ལུགས་ཀྱི་དམའ་རིམ་སློབ་འབྲིང་གི་སློབ་དེབ། སྐད་ཡིག དེབ་བཞི་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
༤ ལྗོངས་ཞིང་ལྔའི་མཉམ་སྒྲིག་སློབ་གཞི། ལོ་དགུའི་འགན་བབ་སློབ་གསོ་ལོ་གསུམ་ལམ་ལུགས་ཀྱི་དམའ་རིམ་སློབ་འབྲིང་གི་སློབ་དེབ། སྐད་ཡིག དེབ་ལྔ་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
༥ ལྗོངས་ཞིང་ལྔའི་མཉམ་སྒྲིག་སློབ་གཞི། ལོ་དགུའི་འགན་བབ་སློབ་གསོ་ལོ་གསུམ་ལམ་ལུགས་ཀྱི་དམའ་རིམ་སློབ་འབྲིང་གི་སློབ་དེབ། སྐད་ཡིག དེབ་དྲུག་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
༦ ལྗོངས་ཞིང་ལྔའི་མཉམ་སྒྲིག་སློབ་གཞི། ལོ་དགུའི་འགན་བབ་སློབ་གསོ་ལོ་གསུམ་ལམ་ལུགས་ཀྱི་དམའ་རིམ་སློབ་འབྲིང་གི་སློབ་དེབ། སྐད་ཡིག དེབ་བདུན་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
༧ ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི། ལོ་དགུའི་འོས་འགན་སློབ་གསོའི་སློབ་ཆུང་གི་སློབ་དེབ། སྐད་ཡིག དེབ་བརྒྱད་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
༨ འཚོལ་རྟོག་སྙིང་སྟོབས། བདུད་ལྷ་རྒྱལ། བདག་དཔེ་ཚོགས། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་།
༩ བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན། སྨད་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
རྒན་སྐལ་བཟང་ཉི་མ་ལགས་ཀྱིས་དོན་ལྡན་གྱི་རྩོམ་ཞིག་སྤེལ་བར་ཡི་རང་ཡོད། བཙན་བྱོལ་ནང་གི་བོད་ཡིག་དགེ་རྒན་ཚོས་འདི་འདྲ་ལ་བསམ་འཆར་འདོན་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན་པས་རྒན་གཞན་པ་དག་གིས་ཀྱང་ཁ་མིག་ཡར་ལྟ་བྱས་ན་བཟང་སྙམ།
(<<རང་བྱུང་ཁོར་ཡུག་>>ཅེས་པའི་སློབ་ཚན་གྱི་མཇུག) འདི་ནི་ཁོར་ཡུག་སྲུང་སྐྱོབ་ཅེས་པའི་སློབ་ཚན་ལགས་ན་གོང་གི་སློབ་ཚན་དེ་འདྲ་ཞིག་བཙལ་ནས་ཐང་ཆད་སོང་ནོར་བཅོས་གནང་རོགས།
ཤེས་རིག་ལས་ཁུངས་ནང་དུ་སློབ་དེབ་སྒྲིག་ཤེས་པའི་ལས་བྱེད་ཅིག་མེད་པ་གསལ་ཐག་ཆོད་རེད། ས་རཱ་སློབ་མཐར་ཕྱིན་མཚམས་སློབ་དེབ་སྒྲིག་ཤེས་ན་ད་དཔེ་ཟགས་རེད། དེ་བས་ཤེས་རིག་ནས་སློབ་དེབ་སྒྲིག་མི་ཤེས་ན། བོད་ནང་གི་སློབ་དེབ་དག་གི་བརྒྱ་ཆ 70 མ་རྩར་བཞག་ནས་དེའི་སྟེང་བརྒྱུ་ཆ 30 གསར་གཏོད་བྱས་ན་མ་འོངས་པར་འགན་འཁྱེར་ཐུབ་ཀྱི་རེད།།
སློབ་དེབ་གསར་པ། ལ་ སློབ་དེབ་གསར་བ་ཞེས་བྲིས་པ་འདིས་གང་མཚོན་ནམ་ཞེ་ན། ང་ཚོའི་སློབ་དེབ་ནང་གི བོད་སྐད་ནང་ལ།
གསར་པ།
གསར་བ།
གསར་ཤོས།
ཞེས་པའི་ཚི་འབྲུ་གསུམ་པོ་དེ་དག་ལ་དོ་སྣང་མ་བྱུང་བ་དང་། དེ་དག་གི་དག་ཆ་གཏན་འབེབས་མ་ཐུབ་པས་ལན་པ་རེད་དོ། །
དགེ་རྒན་སྐལ་བཟང་ཉི་མས་དཔྱད་ཡུལ་གྱི་སློབ་དེབ་ལ་ཞིབ་ཏུ་གཟིགས་ནས་བློ་གཟུར་བོས་དཔྱད་བརྗོད་སྤེལ་བ་ནི་བསྔགས་པར་འོས་སོ།།