མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་བཅུ་གསུམ་པའི་སྐབས་ཀྱི་བོད་རང་བཙན་ལ་ལྟ་བ།

བོད་ཀྱི་དུས་བབ།
༢༠༡༣/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

སེར་བྱེས་དགེ་བཤེས་རྭ་རྒྱ་བློ་བཟང་དཔལ་ལྡན།

བོད་ཅེས་འབོད་པའི་རང་རེའི་མི་རིགས་འདི་ནི་དེང་སྐབས་མདོ་དབུས་མཐོ་སྒང་དུ་གྲགས་པའི་ཡུལ་འདི་རུ་རྩ་བ་ཚུགས་ཤིང་རྩེ་མོ་འབུས་པའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་ཤིག་ཡིན་ལ། མིང་དུ་གྲགས་པའི་ཐུ་བྷོད་རྒྱལ་རབས་སམ་ཡང་ན་བོད་བཙན་པོའི་རྒྱལ་ཁབ་ལྟ་བུའི་སྟོབས་ལྡན་གྱི་རྒྱལ་ཁབ་ཀྱང་སྐྱོང་མྱོང་བ་རེད། བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་སོང་ནས་བཟུང་སྟེ་ད་ལྟ་ལ་ཐུག་གི་བར་དུ་རང་མི་རིགས་ཀྱི་ལོ་རྒྱུས་ཐོག་རྒྱལ་ཁབ་ཏུ་བགྲང་རུང་བའི་སྲིད་དབང་ཅི་རིགས་པ་བྱུང་མྱོང་ན་ཡང་།  དོན་དངོས་པོའི་གནས་ཚུལ་ལ་དེ་དག་ཚང་མ་མི་རིགས་གཞན་ལ་རྒྱབ་བསྙེས་པའི་སྲིད་དབང་རྐྱང་རྐྱང་ལས་མི་རིགས་རང་གིས་གསར་འཛུགས་གཙང་མ་བྱས་པ་ཞིག་ཕལ་ཆེར་མེད་པའི་ཚོད་དུ་ཡོད།  ཆོལ་གསུམ་གཅིག་གྱུར་བྱས་པའི་ས་སྐྱའི་སྲིད་དབང་བྱུང་བ་ནས་དགའ་ལྡན་ཕོ་བྲང་བར་གྱི་རིམ་བྱོན་རྒྱལ་རབས་དག་ནི་ས་སྐྱའི་སྲིད་དབང་གི་འཕྲོ་མཐུད་སྲིད་དབང་ངམ། ཡང་ན་ས་སྐྱ་སྲིད་དབང་སོགས་རིམ་བྱོན་སྲིད་དབང་རེ་རེའི་སྐུ་དྲག་མཐོ་རིམ་བར་དབང་ཆ་རྩོད་རེས་བྱས་ཏེ་མི་སྣ་བརྗེ་རེས་ཀྱི་རྣམ་པ་ཞིག་ལས་སྲིད་དབང་གསར་འཛུགས་ཀྱི་རྣམ་པ་གསལ་བོ་ཞིག་མཐོང་དཀའ། དེའི་ཕྱིར་རིན་སྤུངས་ཕག་གྲུ་གཙང་པ་སོགས་ནི་ས་སྐྱའི་སྲིད་དབང་རང་གི་འཕྲོ་མཐུད་དུ་བརྩིས་ཀྱང་ཆོག་པའི་ཚོད་དུ་ཡོད།

སྲིད་དབང་གཞན་ཞིག་རྩད་རྫོགས་བྱས་ཏེ་གསར་བཏོད་ཀྱི་རྣམ་པ་མངོན་གསལ་ལྡན་པའི་སྲིད་དབང་ནི་དགའ་ལྡན་ཕོ་བྲང་ཡིན་མོད། དེ་ཡང་མཐར་གཏུགས་ན་སོག་པོ་ཐུ་མེད་ཚོ་བས་གསར་འཛུགས་བྱས་ཤིང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་ལྷ་བཟང་ཁང་བར་བྱུང་བའི་སྲིད་དབང་འཕྲོག་རྩོད་ཀྱི་ཡོ་ལངས་བརྒྱུད་དགའ་ལྡན་ཕོ་བྲང་གི་བོད་ཡུལ་གཅིག་གྱུར་གྱི་དབང་ཤུགས་ལ་གས་ཆག་ཆེན་པོ་ཐེབས་པ་མ་ཟད། རྒྱལ་དབང་བདུན་པའི་སྐབས་བཙུགས་པའི་བཀའ་ཤག་གི་ལམ་ལུགས་དང་། ཨམ་བན་གྱི་གོ་ཐོབ། མཚོ་སྔོན་དུས་འཁྲུགས་བཅས་ཀྱིས་བོད་ཡུལ་དུམ་བུར་གཏུབས་ཡོད་པ་རེད།  དེ་ནས་བཟུང་རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་བར་དུ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་སྐུ་ཚེ་རིང་པོར་གཏན་ནས་བཞུགས་མེད་ལ། ཁོང་རྣམ་པ་སྐུ་ན་ཤིན་ཏུ་གཞོན་སྐབས་ནས་སྐུ་གྲོངས་པ་དེས་བོད་ཡུལ་གཅིག་གྱུར་གྱི་ཆབ་སྲིད་ནུས་སྟོབས་ལ་བློ་ཡུལ་ལས་འདས་པའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་སྨྲོས་མེད་རེད།  རྒྱུ་མཚན་ནི་བོད་ཡུལ་ཆོས་ཀྱི་མངའ་ཁུལ་ཡིན་པ་དང་བོད་མི་ཆོས་ཀྱིས་འཚོ་བཞིན་ཡོད་པ་ལས་མི་རིགས་གཞན་ལྟ་བུར་སེམས་ཁམས་ན་ཆབ་སྲིད་དང་སྲིད་དབང་འདུ་ཤེས་བརྟན་ཆགས་ཤིག་མེད་པས་རེད།  གང་ལྟར་དཀྱུས་སུ་བབས་ན།  བརྒྱུད་རིམ་དེའི་ཁྲོད་ནས་མན་ཇུ་གོང་མའི་དབང་ཤུགས་ལོ་རེ་ནས་ལོ་རེར་ཇེ་ཆེར་གྱུར་པ་མ་ཟད།  མཐའ་མཇུག་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོ་རྒྱ་ནག་ཏུ་ཕེབས་སྐབས་མན་ཆིང་གོང་མར་ཕྱག་འཚལ་དགོས་བྱུང་བ་མ་ཟད། བོད་སྐོར་གྱི་དོན་གནས་རྣམས་ཨམ་བན་བརྒྱུད་མི་དགོས་པར་ཐད་ཀར་ཡར་ཞུ་ཆོག་པའི་ཐུགས་རེ་ཡང་དོན་གནས་མ་བྱུང་། དེར་མ་ཟད་བོད་མི་རྣམས་ཀྱི་རང་ས་རང་སྲུང་གི་དབྱིན་འགོག་དམག་འཐབ་ཀྱང་མན་ཆིང་སྲིད་གཞུང་གི་ཁེ་ཕན་ལྟར་བསྒྲུབ་དགོས་བྱུང་བ་སོགས་སྐབས་དེའི་བོད་ལ་ཐེབས་པའི་མན་ཆིང་གི་དབང་ཤུགས་དང་། ཨམ་བན་གྱི་གོ་ཐོབ་དེ་ཡང་ཧ་ཅང་དམའ་བོ་ཞིག་ག་ལ་ཡིན་ཏེ། དཔེར་ན་རྒྱལ་སྲུང་དམག་འཐབ་ཕྱིར་འཐེན་མཚམས་འཇོག་བྱེད་ཐུབ་པའི་ཚོད་དུ་ཡོད་པ་རེད། དབྱིན་ཇིའི་བཙན་གནོན་དང་། མན་ཆིང་གི་བརྙས་བཅོས། ནང་འཁོར་སྐུ་དྲག་གི་སྲིད་དབང་འཕྲོག་རྩོད་སོགས་རྩོད་ཉོག་བྱུར་བུར་སྤུངས་པའི་ཁྲོད་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་དུས་ཡུན་ཧ་ཅང་རིང་པོར་སྐུ་ཉིད་ཀྱི་བཞེད་དགོངས་ལྟར་གྱི་ལམ་ལུགས་འཛུགས་ཐུབ་མེད་པ་མ་ཟད། ཧ་ལམ་སྐུ་ཚེ་གང་བོར་ཁོང་ཉིད་ཀྱི་ཐུགས་འདོད་ལྟར་གྱི་བྱ་གཞག་གང་ཡང་རྒྱལ་ཁབ་ཅིག་གི་དབུ་ཁྲིད་ཀྱི་རྣམ་པའི་ཐོག་བྱུང་མ་མྱོང་ཟེར་ཡང་རྫུན་དུ་མི་འགྱུར་སྙམ། སྐབས་དེར་ཟི་ཁྲོན་དང་ཡུའུ་ནན་ཕྱོགས་ཀྱི་རྒྱ་དཔུང་གཅིག་རྒྱབ་གཅིག་ལངས་ཀྱིས་ཁམས་ཕྱོགས་སུ་མི་གསོད་ཁྲག་སྦྱོར་ཚད་ལས་འདས་པ་རྒྱུན་མ་ཆད་དུ་བྱུང་བ་མ་ཟད། མཐའ་མཇུག་ཕོན་ཆེ་བའི་རྒྱ་དམག་ལྷ་སར་ལྷགས་ཏེ་དབུས་ཀྱི་མི་མང་ཡང་རྒྱ་དམག་གི་གདུག་རྩུབ་དང་གཉའ་གནོན་ཁྲོད་དུས་ཡུན་མི་ཐུང་རིང་སྡོད་དགོས་བྱུང་ཡོད།

ཕྱིས་སུ་མན་ཇུའི་སྲིད་དབང་ལ་ལྕགས་ཕག་ལོའི་གསར་བརྗེ་འོས་ལངས་ཀྱིས་ཉམས་ཉེས་ཐེབས་པའི་གོ་སྐབས་སྤྱད་དེ་ལྷ་སའི་རྒྱ་མི་རྣམས་མཐར་སྐྲོད་བཏང་བ་དངོས་བདེན་ལགས་ཤིང་། དེ་ཡང་རང་རེའི་མི་རིགས་ཀྱི་ངོས་ནས་བཤད་ན་བགྲང་བྱ་ཧ་ཅང་མང་པོའི་རིང་གཞན་ངོ་དཀར་ནག་གི་བྲོ་བ་མྱོང་མྱོང་གི་མཐའ་མའི་ཐག་གཅོད་ཆེན་པོ་ཞིག་ཡིན་ལ། ཕུགས་རྒྱང་རིང་པོའི་བྱ་གཞག་གི་དབུ་འཛུགས་ཤིག་ཀྱང་ཅི་ལ་མིན། འོན་ཀྱང་། གསལ་བོར་ཤེས་དགོས་པ་ཞིག་ནི།  སྐབས་དེར་ཡང་། ཟི་ཁྲོན་དང་། ཀན་སུའུ། མཚོ་སྔོན། ཡུའུ་ནན་བཅས་ཀྱི་རྒྱ་མི་དང་རྒྱ་དམག་མུ་མཐུད་དུ་གནས་པ་མ་ཟད། མན་ཇུ་མགོ་རྟིང་སློག་པའི་སྐད་ཅིག་མར་ཞིང་ཆེན་དུ་དེ་དག་ཏུ་སྲིད་དབང་བཙུགས་ཤིང་། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱིས་དམག་ཤེད་ཧ་ཅང་ཆེ་བའི་ཇག་དཔོན་མང་པོ་ཞིག་ས་གནས་དེ་ཚོ་དཔོན་པོར་བསྐོས་པ་རེད། མཚོ་སྔོན་གྱི་མཱ་པུ་ཧྥང་དཔེ་མཚོན་དུ་བགྲང་རུང་བའི་དམག་ཤེད་ཅན་གྱི་ཇག་ཚོགས་དེ་ཚོས་མུ་མཐུད་དུ་མདོ་ཁམས་ཧྲིལ་བོར་ཁྲག་གི་འཁོར་ལོ་བསྐོར་བ་མ་ཟད། མངའ་ཐང་རྒྱ་སྐྱེད་ཀྱི་དམག་དཔུང་ཕྱོགས་ནས་ཕྱོགས་སུ་ཐོན་ཏེ། བོད་ཀྱི་དཀྱིལ་དབུས་འབྲི་ཆུ་བརྒལ་ཏེ་སྐབས་དེའི་དགའ་ལྡན་ཕོ་བྲང་མངའ་ཁུལ་ནང་རྒྱ་དཔུང་གི་འཇིགས་པ་སླེབས་སྐབས་སུ་འབྲི་ཆུ་ཡར་ནང་མར་ནང་དང་། བོད་སྡེ་རྒྱ་སྡེ་སོགས་ཀྱི་ཐ་སྙད་དུ་ལྷན་དུ་བོད་ཀྱི་དཀྱིལ་དབུས་ནས་བོད་ལ་ས་མཚམས་ཤིག་བྱུང་ཞིང་། དེ་ནས་བཟུང་མདོ་ཁམས་ཀྱི་མི་རྣམས་ལྷ་སར་འགྲོ་དུས་འགག་སྒོའི་ལམ་ཡིག་ལེན་དགོས་པའི་གནས་ཚུལ་ཡང་བྱུང་བ་རེད། ད་དུང་རྒྱ་ནག་མེན་གོའི་སྲིད་འཛིན་ཐོག་མའམ་མེན་གོའི་སྲིད་ལོ་དང་པོའི་ཡོན་ཧྲི་ཁེའི་སྐབས་དེར་རྒྱ་གར་སིམ་ལ་རུ་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་ཆིངས་ཡིག་ཅིག་བྱུང་ལ།

ཆིངས་ཡིག་དེ་ནི་ད་ལྟ་འགའ་ཞིག་གིས་གཟི་བརྗིད་དང་ལོ་རྒྱུས་ཀྱི་རྡོ་རིང་ལྟ་བུར་བརྩི་བའི་སིམ་ལའི་ཆིངས་ཡིག་ཅེས་པ་དེ་རེད།  ཆིངས་ཡིག་དེས་ཁྲིམས་ཐོག་ཏུ་བོད་ཕྱི་མ་ནང་མ་གཉིས་སུ་བཀར་བར་མ་ཟད། ལོ་རྒྱུས་ཁྲོད་ཤ་ཁྲག་རུས་གསུམ་གཅིག་གྱུར་གྱི་མི་གྲངས་ཆེས་མང་བ་ནུབ་ལ་དྭགས་ནས་ཤར་མོན་བར་གྱི་ཡུལ་ཁམས་དེ་ཚོ་ཡང་ནུས་པ་ལྡན་པའི་རྩ་ཚིག་དང་ལྷན་དུ་རྒྱ་གར་དབྱིན་གཞུང་ལ་གཏོགས་པར་བྱས་ཤིང་། སྐབས་དེ་ཡས་མས་ནས་ད་ལྟ་རྒྱ་གཞུང་གིས་དབྱེ་བགོས་བྱས་པའི་ཞིང་ལྗོངས་ལྔའི་རྨང་གཞིའང་རང་མོས་དང་གཞན་དབང་ཅི་རིགས་ཀྱི་ཐོག་ནས་འདིང་བཞིན་ཡོད་པ་རེད།

གོང་དུ་སྤྱི་བབ་ཙམ་བཤད་པ་ལྟར། སྐབས་དེའི་བོད་ཀྱི་ཆབ་སྲིད་དམ་རྒྱལ་ཁབ་ནི་དེང་སང་རེ་འགས་བཤད་པ་ལྟར་ལོ་རྒྱུས་ཀྱི་གཟི་བརྗིད་དུ་བགྲང་རུང་བ་ཞིག་མིན་པ་མ་ཟད།  མདོ་དབུས་ཁམས་གསུམ་ཡ་བྲལ་གྱི་གནས་སྟངས་ནི་ད་ལྟ་ལས་ཀྱང་སྐྱོ་བ་ཡོད། དེ་ཡང་རང་ཅག་ཐུན་མོང་གི་ལོ་རྒྱུས་ཀྱི་སྐྱོ་གནས་ཤིག་ལས་ཁོ་བོས་འདིར་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོར་ངན་ཁག་བགྲང་བ་གཏན་ནས་མིན་ལ་བགྲང་ཡང་མི་རུང་སྟེ། ༸རྒྱལ་དབང་བཅུ་གསུམ་པ་ཆེན་པོ་ནི་ངེས་པ་དོན་གྱི་བོད་མི་དམངས་ལ་བུ་ལྟར་བརྩེ་བའི་ཡབ་ཆེན་ལྟ་བུ་ཞིག་དང་།  ཁོང་གི་སྐུ་ཚེ་གང་བོ་མཐོ་སྒང་གི་མི་རིགས་འདིའི་སྲིད་འབྱོར་རིག་གསུམ་ཇི་ལྟར་རང་ཚུགས་ཐུབ་པ་འབྱུང་བའི་ཐབས་བྱུས་དང་། འབད་རྩོལ་ཁོ་ནའི་ཁྲོད་འདའ་དགོས་བྱུང་སྟེ། བརྒྱུད་རིམ་དེའི་ཁྲོད་ཀྱང་ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཟེར་བ་ལྟར་ནང་ཁུལ་ནས་ཁོང་གི་ཐུགས་ཀྱི་བཅུད་ཕྱུངས་པ་ལྟ་བུའི་བླངས་དོར་ལམ་སྟོན་ལ་ཉན་འཇོག་དང་ལག་ལེན་ཕར་ཟད། ད་དུང་ཡང་མནོག་ཆུང་གི་སྲིད་མིང་འཕྲོག་རྩོད་ལ་བརྟེན་ནས་སྐུ་སྲོག་ལ་བར་ཆད་བཟོ་བའི་སྦྱོར་བའང་བྱུང་མྱོང་བ་མ་ཟད། མི་རིགས་འདིའི་ཆབ་འབངས་མངའ་ཐང་གི་སླད་དུ་ཡུལ་བྱོལ་སྐྱབས་འཚོལ་གྱི་དཀའ་སྡུག་བཟོད་དཀའ་སྣ་ཚོགས་ལྷུར་བཞེས་ཡོད་པས་ད་ལྟ་བདག་ཅག་གིས་ངན་ཁག་དཀྲིས་ན་རྒྱུ་འབྲས་ལ་མི་རུང་བ་ཡིན།

མདོར་ན་ངས་འདིར་བཤད་འདོད་པ་ནི། སྔོན་ཞིག་ལ་རང་བཙན་ཡིན་མིན་དང་དེ་ལ་བདེན་རྟགས་ཅི་འདྲ་ཡོད་མེད་སོགས་ནི་ལོ་རྒྱུས་སྨྲ་མཁན་ཚོས་ལས་ཀ་ཞིག་ལས་མིག་མདུན་གྱི་འཐབ་རྩོད་ལ་དེ་ཙམ་གལ་མི་ཆེ་ལ། དོན་དངོས་ཁྲོད་ཀྱང་། རང་བཙན་ཡིན་པའི་ལོ་རྒྱུས་ཤོག་ཐོག་དང་། རྡོ་ངོས་སོགས་དངོས་པོ་ཇི་ལྟ་བུ་ཞིག་ཏུ་རྣམ་པ་ཅི་འདྲ་ཞིག་གིས་འཁོད་ཀྱང་རུང་དེས་ད་ལྟའི་དོན་དངོས་ལ་འགྱུར་བ་གཏོང་མི་ཐུབ། འདས་ཟིན་པའི་ལོ་རྒྱུས་ཀྱི་བདེན་རྟགས་ཀྱིས་ཅི་ཞིག་བསྒྲུབ་ནུས་ཀྱི་ཡོད་ན་ད་ལྟ་བོད་ཡུལ་ན་བཙན་པོའི་སྐབས་ཀྱི་རྡོ་རིང་ཡོད་པ་མ་ཟད། ཡིག་ཆའང་གང་མང་མང་ཡོད་ལ། བཙན་པོ་རྒྱལ་བློན་གྱི་མཚན་དང་ལོ་དུས་གོ་ཐོབ་དང་བཅས་པ་ཕལ་མོ་ཆེ་ལག་སྣེར་ཐོགས་མི་དགོས་པའི་ཡིག་ཆའི་ཁྲོད་ཡོད་པ་རེད། འོན་ཀྱང་། མིག་མདུན་ན་ཡོད་པའི་ང་ཚོའི་གནས་སྟངས་ནི་འདས་པ་བརྗོད་པ་དང་། འདས་པ་རྩོད་པ། འདས་པ་གླེང་ནས་ད་ལྟ་ལ་ངན་ཁག་དཀྲི་བ་སོགས་བྱས་པས་ཅི་ཡང་མི་ཕན་པར་མིག་མདུན་དུ་དོན་དག་ཅི་ཞིག་འབྱུང་གི་ཡོད་མེད་ལ་ལྟ་རྒྱུ་ཧ་ཅང་གལ་ཆེ་བས། བཅུ་གསུམ་པའི་སྐབས་ཀྱི་ཡིག་ཆ་འཕྱར་ཏེ་བཅུ་བཞི་བར་ཁག་འདོགས་པ་དང་། རང་བཙན་རྩོད་རྒྱུ་ཟེར་བ་སོགས་ནི་ཅུང་དགོད་རེ་བྲོ་སྟེ། ད་ལྟ་ང་ཚོར་རང་བཙན་མ་ཐོབ་པར་ཡོད་པ་འདི་ལོ་རྒྱུས་ཀྱི་རྒྱུ་ཆ་མེད་སོང་བས་ག་ལ་ཡིན། ཉིན་འདི་དག་ལ་བྱུང་དང་འབྱུང་བཞིན་པའི་རང་བཙན་རྩོད་ཀྱི་ཡོད་པའི་རྣམ་པ་ཅན་གྱི་ཡི་གེ་དེ་ཚོ་ཅི་ཞིག་གི་སླད་དུ་འབྱུང་མིན་ཀྱང་གསལ་བོ་མི་འདུག་སྟེ། ལོ་རྒྱུས་ཉམས་ཞིབ་ཡིན་པ་འདྲ་ལ། ཆབ་སྲིད་བསྒྲགས་གཏམ་ཡིན་པའང་འདྲ་བ་སོགས་ངེས་གཏན་མ་མཆིས་པ་མང་པོ་འབྱུང་གི་འདུག  བོད་མི་རིགས་ལ་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་བྱུང་མྱོང་བའི་སློབ་སྦྱོང་ངམ་གོ་རྟོགས་སྤྲོད་ཀྱི་ཡོད་པ་ཡིན་ན་དེ་ཡང་འགྲིག་མོད། དེ་ལ་ཐེ་ཚོམ་ཟ་མཁན་ཧ་ལམ་མེད་པ་མ་ཟད། ད་ལྟའི་རྒྱ་གཞུང་གིས་ལན་བརྒྱ་སྟོང་དུ་བོད་རྒྱ་གྲོས་མོལ་གྱི་ཆ་རྐྱེན་དུ་བགྲང་བའི་ “བོད་ནི་ལོ་རྒྱུས་ཐོག་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་”ཟེར་བ་དེ་བོད་གཞུང་དང་༸གོང་ས་མཆོག་གིས་དུས་ནམ་ཡང་དང་ལེན་བྱ་མ་མྱོང་བའང་གནད་འགག་འདི་ལ་གཟིགས་པ་ཅི་ལ་མིན།

ལར་ནས་རང་བཙན་ནི་བོད་མི་དམངས་ཀྱི་ཐོབ་ཐང་ཡིན་པ་སུས་ཀྱང་ཤེས་མོད། ད་ལྟ་ཧ་ཅང་ཉག་ཕྲ་བའི་རང་རེའི་གནས་སྟངས་འདིའི་འོག་གཞུང་དམངས་འབོད་སྒྲ་གཅིག་སྟེ། དབུ་མའི་ལམ་གྱི་སྲིད་བྱུས་སམ་ཡང་ན་བོད་རིགས་ཡོངས་རྫོགས་ལ་ས་གནས་རང་སྐྱོང་གཅིག་གིས་འོག་སྡོད་དགོས་པའི་རེ་འདུན་ནི་རང་རེའི་གནས་སྟངས་ཀྱིས་ཐག་བཅད་པ་ཞིག་ལས་བཙན་པོའི་རྒྱལ་རབས་ཀྱི་དེབ་ཐེར་མ་བཀླགས་པས་མིན་ལ། ༸གོང་ས་བཅུ་གསུམ་པའི་རྣམ་ཐར་བརྗེད་སོང་བའང་ག་ལ་ཡིན། ཤ་ཁྲག་རུས་རྒྱུད་དང་ལོ་རྒྱུས་མཆེད་ཁོངས། བསམ་པའི་འདུ་ཤེས་སྤྱོད་གོམས་གཤིས་ལུགས། ད་ལྟ་འཚོ་ཞིང་གནས་པའི་མི་རྣམས་ཀྱི་རེ་འདུན་གང་ལ་བལྟས་ཀྱང་ད་དུང་བོད་ཅེས་པའི་མིང་དེ་རང་ཉིད་ཀྱི་རྒྱན་དུ་འཆང་བའི་ཆོལ་ཁ་གསུམ་པོ་ཁ་འབྲལ་མི་རུང་བ་དེའང་དོན་དངོས་ཀྱིས་ཐག་བཅད་པ་ཞིག་ཡིན།

གོང་དུ་ཅུང་ཙམ་གླེང་བ་ལྟར་ལོ་རྒྱུས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་རང་རེའི་མི་རིགས་འདི་ལ་ཁ་འཐོར་ཡ་བྲལ། མཐར་འཕུད་གཞན་སྤྲོད་སོགས་གནས་སྟངས་ཅི་རིགས་ཀྱི་དབང་གིས་གཅིག་གྱུར་གྱི་འདུ་ཤེས་ལ་ཕོག་ཐུག་ཆེན་པོ་བྱུང་བ་མ་ཟད། ལྷག་པར་དུ་ཆབ་སྲིད་དམ་རྒྱལ་ཁབ་གཅིག་གྱུར་གྱི་འདུ་ཤེས་ནི་ཧ་ལམ་རྩ་བྲལ་དུ་སོང་ཡོད། འོན་ཀྱང་། ༸གོང་ས་བཅུ་བཞི་བ་ཆེན་པོའི་སྐུ་ཚེ་གང་བོའི་རིང་ཆོས་སྲིད་ཀྱི་མཛད་ཐབས་སྣ་ཚོགས་ལ་བརྟེན་ནས་སླར་ཡང་མི་རིགས་གཅིག་གྱུར་ཏེ། རྒུད་ན་ཉམས་རྒུད་དང་། རྒྱལ་ན་ཉམས་རྒྱལ་གྱི་འདུ་ཤེས་སླར་གསོ་བྱུང་བ་མ་ཟད། ལོ་རེ་ནས་ལོ་རེར་ཇེ་དྲག་ཏུ་འགྱུར་བཞིན་ཡོད་ལ། འདུ་ཤེས་འདི་ལས་ང་ཚོ་ལ་ “བོད་མི་རིགས་ཀྱི་བསྐྱར་དར་ཆེན་པོ་”ཞིག་ཀྱང་འབྱུང་ཆོག་ཆོག་གི་བགྲོད་ལམ་བསྟན་ཡོད། དེའི་ཕྱིར་ལོ་རྒྱུས་ཉམས་ཞིབ་ཏུ་མི་གཏོགས་ལ། ཆབ་སྲིད་བསྒྲགས་གཏམ་དུ་ཡང་མི་ཐེ་བ། ད་ལྟའི་འཐབ་རྩོད་ལ་ཡང་མི་གཏོགས་པའི་ལོ་རྒྱུས་ཀྱི་ཡིག་ཆ་དམ་དུམ་འཕྱར་ནས་ནང་ཁུལ་ལ་འགལ་བ་མི་བཟོ་བ་དང་། ལྷག་པར་དུ་དབུ་མའི་ལམ་དང་རང་བཙན་གྱི་ལངས་ཕྱོགས་སྤྱད་དེ་དྲིན་ཅན་ལ་དྲིན་ལོག་མི་བྱེད་རྒྱུ་རེ་བ་སྙིང་ནས་ཞུ།

༢༠༡༣ ཟླ་ ༤ ཚེས་ ༦ ལ།

འབྲེལ་ཡོད་གསར་འགྱུར།

མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར། ༢༠༢༥།༦།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་དབུལ་དགོས་པའི་འབོད་སྐུལ་ཞུས།

༢༠༢༥/༠༧/༠༩
རྒྱ་གར་ཡུལ་མི་རྣམས་ཀྱིས་བོད་རིགས་བྱིས་པའི་བྲིས་པའི་རི་མོར་གཟིགས་ཞིབ་གནང་བཞིན་པ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༥།༧།༧
Mobile App

བརྩེ་བའི་སྐུ་མདུན་ཞེས་པའི་རི་མོའི་འགྲེམས་སྟོན་བྱེད་བཞིན་འདུག 

༢༠༢༥/༠༧/༠༩
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་།
གསར་འགྱུར།

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཞིག་ལ་སྲོག་ཁྲིམས་གཅད་རྒྱུ་ཡིན་འདུག

༢༠༢༥/༠༧/༠༩
Ren Quanniu said the Henan Provincial Justice Department revoked his licence over comments he made in court in a 2018 case [File: Leo Ramirez/ AFP]
Mobile App

རྒྱ་ནག་ནང་གི་ཁྲིམས་ཀྱི་ཁོར་ཡུག་རིག་གནས་གསར་བརྗེའི་དུས་སྐབས་དང་འདྲ་བོ་ཆགས་ཡོད་སྐོར་བརྗོད།

༢༠༢༥/༠༧/༠༨
Foreign Ministry Spokesperson Mao Ning 
Mobile App

རྒྱ་ནག་གི་མགྲིན་ཚབ་པས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་སྐྱོན་བརྗོད་བྱས།

༢༠༢༥/༠༧/༠༨
A group of foreign tourists takes in the Palace Museum in Beijing, on April 7, 2024. (PROVIDED TO CHINA DAILY)
Mobile App

རྒྱ་ནག་གིས་རྒྱལ་ཁབ་ ༧༠ ལྷག་ལ་ཐོངས་མཆན་རིན་མེད་སྤྲོད་ཀྱི་ཡོད་ཀྱང་བོད་མི་ཁག་ཅིག་གནམ་ཐང་ནས་ཕྱིར་ལོག་བཏང་འདུག

༢༠༢༥/༠༧/༠༨

མཆན། 6

  1. བློ་བཟང་དཔལ་ལྡན། says:
    ལོ་ 12 སྔོན།

    ཨ་མཆོད་ཚང་ལ་སྤྲིངས་པ།
    ཨ་མཆོད་ཚང་གིས་ལྷག་བསམ་དང་མཐུན་ལམ་ཆེ་མདོག་སྟོན་བཞིན་འདི་ལྟར་ “དགེ་བཤེས་ལགས་ཀྱི་གསུང་གི་ནང་དུ་ཆེས་ཚབ་ཆེ་བའི་ཟམ་གདོང་སོགས་ཀྱི་བཤད་ཡམ་དེ་བསྐྱར་ཟློས་གནང་བ་བདག་ལ་ཡེ་ནས་མ་འཐད་དེ། ཁོང་གིས་”་་་་བཅུ་གསུམ་པའི་སྐབས་ཀྱི་ཡིག་ཆ་འཕྱར་ཏེ་བཅུ་བཞི་བར་ཁག་འདོགས་པ་དང་། རང་བཙན་རྩོད་རྒྱུ་ཟེར་བ་སོགས་ནི་ཅུང་དགོད་རེ་བྲོ་སྟེ།་་་་” ཞེས་དང་། “་་་་ལྷག་པར་དུ་དབུ་མའི་ལམ་དང་རང་བཙན་གྱི་ལངས་ཕྱོགས་སྤྱད་དེ་དྲིན་ཅན་ལ་དྲིན་ལོག་མི་བྱེད་རྒྱུ་རེ་བ་སྙིང་ནས་ཞུ།”ཞེས་པ་འདི་རིགས་ནི་ཧ་ཅང་སྙིང་ལ་གཟན་པའི་ཚིག་དག་རེད། ”ཞེས་བྲིས་འདུག་པ་ལ་གསལ་བཤད་མདོར་བསྡུས་ཤིག་བྱ་བར་འདོད་དེ། སྤྱིར་དྲིན་ཅན་ལ་དྲིན་ལོག་མི་བྱེད་པ་དང་༸གོང་ས་མཆོག་ལ་ལོ་རྒྱུས་ཀྱི་ནག་ཉེས་འགེལ་རྒྱུའི་གཡོ་ཇུས་མེད་མཁན་ཞིག་ལ་ཚིག་འདི་སྙིང་ལ་གཟན་དགོས་དོན་རྩ་ནས་མེད། འཇིག་རྟེན་ཁ་དཔེ་ལ་ཡང་། བ་ཡན་ཐང་ནས་རྟ་བརྒྱུགས་ན། རི་ཁྲོད་བླ་མའི་ཨོང་མི་བདེ་རྒྱུ་མེད་ཅེས་པ་ལྟར་ཡིན་པས་ཁྱོད་ཀྱིས་ཚིག་རྩུབ་བཤད་དོན་མེད། ཡང་གཅིག་བཤད་ན་བཙན་བྱོལ་བ་མང་ཆེ་བ་དང་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱིས་ཀྱང་དགའ་མོ་ཆེན་པོ་ཡོད་པ་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་ལ་ཟམ་གདོང་སོགས་ཀྱི་བཤད་ཡམ་ཞེས་མཐོང་ཆུང་བྱས་ན་མཐུན་སྒྲིལ་ལ་མི་གནོད་པ་ཁྱོད་ཀྱིས་ཅི་ལྟར་ཤེས། ཁྱོད་ཀྱིས་རེ་སྐུལ་གྱི་ཚུལ་དུ། “གྲོགས་པོ་ལགས། རང་ལ་རྣམ་དཔྱོད་ཡོད་ན་གཞན་གྱི་རྗེས་སུ་མི་འབྲེང་བར་ཞུ། གལ་སྲིད་གཞན་གྱི་རྗེས་འབྲང་མིན་ན་དེ་ལྟར་བཤད་མཁན་སུ་ཡིན་གསལ་བོ་གསལ་བོར་གསུང་རོགས་ཞུ། ཟེར་འདུག་པ་ལ ༸གོང་ས་མཆོག་གིས་ཉེ་ཆར་ལ་དྭགས་དང་འབྲས་ལྗོངས་སུ་བསྩལ་བའི་བཀའ་སློབ་དེ་དག་ཉན་རྗེས་དེ་ལྟར་བཤད་མཁན་སུ་རེད་དྲིས་དང་ལན་ཡོད་ངེས་ཡིན།
    ཡང་ཁྱོད་ཀྱིས། “ངའི་བསམ་པར་རང་བཙན་འཐབ་རྩོད་པ་དག་གི་ནང་དུ་དེ་འདྲ་ཁ་ནས་བཤད་མཁན་ཕར་ཞོགས་སེམས་ལ་བསམ་མཁན་ཡང་མེད་པ་ངས་ཐག་གིས་ཆོད་སྙམ། དེ་ནི་རྣམ་པ་ཚོས་གསར་བཟོ་བྱས་པའི་རང་བཙན་འཐབ་རྩོད་པ་དག་ལ་གཉའ་གནོན་དང་ཟུར་ཕུད་བྱེད་སྤྱད་ཀྱི་ལག་ཆ་གསར་བ་ཞིག་རེད། རྣམ་པ་ཚོས་དེ་ལྟར་བཤད་པ་ནི་རྣམ་པ་ཚོས་ཀྱང་མི་ཉན་པར་གསུང་བཞིན་པའི་ནང་ཁུལ་དཀྲུགས་ཤིང་ངོ་མ་དེ་རེད། སྐུ་མཁྱེན། གཞོན་སྐྱེས་ཁྱེད་ལྟ་བུས་རྗེས་སུ་དེ་འདྲ་གསུང་གི་མི་བཞུགས་པའི་རེ་བ་ཞུ།” ཞེས་ཟེར་བ་ལ། རང་བཙན་འཐབ་རྩོད་པ་སྤྱི་ཡོངས་ལ་ཚིག་འདིས་ཕོག་དགོས་དོན་རྩ་ནས་མེད་པ་ཟུར་བལྟས་ལེབ་མཐོང་ཡིན་ལ། སྤྱིར་ན་ཡང་ང་བོད་རང་བཙན་རྩོད་མཁན་ལ་མི་དགའ་དགོས་དོན་ཀྱང་རྩ་བ་ཉིད་ནས་མེད་ལ་ཅིའི་ཕྱིར་མི་དགའ་དགོས་པ་རེད། ཁྱེད་ཚོ་རང་བཙན་རྩོད་མཁན་ཚོ་ཟུར་འབུད་བྱ་དགོས་དོན་ཅི་ཞིག་ཡོད་དམ། ལྷག་དོན་དུ་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱང་བོད་རང་བཙན་རྩོད་མཁན་ལ་ཐུགས་མི་དགྱེས་དགོས་དོན་རྩ་བ་ཉིད་ནས་ཡོད་པ་མ་རེད། དོན་དངོས་བརྗོད་ན་མི་དགའ་བར་མཐོང་བ་འདི་ཡང་ནད་རྟགས་ཅུང་ཚབ་ཆེན་ཞིག་རེད་འདུག་པས་ང་ཚོ་སུ་ཡིན་ཡང་རང་ཉིད་ལ་ཞུ་དག་གཏོང་རྒྱུ་གཞི་ནས་མགོ་རྩོམ་དགོས་པ་འདྲ། ངས་ཐོག་མཐའ་བར་གསུམ་དུ་བཤད་པའི་སྙིང་པོ་བསྡུས་ན། ང་ཚོས་བཤད་པ་དང་སྒྲུབ་པ་ཐམས་ཅད་པོ་ནམ་མཁའི་སྐར་མར་སྙོབ་པའི་སྟོང་བསམ་སྟོང་ལས་སུ་མ་སོང་བར་མིག་མདུན་གྱི་དོན་དངོས་ལ་རེག་ཐུབ་པ་ཞིག་བྱུང་ན་སྙམ་པ་ཁོ་ན་ལས་གཞན་ཅི་ཡང་མེད་དོ།
    འདས་མ་ཐག་པའི་ཉིན་འདི་དག་ལ་བྱུང་བའི་༸གོང་ས་མཆོག་གི་བཀའ་སློབ་དང་། བརྒྱུད་ལམ་སྣ་ཚོགས་ཀྱི་རྩོམ་ཡིག་དང་བཤད་པ་ཁག་པ་ལྟོས་དང་ཁྱོད་ཀྱིས་ཁག་ཐེག་སྔ་དྲགས་པའི་སྐྱོན་ཡོད་པ་ཤེས་ནུས།
    ཡང་ཁྱོད་ཀྱིས། “གྲོགས་པོ་ངོ་ཤེས་ཡིན་པས་ཐུགས་ལ་མ་ཕོགས་པའི་རེ་བ་ཡོད།” ཞེས་ཟེར་བ་འདི་ལ་མཐའ་གཅིག་ཏུ་མོས་མཐུན་ཡོད། ངོ་ཤེས་ཙམ་མ་ཟད་གྲོགས་པོ་བློ་མཐུན་ཡིན་པས་ཕོག་མི་སྲིད་ཡིན་ན་ཡང་། འདི་ལྟར་གསལ་བོར་བཤད་ན་ཁྱོད་ལ་ཡང་མི་ཕོག་པའི་རེ་བ་དང་གནས་ཚུལ་ཉེན་ཁ་ཅན་འདི་གསལ་བོ་ཞིག་ཤེས་རྟོགས་ཡོང་བའི་རེ་བ་ཡོད།

    Reply
  2. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 12 སྔོན།

    དགེ་བཤེས་ལགས་ཀྱི་གསུང་གི་ནང་དུ་ཆེས་ཚབ་ཆེ་བའི་ཟམ་གདོང་སོགས་ཀྱི་བཤད་ཡམ་དེ་བསྐྱར་ཟློས་གནང་བ་བདག་ལ་ཡེ་ནས་མ་འཐད་དེ། ཁོང་གིས་”་་་་བཅུ་གསུམ་པའི་སྐབས་ཀྱི་ཡིག་ཆ་འཕྱར་ཏེ་བཅུ་བཞི་བར་ཁག་འདོགས་པ་དང་། རང་བཙན་རྩོད་རྒྱུ་ཟེར་བ་སོགས་ནི་ཅུང་དགོད་རེ་བྲོ་སྟེ།་་་་” ཞེས་དང་། “་་་་ལྷག་པར་དུ་དབུ་མའི་ལམ་དང་རང་བཙན་གྱི་ལངས་ཕྱོགས་སྤྱད་དེ་དྲིན་ཅན་ལ་དྲིན་ལོག་མི་བྱེད་རྒྱུ་རེ་བ་སྙིང་ནས་ཞུ།”ཞེས་པ་འདི་རིགས་ནི་ཧ་ཅང་སྙིང་ལ་གཟན་པའི་ཚིག་དག་རེད། གྲོགས་པོ་ལགས། རང་ལ་རྣམ་དཔྱོད་ཡོད་ན་གཞན་གྱི་རྗེས་སུ་མི་འབྲེང་བར་ཞུ། གལ་སྲིད་གཞན་གྱི་རྗེས་འབྲང་མིན་ན་དེ་ལྟར་བཤད་མཁན་སུ་ཡིན་གསལ་བོ་གསལ་བོར་གསུང་རོགས་ཞུ།
    ངའི་བསམ་པར་རང་བཙན་འཐབ་རྩོད་པ་དག་གི་ནང་དུ་དེ་འདྲ་ཁ་ནས་བཤད་མཁན་ཕར་ཞོགས་སེམས་ལ་བསམ་མཁན་ཡང་མེད་པ་ངས་ཐག་གིས་ཆོད་སྙམ། དེ་ནི་རྣམ་པ་ཚོས་གསར་བཟོ་བྱས་པའི་རང་བཙན་འཐབ་རྩོད་པ་དག་ལ་གཉའ་གནོན་དང་ཟུར་ཕུད་བྱེད་སྤྱད་ཀྱི་ལག་ཆ་གསར་བ་ཞིག་རེད། རྣམ་པ་ཚོས་དེ་ལྟར་བཤད་པ་ནི་རྣམ་པ་ཚོས་ཀྱང་མི་ཉན་པར་གསུང་བཞིན་པའི་ནང་ཁུལ་དཀྲུགས་ཤིང་ངོ་མ་དེ་རེད། སྐུ་མཁྱེན། གཞོན་སྐྱེས་ཁྱེད་ལྟ་བུས་རྗེས་སུ་དེ་འདྲ་གསུང་གི་མི་བཞུགས་པའི་རེ་བ་ཞུ།
    གྲོགས་པོ་ངོ་ཤེས་ཡིན་པས་ཐུགས་ལ་མ་ཕོགས་པའི་རེ་བ་ཡོད།

    Reply
  3. བྱ་གཞུང་འཇམ་བྷེ says:
    ལོ་ 12 སྔོན།

    དགེ་བཤེས་ལགས་ཀྱིས་གསུངས་བ་བདེན་པ་རེད་།   ཡིན་ན་ཡང་།  དེང་སྐབས་སྤྱི་ཚོགས་ནང་དུ་མི་སྐོར་ཞིག་ལ་དང་ཚོགས་པ་རེ་ཟུང་ལ་དོན་དངོས་ཀྱི་བདེན་པ་དང་གནས་ལུགས་རི་ལྟར་བརྩིགས་ན་ཡང་བློ་རིག་ཇེ་གཙང་དང་གཤིས་རྒྱུད་ཇེ་དྲང་དུ་འགྲོ་རྒྱུ་ཤུན་ཏུ་དཀོན།    དེ་ལས་ལྡོག་སྟེ་མི་རེ་ཟུང་དང་ཚོགས་པ་ཡན་གར་བའི་འུད་སྒྲོགས་དང་གནས་ལུགས་དང་མི་མཐུན་པའི་ཁ་སྒྲོབ་བཤད་པར་ཆ་འཇོག་དང་ཡིད་ཆེས་ཀྱིས་ལོག་ལམ་དུ་འགྲོ་མཁན་ཤུན་ཏུ་མང་།   དེར་བརྟེན་་ང་ཚོའི་སྤྱི་ཚོགས་ནང་གི་མཁས་དབང་དང་བསམ་བློ་བ་གང་མང་ཞིག་ང་ཚོའི་སྤྱི་ཚོགས་འདིར་ཉོབ་ནས་ཁུ་སིམ་པོའི་འགོལ་ས་ཞིག་ཏུ་བསྐུངས་ནས་བསྡད་ཡོད་བ་རེད།   དགེ་བཤེས་ལགས་ལྟ་བུའི་ཤེས་འཇོན་གཉིས་ལྡན་གྱི་མི་བུ་བསམ་བློ་བ་ཚོས་ལྷག་བསམ་རྣམ་དག་དང་དྲང་བོ་དྲང་བཞག་གིས་ཞལ་གསུངས་རེ་གནང་ཐུབ་ན་ལེགས་པར་སྙམ།

    Reply
  4. གནས་ཚང་། says:
    ལོ་ 12 སྔོན།

    རཱ་རྒྱ་བ་འདི་དད་པ་བྱེ་བྲག་པ་ཞིག་གི་རྗེས་སུ་འབྲངས་ཟིན་པ་མ་གཏོགས་སྐབས་དེའི་འཛམ་གླིང་དེ་འདྲ་རང་རེད། དཔེར་ན། རྒྱ་ནག་གི་ས་ཁུལ་མང་བོའང་འཇར་པན་དང་ནུབ་ཕྱོགས་པའི་དབང་འོག་ཏུ་ཡོད་པ་རེད། ཡིན་ནའང་། སྐབས་དེའི་རྒྱ་གཞུང་ཁག་(ཡོན་ཧྲི་ཁེ་སྲིད་གཞུང་། ཅང་ཅེ་ཤག་སྲིད་གཞུང་དང་ཝང་ཅིན་བེ་སྲིད་གཞུང་སོགས་རེད།)གིས་ཀྱང་ཁྲིམས་ཐོག་ནས་ངོས་ལེན་བྱས་ཡོད་པ་མ་རེད། བོད་ཀྱང་གནས་སྟངས་དེ་འདྲ་རེད་མ་གཏོགས་ཡིག་ཐོག་ནས་ངོས་ལེན་བྱས་ཟིན་ས་ཡོད་པ་མ་རེད། ཡིན་ནའང་། ད་ལྟ་གནས་སྟངས་དེ་འགྱུར་ཚར་བ་རེད་དེ། བོད་མི་མང་རང་ངོས་ནས་བོད་དོན་མུ་མཐུད་དུ་རྩོད་ཀྱིན་པ་རེད།

    Reply
  5. ཨ says:
    ལོ་ 12 སྔོན།

    ལོ་རྒྱུས་ཀྱི་གནད་ཀ་འགར་སྤྱི་སྡོམ་ར་འཕྲོད་ཅིག་དང་། ད་ལྟའི་དངོས་ཡོད་ཀྱི་གནད་དོན་ཐད་དུ་གསལ་བཤད་ཐུང་ངུ་ཞིག་གནང་བར། བདག་གིས་ཡི་རངས་ཞུ། ད་རུང་དལ་མོ་བྱས་ནས་བལྟ་དགོས།

    Reply
  6. གྲྭ་ལོག says:
    ལོ་ 12 སྔོན།

    རྭ་རྒྱའི་དགེ་བཤེས་ད་ཐེངས་གནད་ལ་ཕོག་འདུག རྭ་རྒྱའི་བླ་མ་ཤིང་བཟའ་ཚང་ལའང་བར་དོ་འདི་གསལ་བོ་ཞིག་ངོ་སྤྲོད་གནང་རོགས། ཧཧཧཧཧ དེང་སང་སློབ་སྦྱོང་མེད་དུས་ད། ཆོས་དང་ཆབ་སྲིད་གཉིས་ཀ་མི་འཁྱོངས་བ་ནི་དངོས་བདེན་རང་རེད་ཡ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese