རྒྱ་ནག་གཞུང་གིས་ཟླ་སྔོན་མའི་ནང་འཛིན་བཟུང་བྱས་པའི་རེབ་གོང་གཡེར་གཤོང་དགོན་པའི་དགེ་འདུན་པ་ཡར་འཕེལ་ལགས་ལ་ཁྲིམས་ཐག་བཅད་འདུག
འདིར་གནས་ཚུལ་འབྱོར་བ་ལྟར་ན། ༢༠༡༣ ལོའི་ཟླ་ ༢ པའི་ཚེས་ ༢ ཉིན་གྱི་སྔ་དྲོ་འཛིན་བཟུང་བྱས་པའི་རྨ་ལྷོ་རེབ་གོང་གཡེར་གཤོང་དགོན་པའི་རང་ལོ་ ༤༢ སོན་པ་གྲྭ་ཡར་འཕེལ་ལགས་སུ། ཟླ་འདིའི་ཚེས་ ༡ ཉིན་ཀྱི་ཕྱི་དྲོར། དུས་བཀག་བཙོན་འཇུག་དུས་ཡུན་ལོ་ ༡ དང་ཟླ་ ༣ རིང་གི་ཁྲིམས་ཐག་བཅད་ཡོད་པ་དང་། ད་ལྟ་ཁོང་བྲག་དམར་འོག་གི་ས་གནས་བཙོན་ཁང་དུ་ཡོད་ནའང་རེ་གཟའ་ཟླ་བའི་ཉིན་ཁོང་ས་གནས་གཞན་ཞིག་ཏུ་འཁྲིད་རྒྱུ་ཡིན་སྐོར་བརྗོད་འདུག
ཁོང་འཛིན་བཟུང་བྱས་རྗེས་དགོན་པ་དང་ནང་མི་ཉེ་འབྲེལ་ཀྱིས་ས་གནས་འབྲེལ་ཡོད་སྲིད་གཞུང་ལ་ཀློད་གྲོལ་ཡོང་རྒྱུའི་རེ་བ་ཐེངས་མང་ཞུས་ཡོད་ནའང་། འབྲེལ་ཡོད་མི་སྣས་གྱོན་དོན་འདིའི་ཐད་ཞིང་ཆེན་ནས་ཐག་གཅོད་བྱ་རྒྱུ་ཡིན་པ་ལས་ཁུལ་དང་རྫོང་ལ་དབང་ཆ་མེད་སྐོར་བརྗོད་དེ་ཕན་འབྲས་མེད་པ་ཆགས་འདུག
ཁོང་ལ་ཁྲིམས་ཐག་གཅོད་དགོས་དོན་ནི་ལོ་སྔོན་མའི་ནང་རྒྱ་ནག་གི་ཚོགས་ཆེན་བཅོ་བརྒྱད་ཀྱི་སྐབས་ཏེ་ ༢༠༡༢ ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༤ ཉིན་རང་ལུས་མེར་རུ་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རེབ་གོང་ཆུ་མ་ཀློག་གཤོང་སྡེ་བའི་རང་ལོ་ ༢༥ ཡིན་པ་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ཀྱི་གདུང་ཐལ་རོང་བོ་དགོན་པའི་རྒྱབ་ངོས་ནས་ཀློག་གཤོང་སྡེ་པའི་རང་ཁྱིམ་དུ་གདན་འདྲེན་ཞུ་མཁན་ཡིན་པའི་ཉེས་འཛུགས་བྱས་ཡོད་འདུག
གྲྭ་ཡར་འཕེལ་ལགས་གྱི་ཕ་མིང་ལ་ཀླུ་འབུམ་རྒྱལ་རེད། སྐྱེས་ཡུལ་བྲག་དཀར་སྡེ་བ་ནས་ཡིན་པ་དང་། གཡེར་གཤོང་དགོན་པའི་དགེ་འདུན་པ་རྒན་གྲས་ཤིག་རེད་འདུག