ཁ་སང་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་འདུས་སྡོད་གང་སར་གསུམ་བཅུའི་དུས་དྲན་ཐེངས་ང་བཞི་བ་སྲུང་གཙི་བྱེད་བཞིན་པ་ལྟར། ལྷོ་ཀོ་རི་ཡར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གསུམ་དུས་ཐེངས་ ༥༤ པ་སྲུང་གཙི་བྱས་ཡོད་འདུག
ལྷོ་ཀོ་རི་ཡར་གནས་སྡོད་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན། ཁ་སང་ཕྱི་ཚེས་ ༡༠ ཉིན་རྒྱབ་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཅིག་གི་གོ་སྒྲིག་འོག ལྷོ་ཀོ་རི་ཡའི་ཆོས་རྒྱུད་ཆེན་མོ་ཇོ་གེ་ཇའོང་གི་མ་དགོན་སོ་གེ་སཱའི་རིག་གཞུང་འགྲེམས་སྟོན་ཁང་དུ། ལྷོ་ཀོ་རི་ཡའི་རང་དབང་ཚོགས་པ་ཁག་ཅིག་གི་འགན་འཛིན་དང་། ཆོས་ལུགས་འདྲ་མིན་གྱི་འཐུས་མི། ལྷོ་ཀོ་རི་ཡའི་གྲོས་ཚོགས་འཐུས་མི་ཁག་ཅིག བོད་དང་བོད་ཀྱི་རིག་གཞུང་ལ་དགའ་ཞེན་ཅན་གྱི་མི་སྒེར། ལྷོ་ཀོ་རི་ཡར་གནས་སྡོད་བོད་རིགས་བཅས་མི་གྲངས་ ༢༠༠ ཙམ་ལྷན་འཛོམས་ཐོག གསུམ་དུས་ཐེངས་ང་བཞི་བ་སྲུང་གཙི་གནང་ཡོད་འདུག
གནས་ཚུལ་འབྱོར་གསལ་ལ། ཉིན་དེའི་མཛད་སྒོའི་ཐོག་མར་བོད་པའི་དགེ་འདུན་པ་དག་དབུ་བཞུགས་ཐོག་སྟོན་པའི་མཚན་སྔགས་དང་མ་ཎི་ཏ་རེ་གསོག་སྒྲུབ་གནང་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གྱེར་བཞིན་བོད་དང་ལྷོ་ཀོ་རི་ཡའི་རྒྱལ་དར་ཚོགས་ཁང་དུ་གདན་འདྲེན་ཐོག བོད་ཀྱི་བདེན་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་ངག་བཅད་དང་། ད་སྔ་རང་ལུས་མེར་བསྲེགས་གནང་མཁན་རྣམ་པའི་སྐུ་པར་མདུན་དུ་མྱ་ངན་གུས་འདུད་ཀྱི་མེ་ཏོག་ཕུལ་བ་སོགས་བྱས་ཡོད་འདུག
དེའི་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་གསུང་བཤད་ལ་ལྷོ་ཀོ་རི་ཡའི་མཆན་ཡིག་(Subtitle) བཀོད་དེ་བརྙན་པར་བརྒྱུད་བསྒྲགས་བྱས་མཚམས། མཛད་སྒོའི་སྐུ་མགྲོན་འཐུས་མི་ཁག་གིས་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་པ། གཞན་བོད་དོན་ལ་གདུང་སེམས་མཉམ་སྐྱེད་བྱེད་མཁན་ལྷོ་ཀོ་རི་ཡའི་རོལ་དབྱངས་ཚོགས་པ་ཁག་ཅིག་གིས་མཛད་སྒོའི་སྟེང་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་རོལ་དབྱངས་བཏང་པ་སོགས་བྱས་ཡོད་འདུག
གསར་འགོད་པ། བནྟེ་སྐྱབས།