ཁ་སང་ཨ་རིའི་ཕྱི་སྲིད་མགྲིན་ཚབ་པས་རྒྱ་གཞུང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་འགྲོ་བར་སེམས་འཚབ་དང་། བལ་ཡུལ་སྲིད་གཞུང་གིས་བོད་མི་གང་བྱུང་འཛིན་བཟུང་བྱས་པར་སྐྱོན་བརྗོད་བྱས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྱི་ཨ་རིའི་གཞུང་འབྲེལ་གསར་འགོད་ལྷན་ཚོཊ་ཤིག་གི་སྐབས། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མཆོག་གིས། བོད་ནང་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བསྟུད་མར་འབྱུང་བཞིན་པ་དང་། ལྷག་པར་དུ་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་འོག བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་པར་ཨ་རིའི་གཞུང་གིས་ཐུགས་འཚབ་ཆེན་པོ་ཡོད་སྐོར། ཨ་རིའི་གཞུང་གིས་རྒྱ་གཞུང་གིས་བོད་ནང་བོད་མི་ཚོར་ཞེད་སྣང་གང་ཡང་མེད་པར། སོ་སོའི་བསམ་ཚུལ་ཁག་ཞི་བའི་ཐོག་ཕྱིར་འདོན་ཆོག་པའི་རང་དབང་སྤྲོད་དགོས་རྒྱུ་དང་། རྒྱ་གཞུང་གི་ལས་ཀ་བྱེད་ཕྱོགས་ཕྱི་གསལ་ནང་གསལ་ཡོང་དགོས་པའི་ནན་སྐུལ་ཞུས་ཡོད་འདུག
དེ་བཞིན། སྐབས་དེར་ཨ་རིའི་ཕྱི་སྲིད་མགྲིན་ཚབ་པས་བལ་ཡུལ་སྲིད་གཞུང་གིས་ཡུལ་དེར་གནས་སྡོད་བོད་མི་རྣམས་གང་བྱུང་འཛིན་བཟུང་བྱེད་བཞིན་པའི་བྱ་སྤྱོད་ལ་སེམས་འཚབ་ཆེན་པོ་ཡོད་སྐོར་ནན་བརྗོད་གནང་ཡོད་འདུག
གསར་འགོད་པ། དཔལ་ལྡན།
བོད་པ་འགྲོ་བ་མིའི་རིགས་སུ་བརྩིས་ཀྱི་ཡོད་ན་འདི་ལྟར་དགོས་ངེས་རེད།