མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་བཙན་ལངས་ཕྱོཊ་ལ་འགྱུར་བ་གཏོང་དགོས།

བོད་ཀྱི་དུས་བབ།
༢༠༡༣/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཟླ་བའི་ཉིན་ལྷོ་ཕྱོགས་ཧུན་སུར་དུ་མདོ་སྟོད་གྱི་སྐྱ་སེར་ ༣༠༠ ལྷག་གིས་ཚོགས་འདུ་བསྐོངས་ཏེ། མ་འོངས་པར་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུ་དགོས་པའི་གྲོས་ཆོད་བཞག་འདུག

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་སྒར་རྒྱུད་སྨད་གྲྭ་ཚང་གི་ཚོགས་ཁང་དུ། ས་གནས་དེ་ཁུལ་གྱི་མདོ་སྟོད་ཆོལ་ཁའི་སེར་སྐྱ་མང་ཚོགས་དང་རྒྱུད་སྨད་དུ་སློབ་གཉེར་གནང་བཞིན་པའི་གདན་ས་གསུམ་གྱི་དགེ་བཤེས་བཅས་མི་མང་ ༣༠༠ ལྷག་གིས་ཚོགས་འདུ་ཚོགས་ཏེ། སྤྱི་མོས་གྲོས་ཆོད་དོན་ཚན་ ༤ བཞག་ཡོད་པ་དག་ནི། ཉེ་ལམ་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ས་གནས་གཞོན་ནུའི་ཚོགས་འདུའི་ཐོག མ་འོངས་པར་གཞོན་ནུ་དབུ་མའི་ལམ་ནང་ཞུགས་དགོས་པའི་དགོངས་འཆར་བྱུང་བར་བསྔགས་བརྗོད་དང་། མདོ་སྟོད་ཆུ་བཞི་སྒང་དྲུག་ནས་བོད་རང་བཙན་གྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་པ། གཞོན་ནུ་ལྷན་ཚོགས་ཀྱིས་མི་འགྱངས་བར་ངྷ་སར་རང་བཙན་ཚོགས་འདུ་འཚོགས་འཆར་སྟེང་། མདོ་སྟོད་སྤྱི་འཐུས་རྣམ་པ་མི་ཞུགས་རྒྱུའི་འབོད་སྐུལ་བཅས་བཀོད་འདུག

གྲོས་ཆོད་ཀྱི་སྔོན་གླེང་ནང་བསྟན་དོན། “ དེང་འདིར་གནས་ཚུལ་གོ་ཐོས་ལྟར་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རང་བཙན་སྐོར་གྱི་ཚོགས་འདུ་ཞིག་རིང་མིན་རྡ་སར་འཚོགས་འཆར་ཡོད་པའི་གནས་ཚུལ་ཡོད་པ་དང་། ལྷོ་གཞིས་ཁག་ལྔའི་ས་གནས་གཞོན་ནུའི་ཚོགས་འདུ་ཞིག་སྦེལ་ཀོབ་ཏུ་ཚོགས་ཏེ་གཞོན་ནུ་དབུ་མའི་ལམ་ལ་ཞུགས་རྒྱུའི་དགོངས་འཆར་བྱུང་བའི་བཟང་ཕྱོགས་ཀྱི་གནས་ཚུལ་དངོས་སུ་བྱུང་བ་དང་། སྤྱི་འཐུས་སྒེར་གྱི་གྲོས་འཆར་གྱི་གནས་ཚུལ་བཅས་ཀྱི་གླེང་གཞི་ལ་བརྟེན། ཧུན་སུར་རབ་གླིང་མདོ་སྟོད་ཆོལ་ཁའི་སེར་མོ་བ་རྒྱུད་སྨད་བསྐྱེད་རིམ་པ་དང་། རྒྱུད་ཞུགས་གདན་གསུམ་དགེ་བཤེས་སོགས་སེར་སྐྱ་མི་མང་ ༣༠༠ བརྒལ་བ་ནས་ལྷག་བསམ་སེམས་ཁུར་བླངས་ཏེ། ལྷན་འཛོམས་བཀའ་བསྡུར་ལྷུག་པོ་གནང་སྟེ། སྤྱི་མོས་གྲོས་ཆོད་བྱུང་བ་གཤམ་གསལ” ཞེས་བཀོད་འདུག

གྲོས་ཆོད་དངོས་གཞིའི་ནང་བཀོད་དོན། ”  ༡༽ད་རེས་ལྷོ་ཕྱོགས་ཁག་ལྔའི་ས་གནས་གཞོན་ནུའི་ཚོགས་འདུ་ཞིག་སྦེལ་ཀོབ་ཏུ་ཆེད་ཚོགས་གནང་སྟེ། གཞོན་ནུ་དབུ་མའི་ལམ་ལ་ཞུགས་རྒྱུའི་གླེང་སློང་དང་བཀའ་བསྡུར་བྱུང་བ་ལ་ཡི་རངས་བསྔགས་བརྗོད་ཡོད།

༢༽མདོ་སྟོད་ཆུ་བཞི་སྒང་དྲུག་ནས་བོད་རང་བཙན་གྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་གྲོས་འཆར་འདོན་རྒྱུ་ཡིན། རྒྱུ་མཚན་ལྟར་སྣང་གི་དབང་དུ་མ་བཏང་བར་བོད་དང་བོད་མིའི་དངོས་ཡོད་ཀྱི་ཁེ་ཕན། བོད་ཀྱི་ཆོས་རིག་དངོས་འཛིན་དང་བཅས་པ་འཛམ་གླིང་འཛིན་མའི་ཁྱོན་འདིར་སོན་པོར་གནས་ཐུབ་པའི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་ལ་ཞུགས་ཏེ་ལམ་དེར་རྒྱབ་སྐྱོར་དང་ནུས་ཤུགས་སྤེལ་ཐབས་དགོས། དེ་ལྟར་བྱུང་ཚེ་འདི་ག་ས་གནས་ནས་གང་ཅིའི་འབྲེལ་ལམ་དང་མཐུན་འགྱུར་ཞུ་དགོས་རིགས་ཞུ་ཆོག་པ།

༣༽འདས་པའི་ལོར་བོད་རང་བཙན་ཚོགས་པའི་ཚོགས་འདུ་ཞིག་རྡ་སར་སྐོང་ཚོགས་གནང་བར། མདོ་སྟོད་སྤྱི་འཐུས་འགའ་ཞིག་གིས་དེར་མཉམ་ཞུགས་གནང་བའི་གནས་ཚུལ་བྱུང་ཡོད་ཅིང་། འདི་ལོར་ཡང་རིང་མིན་བོད་ཀྱི་གཞོན་ནུ་ནས་རྡ་སར་བོད་རང་བཙན་སྐོར་གྱི་ཚོགས་འདུ་ཞིག་འཚོགས་འཆར་ཡོད་པ་དེར་མདོ་སྟོད་སྤྱི་འཐུས་མཉམ་ཞུགས་མི་གནང་བའི་འབོད་སྐུལ་ཞུ་རྒྱུ་དང་། གལ་ཏེ་མཉམ་ཞུགས་གནང་ཚེ་འདི་གའི་ས་གནས་ནས་མདོ་སྟོད་སྤྱི་འཐུས་སུ་ངོས་ལེན་མེད།

༤༽ད་རེས་མདོ་སྟོད་ཚོགས་འདུ་བ་སྤྱི་ཡོངས་ནས་བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་བླ་ན་མེད་པ། ཡང་དག་པའི་མང་གཙོའི་ལམ་ནས་གཏན་ལ་ཕབ་པའི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་ལ་མོས་མཐུན་དང་། རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་ཡིན་པའི་གྲོས་ཆོད་དུ” ཞེས་སོགས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 37

  1. གྲྭ་ལོག says:
    ལོ་ 12 སྔོན།

    གལ་སྲིད་སྲིད་སྐྱོང་དང་བཀའ་ཤག ཡང་ན་བཀའ་དྲུང་ཡིག་ཚང་སུ་ཡིན་ཡང་རང་བཙན་ལས་འགུལ་སྤེལ་འགྲོ་སྐབས་ཐོངས་ཆེན་རྒྱབ་གཉེར་གནང་བ་དེ་ནོར་བ་རེད། ལྐོག་གཡོ་ངན་ཇུས་རང་རེད། ཤར་ཕྱོགས་ཁུག་རྟས་འདི་ལས་ཀྱང་ཐད་ཀར་བཀའ་ཤག་ལ་སྙན་ཞུ་ཕུལ་ནས་གསལ་བཟོ་གནང་ན་ཡག་གི་རེད། འདི་དབུ་མ་པ་དག་གི་འགན་རེད་བསམས།།

    Reply
  2. གྲྭ་ལོག says:
    ལོ་ 12 སྔོན།

    གྲགས་ཅན་ཤར་ཕྱོགས་ཁུག་རྟས་དངོས་གནས་ཕྱི་ནང་གསང་གསུམ་ནས་གོ་རྒྱུ་ཡོད་པའི་ཐོག་བར་དོ་ངོ་སྤྲོད་གནང་འདུག གཞོན་ལྷན་གྱིས་དེང་སང་ཁུངས་འཁྱོལ་གྱི་མེད་པའི་ཐུག་ས་ཚང་མ་གཞོན་ལྷན་དབུས་རྒྱུན་དང་ས་གནས་གཅིག་གྱུར་ཐོག་དོན་གྲུབ་ལྷ་དར་གྱི་བྱེད་བབ་དང་འབྲེལ་བ་ཡོད་པ་གསལ་བོ་རེད། མ་གཞི་ནས་ཁ་སྔོན་དྲ་གྲོགས་ཤིག་གིས་མི་འདི་རིགས་ཆུ་སྒང་གི་ལག་ཆ་ཡིན་སྟབས་བོད་སྤྱིའི་ལས་དོན་བྱེད་པོའི་ནང་གཙང་མ་བཟོ་དགོས་པའི་རིགས་ཡིན་སྟབས། ག་ཚོད་གོ་རྒྱུ་ཡོད་པ་བཤད་ནའང་གོ་མདོག་ཁ་བོ་མ་རེད།། ཡིན་ནའང། དེ་རིང་སང་ཉིན་ས་གཞོན་ཁག་ནས་རྐུབ་ལ་མེ་བཙའ་འཇོག་པ་བཀྲ་ཤིས་པའི་རྟེན་འབྲེལ་རང་འགྲིག་མ་རེད་དམ།།

    Reply
  3. ལུང་རྟོགས། says:
    ལོ་ 12 སྔོན།

    ད་བྱས་དུས་བོད་མའི་སྒྲིག་འཛུགས་ཀྱིས་རང་བཙན་རྩོད་མཁན་རྣམས་ལ་དགྲ་བོའི་འདུ་ཤེས་འཛིན་དགོས་ཀྱི་ཡོད་པ་རེད། རྨི་ལམ་སྐྱིད་པོ་མ་གཏོང་ཤར་ཁུག་ལགས། བོད་མིའི་དབུ་ཁྲིད་རྣམས་དགྲ་གཉེན་དང་ཁེ་གྱོང་གི་དབྱེ་བ་མི་ཤེས་པའི་ལྐུགས་པ་དག་དག་མ་རེད་ད། དོན་འགྲུབ་ལྷ་དར་ལགས་ནས་གསལ་བཤད་གནད་ལ་ཕིགས་པ་གནང་སོང་བར་རྗེས་སུ་ཡི་རང་ཡོད། དེ་མིན་མི་འདིའི་སྨྱོ་ཧམ་ཇེ་ཆེ་རེད་ལ། མི་ཅོལ་ཆུང་འགའ་ཤས་མགོ་སྐོར་ཡང་ཐེབ་སྲིད་པ་རེད།

    Reply
  4. ཀེ་ཏ་ཀ says:
    ལོ་ 12 སྔོན།

    ལྟད་མོ་ཨོ་ཙམ་འདུག

    ངས་གསལ་བཤད་བྱེད་འདོད་པ་ཞིག་ནི། བོད་རང་བཙན་ནི་བོད་མི་ས་ཡ་དྲུག་གི་མངོན་འདོད་མ་རེད། མངོན་འདོད་རེད་ཅེས་སྐྱག་རྫུན་བཤད་པ་དེ་ཐབས་རྡུག་རེད། དེང་སང་གཞི་རིམ་མང་ཚོགས་དང་དབུ་འཁྲིད་ཤེས་ཡོན་ཅན་བཅས་ཚང་མས་བོད་རང་བཙན་ལེན་ཐབས་གང་ཡང་མེད་པའི་རང་མདོག་རང་ལ་གསལ་བོར་ར་འཕྲོད་ཡོད། སོང་ཙང། ག་དུས་ཡིན་ན། ཨུ་ཚུགས་འདྲ་ཞིག་བཤད་ནས་བོད་མི་ས་དྲུག་གི་མངོན་འདོད་ངོ་མ་རང་སྐྱོང་ཐོབ་འདོད་ལ་རྡོག་རྫིས་བཏང་སྟེ་བཞུགས་ན་རྣམ་དཔྱོད་ཅན་གྱི་ལས་ཀ་མ་རེད། ལྐུགས་པའི་ལས་ཀ་རེད།

    Reply
  5. ཤར་ཕྱོགས་ཁུག་རྟ། ༼ ཆོས་འབྱོར། ༽ says:
    ལོ་ 12 སྔོན།

    དོན་གྲུབ་ལྷ་དར་ལགས་ལ་བར་དོ་ངོ་སྤྲོད།

    ༄༅།། ཚིག་གི་མགོ་བསླངས་ཙམ་ནས་རང་ནོངས་ཁོག་ལ་མ་ཤོང་བར་ཐད་ཀར་མིའི་ཀུན་སྤྱོད་སྟེང་མཛུབ་མོ་བཙུགས་ཡོང་བ་འདིས་གནད་དོན་མང་པོ་ཞིག་རང་བཞིན་གྱིས་གསལ་བཤད་བྱེད་ངེས་པ་དང། ལྷག་པར་རྒྱལ་ཁམས་ཀྱི་ཁ་ན་ཤེས་རབ་ཀྱི་མིག་ཡོད་གསུངས་པ་ལྟར། ནག་མོ་ཇོ་འཛིང་ལྟ་བུའི་ང་མཆོག་ཁྱེད་དམན་གྱི་རྩོད་པ་བྱེད་པའི་སྲོལ་རྒྱུན་དང་ཁོར་ཡུག་གཉིས་ཀར་ལས་སྨོན་གྱིས་འབྲེལ་བ་སྤུ་ཙམ་མ་བྱུང་སྟབས། ཤེས་བྱའི་ནང་ཁོག་གི་རང་གཟུགས་སྟོན་པའི་ནག་འགེལ་རིགས་ལ་ཞུགས་འདོད་མེད།

    དོན་གྲུབ་ལྷ་དར་ལགས་རང་བཙན་འཐབ་རྩོད་ཀྱི་མི་ཁོམ་དགུའི་བར་ཚུད་ནས། ད་བར་བོད་རང་བཙན་གྱི་ལོ་རྒྱུས་ཀྱི་གནས་བབ་ཐད་བསྐྱར་ཞིབ་གོ་བདེར་གསལ་འགྲེལ། རྒྱ་ནག་གིས་ཡོན་རྒྱལ་རབས་ནས་བཟུང་བོད་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་གྱི་སྒྲུབ་བྱེད་ཕྲེང་བསྟར་སྒྲིག་པའི་རྫུན་རྐུབ་བརྡོལ་རྒྱུ་སོགས་ལ་ཤོག་ལྷེ་གཅིག་སྟོན་རྒྱུ་ཡོད་པ་ལྟ་ཞོག ཐ་ན་རང་བཙན་ཞེས་སྐད་ཤུགས་ཆེན་པོས་བཤད་པ་དེ་བཞིན་བོད་རང་གི་ལོ་རྒྱུས་དེབ་ཐེར་དག་གི་གུང་སྒྲིག་ནས་རང་དང་ལས་རོགས་རྣམས་ལ་ལས་འབྲས་ཀྱི་དྲི་བ་ཞིག་གཏོང་དགོས་ཚོད་གདའ་ཡང། རང་བཙན་འཐབ་རྩོད་པས་བོད་རང་བཙན་ལོ་རྒྱུས་ཐད་ཀྱི་གནད་འགག་རྣམས་མི་ཤེས་པ་ནི་ཅི་འདྲའི་ཐབས་སྐྱོ་ནའང་བཤད་ནས་ག་ལ་ཕན།

    སྐབས་བབ་ཁོ་བོས་འདིར་སྙོག་ལས་དེ་རིགས་བཤད་དགོས་དོན་ཡང་ཕྱོགས་ལྷུང་དྲང་པོར་ཨེ་ཡོང་བསམས་པ་ཡེ་ནས་མེད། ཡིན་ནའང། དྲང་བདེན་གྱི་དྲི་མ་ཡལ་བའི་༧གོང་ས་ཆེན་པོའི་སྲིད་སྟེགས་དང། མི་མང་གི་རེ་བཅོལ་བློ་གཏོད་མཚམས་བཞག་མ་མྱོང་བའི་སྲིད་ཁྲི་འདིར་ཁོ་པ་ཚོའི་གོམས་སྲོལ་”ཕྱོགས་ལྷུང་ཟློས་གར་”བསྐྱར་འཁྲབ་བྱེད་ཀྱི་བསྡད་པ་ཡིན་ན། རྒྱུ་མཚན་གྱི་གཡོག་ལ་རྒྱུགས་ཤིང་རང་དོན་གཏམ་དོད་རྒྱང་ལ་བསྐུར་བའི་ཡི་གེ་བ་དག་དང་གཞི་རིམ་མང་ཚོགས་ཀྱིས་ཡན་པོར་མི་འཇོག་པ་ནི་ཆོས་ཉིད་ཅིག་ཡིན་པས་ལས་འབྲས་ཤེན་འབྱེད་མི་ཡོང་བ་ག་ལ་སྲིད་མོད། དོན་གྲུབ་ལྷ་དར་ལགས་ཀྱིས་ད་དུང་སྲིད་སྐྱོང་འགེབས་ཐུབ་ཀྱིས་བཀའ་ཤག་ལ་ཐོངས་ཆེན་རྒྱབ་གཉེར་སྤྲོད་སྲོལ་ཡོད་ལུགས་ལྟ་བུར་ཧམ་བཤད་བྱས་ཏེ། ནང་དོན་རང་གིས་རང་བཙན་ལས་འགུལ་སྤེལ་རྒྱུར་དབུ་མའི་གཞུང་གིས་ཨ་རིའི་ཐོངས་ཆེན་ཞུས་པའི་ནག་ཁུངས་ནང་གི་དོན་དངོས་ཁས་བླངས་པ་དང་སྦྲགས། གནང་ས་གནང་མཁན་གཉིས་ཀའི་སྙོག་ལས་དེ་བཞིན་སྔར་གྱི་ལམ་སྲོལ་ཡིན་ཟེར། ཧམ་པ་དང་བཙོག་པ་ལག་པས་འགེབས་བཞིན་ནམ་ཞག་བསྐྱལ་མིན་སོ་སོའི་འདོད་པ་རེད།

    ཡིན་ནའང། ངས་བརྗོད་དོན་གཙོ་བོ་ནི། དཔལ་ལྡན་སྲིད་སྐྱོང་ཡིན་ན་འདྲ། དཔལ་ལྡན་བཀའ་ཤག་ཡིན་ན་འདྲ། ད་ལྟའི་ཆར་རང་བཙན་ལས་འགུལ་སྤེལ་རྒྱུར་མཐུན་འགྱུར་ཞུས་པ་ཡིན་ན། རྩ་བའི་ལངས་ཕྱོགས་དང་འགྲིག་གི་ཡོད་པ་མ་རེད་ལ། བཀའ་ཤག་གི་སྲོལ་རྒྱུན་དང་ཁྱོན་ནས་མཐུན་གྱི་མེད་སྟབས། དེ་ལྟར་གནང་ན་ཁ་ཞེ་མི་མཚུངས་པ་ལྟ་བུར་གནས་པ་གསལ་བོ་རེད་ཅེས་པ་འདི་ཡིན། དཔེར་ན། གཞུང་འབྲེལ་མིན་པའི་ཚོགས་པ་རྣམས་གཞིས་ཆགས་ཁག་ཏུ་ལས་འགུལ་སྤེལ་འགྲོ་སྐབས། ལས་འགུལ་དེ་དག་གཞུང་གི་ལངས་ཕྱོགས་དང་མཐུན་ནའང། བཀའ་ཤག་དང་ས་གནས་གཞིས་མགོ་གཉིས་ཀས་མི་མང་བསྡུ་སྐོང་ཙམ་ལའང་རྒྱབ་གཉེར་མི་གནང་རྒྱུ་ནི་བཀའ་ཤག་གི་ཐག་གཅོད་ཡིན་སྟབས། ཐོངས་ཆེན་ཞུ་བའི་གནད་འགག་ཆེ་རིགས་ལ་རྒྱབ་གཉེར་གནང་ཐབས་ག་ལ་ཡོད། དོན་གྲུབ་ལྷ་དར་ལགས་ཀྱིས་ཀྱང་འདི་ལ་ཡག་བཤད་གནང་རྒྱུ་མེད་ལ་ལོས་མཁྱེན། སོང་ཙང། བཀའ་ཤག་གིས་འདིའི་ཐད་གསལ་བཤད་ངེས་པར་དགོས།།
    ༢༠༡༣། ༤། ༢༨། ཉིན།།

    Reply
  6. དོན་གྲུབ་ལྷ་དར། says:
    ལོ་ 12 སྔོན།

    གསལ་བཤད་དང། དྲན་སྐུལ།

    ཕྲན་ཉེ་སྔོན་གཞོན་ནུའི་ལས་དོན་ཆེད། ཨ་རི་ཁུལ་དུ་ཕྱོགས་སྐྱོད་དང་འབྲེལ་བའི་ཐད། འདིར་ཤར་ཕྱོགས་ཁུག་རྟའམ་བློ་བཟང་ཆོས་འབྱོར་ནས་འཁྱོག་བཤད་ཀྱིས་མཆན་བཀོད་པ་དེར། གང་ཟག་ཁོ་རང་གི་ངོ་བོ་དང་བྱ་སྤྱོད་གང་ཐད་ནས་བདག་སྤྲོད་ཡ་ལན་བྱེད་པའི་རིན་ཐང་ཅི་ཡང་མེད་མོད།
    འོན་ཀྱང་མང་མོས་ཚད་མཐོའི་ལམ་ནས་འོས་འདེམས་ཞུས་པའི་སྲིད་སྐྱོང་མཆོག་ལ་ང་དང་འབྲེལ་བའི་ཐོག་ནས་མ་ཉེས་ཁ་གཡོགས་བྱས་པ་དེར་གསལ་བཤད་ཅིག་མ་བྱས་ན་འགན་འཁུར་མ་སྒྲུབ་པར་འགྱུར་བས། དེ་ཁོ་ནའི་ཐད་གསལ་བརྗོད་བྱ་རྒྱུར།
    དོན་གྲུབ་ལྷ་དར་མ་གཞི་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་རྒྱབ་གཉེར་ཤུགས་ཆེ་གནང་ནས་ཨ་རིར་སོང་བ་ཞིག་རེད་འདུག་ཟེར་བ་ནི། ཁོ་པས་སྲིད་སྐྱོང་མཆོག་དང་ད་ལྟའི་བཀའ་ཤག་ལ་སྔ་རྗེས་དུ་མར་འཁོན་སེམས་དང་དམིགས་ཡུལ་ཡོད་པའི་ཐིག་ནས་ཉེས་འཛུགས་སྣ་ཚོགས་རྒྱུན་མར་བྱས་དང་བྱེད་བཞིན་པའི་ཆ་ཤས་ཤིག་ལས། བདེན་དོན་གྱི་རིན་ཐང་དང་གནས་ལུགས་ཅི་ཡང་མེད།
    གང་ལགས་ཞེ་ན། བཙན་བྱོལ་བོད་མི་སྤྱི་དང་ལྷག་པར་ཚོགས་སྡེ་ཁག་གི་ལས་དོན་དང་འབྲེལ་བའི་ཕྱི་སྐྱོད་ཁག་ལ་རང་གཞུང་གི་འབྲེལ་ཡོད་སྡེ་ཚན་ནས་བོད་མིའི་ཁྱབ་ཁོངས་ཀྱི་ངོས་འཛིན་དང་འབྲེལ་བའི་ངོས་སྦྱོར་རྒྱབ་གཉེར་སྔ་རྗེས་གནང་བ་ནི། སྤྱི་མཚུངས་དང་ཡོངས་གྲགས་ཤིག་ཡིན་པ་བཞིན། ང་ལ་ཡང་དེ་ལྟའི་སྤྱི་མཚུངས་ཀྱི་རྒྱབ་གཉེར་དེ་རིགས་མ་གཏོགས། སྲིད་སྐྱོང་མཆོག་གིས་གནང་བའི་ཡིག་ཆ་ཚིག་འབྲུ་གཅིག་ཀྱང་མེད།
    སྲིད་སྐྱོང་མཆོག་གིས་ཕྲན་ལ་རྒྱབ་གཉེར་གནང་བའི་བདེན་དཔང་ཡོད་ན་ཡིག་ཐོག་ར་སྤྲོད་ངེས་པར་བྱ་དགོས་ལ། དེ་མིན་རྟོག་བཟོ་དབྱེན་དཀྲུག་དང་དམིགས་ཡུལ་ཡོད་པའི་ངན་འཆར་གྱི་ཆ་ཤས་ཁོ་ན་ཡིན་པ་གཟུར་གནས་ཀུན་གྱི་བློར་མངའ་ངེས་ཡིན་པས། མང་དུ་སྨྲ་བའི་དགོས་པ་དབེན་ཞིང་། ཕྲན་ལ་ཁོ་རང་ལྟ་བུའི་དུས་ཁོམས་དང་དམིགས་ཡུལ་མེད་པས། འདི་ནི་གསལ་བཤད་ཀྱི་མཐའ་མ་ཡང་ཡིན།
    སྤྱིར་བོད་རང་བཙན་ནི། འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁྲི་འབུམ་དུ་མའི་ཁ་ཆེམས་དང། བོད་མི་ས་ཡ་དྲུག་གི་མངོན་འདོད་ཡིན་པས། གལ་སྲིད་བོད་རང་བཙན་གྱི་ལས་དོན་ལ་གཞུང་དང་གཞུང་གི་ལས་སྣེ་རྣམ་པས་མཐུན་འགྱུར་གནང་ན། དེ་ནི་གཟི་བརྗིད་དང་བསྔགས་བརྗོད་འོས་པའི་ལས་འགན་ཞིག་ཡིན་པ་ལས། སྦས་འགེབས་ཐེར་འདོན་དགོས་པའི་ནག་ཉེས་སུ་ག་ལ་འགྱུར་ཏེ། དེ་ལྟར་མི་འགྱུར་བ་ལོ་རྒྱུས་ཀྱིས་གསལ་སྟོན་བྱེད་ཀྱི་ཡོད་པའི་དྲན་སྐུལ་དང་བཅས།། །།

    Reply
  7. གྲྭ་ལོག says:
    ལོ་ 12 སྔོན།

    གཞོན་ནུའི་ཚོགས་གཞོན་ཨ་རིའི་ནང་རང་བཙན་ལས་འགུལ་སྤེལ་རྒྱུར་མཐོང་ཆེན་ཞུ་མཁན། སྲིད་སྐྱོང་བློ་བཟང་སེང་གེ་ཡིན་ན། ད་པེ་ཟགས་རེད། ཆོ་མེད་པ་རང་རེད།།

    Reply
  8. གྲྭ་ལོག says:
    ལོ་ 12 སྔོན།

    མདོ་ཁམས་ཆུ་བཞི་སྒང་དྲུག་གི་མིང་འཁྱེར་མཁན་ཁ་ཤས་ཤིག་གིས་རང་བཙན་པ་བཤད་པ་དང་རང་བཙན་སྐུལ་སློང་བྱེད་པ་བཅས་ཀྱི་ནང་འདུས་པའི་གཞོན་ནུའི་དབུས། དེ་བཞིན་རང་བཙན་པ་སྒེར་བ་ཁ་ཤས་བཅས་ཚང་མས་དབུ་མའི་ལམ་ཡིན་མདོག་མ་བསྟན་ཀྱང་འགྲིག་གི་རེད། རང་བཙན་རྩོད་དུས་ལས་ཀ་དྲང་པོ་བྱེད་ཀྱི་མེད་ཙང་ད་ནི་མི་མང་ནང་བསམ་ཚུལ་ཐོན་ནས་ཟུར་འདེད་བྱེད་པ་འདི་ལས་འབྲས་སྨིན་པ་རེད། སོང་ཙང། ཁོང་ཚོ་མི་ཁ་ཤས་ཤིག་གིས་ག་རེ་བྱས་ན་ཡ་མེད་བཏང་བཞག་ན་ཡག་གི་རེད།།

    Reply
  9. ལུང་རྟོགས། says:
    ལོ་ 12 སྔོན།

    ཤར་ཁུག་ཁྱེད་རང་སྡུག་སྐད་རྒྱབ་མ་རྒྱབ་གང་ཡང་ཡོད་པ་མ་རེད། སྔར་ནས་ཁྱེད་རང་གི་མི་གཞི་ལྷང་ལ་བུད་ཟིན་པ་རེད། ཁྱེད་རང་གི་སྐད་ཆ་ལ་ཡིད་ཆེས་བྱེད་མཁན་སུ་ཡང་ཡོང་གི་མ་རེད། དེ་ལས་རྒན་པོ་ཤི་ཁ་མ་ཎི་རེ་འདོན་ཨེ་ཐུབ་བལྟས་ན་ཡག་ཤོས་རེད།

    Reply
  10. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    ཤར་ཁུག། ཁྱོད་ཀྱི་སྙིང་ནད་ད་དུང་རྩོད་བཞིན་པ་ཨེ་རེད། མ་གཞི་ཁྱོད་ཅི་ཁག། ཁྱོད་ཀྱི་ལྟོ་གོས་གཏམ་གསུམ་ཟམ་གདོང་བླ་མའི་འོད་ཟེར་འོག་གཞུང་རྒྱུ་ལ་བརྟེན་པའི་མདུན་ལམ་དེ་སྲིད་སྐྱོང་སེངྒེ་ཚང་གིས་བཅད་ཙང་ད་ནི་ཁྱོད་ཀྱིས་ཐབས་རྒྱ་ཇུས་སྟོང་གིས་༧རྒྱལ་བའི་དགོངས་གཞིི་རྟོགས་མདོག་དང་མཚན་གནས་བེད་སྤྱོད་བྱེད་རྒྱུ་མང་དྲག་སོང་ང་། ད་དུང་ཁྱོད་ཀྱིས་བོད་མི་རིགས་ས་ཡ་བརྒལ་བ་དམར་གསོད་བཏང་བའི་རོ་ཐོག་ཏུ་དར་དམར་བསྒྲེངས་ཏེས་རྟ་རྒྱུགས་བཏང་རྒྱུ་བྱང་བ་དེས་འདོད་པ་མ་ཚིམས་པ་ཨེ་རེད།
    སྲིད་སྐྱོང་སེངྒེ་ཚང་འདི་མི་དམངས་ཀྱིས་འོས་འདེམས་བྱས་ནས་སླེབས་པ་ཞིག་རེད་ལ་ད་ཆ་སྲིད་སྐྱོང་གིས་ཐུགས་འགན་བཞེས་ནས་ལས་དོན་སྒྲུབ་མུས་རེད་ལ་༧གོང་ས་མཆོག་གིས་གཟིགས་སྐྱོང་འོག་ཡོད་མུས་རེད།
    དེ་མིན་དོན་གྲུབ་ལྷ་དར་ལགས་ལ་སྲིད་སྐྱོང་གིས་གཟིགས་སྐྱོང་གནང་བར་ཁྱོད་སྡུག་སྙིང་གས་གྲབས་བྱས་པ་དེ་ཅི་ཁག། མ་གཞི་བྱས་ན་སྲིད་སྐྱོང་གིས་གཟིགས་པ་དེ་ཁྱོད་ལ་འཐོབ་འདོད་ཡོད་ངེས་ཀྱང་། ཁྱོད་ཀྱི་བྱ་བྱེད་ལས་གསུམ་ཚང་མ་བོད་མི་རིགས་ཀྱི་མིག་ལམ་དུ་ཁྲ་ལམ་མེར་གནས་ཡོད་པ་མ་ཟད། ཁྱོད་ལ་ཡིད་ཆེས་ཡོད་མཁན་མི་ཞིག་ཧ་ལམ་དཀོན་ཚོད་ཡིན། གལ་ཏེ་གཟིགས་པ་དེ་ཁྱོད་ལ་རག་ཡོད་ན་འ་ནི་ཡིན་ན་ཨ་རིར་ཕྱིན་ཏེས་བོད་འདི་རྒྱ་ཁོངས་བསྒྲུབ་རྒྱུ་དང་། རྒྱ་རིགས་བོད་རིགས་ཕ་མ་གཅིག་ག྄ི་སྤུན་རེད། བོད་དང་བོད་མི་རིགས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་དྲོ་སྐྱིད་ཀྱིས་ཉི་མ་ཤར་བསྡད་ཡོད་ཞེས་དྲིལ་བསྒྲོགས་གནམ་ས་ཁེངས་པ་ཞིག་བྱེད་རྒྱུ་སྨྲོས་མེད་རེད་པཱ། ད་ནི་ཁྱོད་བྱ་བྱེད་མང་སོང་བས་ཁ་ཡ་བྱེད་མཁན་དཀོན་མོ་རེད་ཁོ།

    Reply
  11. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    རང་བཙན་ཤུགས་ཆེན་པོས་བྱེད་ཁུལ་གྱིས་༧གོང་ས་མཆོག་དང་དབུ་མའི་ལམ་ལ་སྐུར་འདེབས་བྱེད་པ་འདི་དངོས་གནས་བྱས་ན་བྱབ་ཆུང་གི་ལས་ཀ་རེད། ཉེ་སྔོན་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཨ་རིར་སོང་ནས་གང་བྱུང་མང་བྱུང་བཤད་ཡོད་པ་གསལ་བོ་རེད། དེར་བཀའ་ཤག་གསར་པས་དགོངས་པ་ནན་མོ་ཞིག་བཞེས་དགོས་ཀྱི་འདུག་བསམས་ནས་བསྡད་ཡོད་དུས། དོན་གྲུབ་ལྷ་དར་ལགས་མ་གཞི་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་རྒྱབ་གཉེར་ཤུགས་ཆེ་གནང་ནས་ཨ་རིང་ཕེབས་པ་ཞིག་རེད་འདུག མཐོང་མཆན་མ་སྤྲད་པ་ཞིག་ལ་བོད་ཀྱི་སྲིད་སྐྱོང་གིས་རྒྱབ་གཉེར་བྱས་ཏེ་”ཨ་རིའི་ནང་བོད་དོན་དྲིལ་བསྒྲགས་བྱེད་དགོས་པར་”འཁོད་རྐྱེན་ལོ་བཅུའི་མཐོང་མཆན་སྤྲད་འདུག སྲིད་སྐྱོང་དབུ་མ་པ་ལ་རང་བཙན་དྲིལ་བསྒྲགས་མཁན་ཞིག་དགོས་དོན་མེད་ནའང། སྲིད་སྐྱོང་གི་གནང་སྟངས་འདིས། སྲིད་སྐྱོང་སྐུ་ཉིད་དབུ་མའི་ལམ་ལ་ཡིད་ཆེས་ཡོད་མེད་དང་ཁ་ཞེ་གཉིས་མེད་ཡིན་པ་རྒྱ་ཕར་ཞོག བོད་མི་རྣམས་དོགས་པ་ཟ་དགོས་པ་ཞིག་རེད་འདོད་པས། བོད་མི་མང་གིས་ཕྱོགས་སྒྲིལ་ངན་རྒྱབ་ཇག་ལངས་བྱས་ཏེ་གཞུང་དང་གཞུང་གི་མཚན་མཐོང་བེད་སྤྱོད་ལོག་པར་གཏོང་བ་འདི་རིགས་ཤེས་དགོས་སྟབས།

    བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་རྟས་གཟབ་ནན་གྱིས་བསྒྲགས་པའོ།།

    Reply
  12. དོན་ཡོད། says:
    ལོ་ 12 སྔོན།

    ལྷོ་གཞིས་ཁག་ལྔའི་ས་གནས་གཞོན་ནུ་ཙམ་མ་རེད། མི་འགྱང་བར་བྱང་ཕྱོགས་ཁུལ་གྱི་ས་གནས་གཞོན་ནུ་ཁག་གིས་ཀྱང་ཛ་དྲག་གི་ཚོགས་འདུ་འཚོགས་རྒྱུ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་མ་གོ་མདོག་མདོག་བྱས་ཏེ་བསྡོད་ས་ཡོད་པ་མ་རེད། ཉེ་ཆར་སྤྱི་ཟླ་གསུམ་པའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ས་ལུ་གྷར་དུ་བཀའ་སློབ་གནང་བ་དེ་ཧ་ཅང་ཛ་དྲག་པོ་རེད། ད་རེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་ཕམ་བཟོས་པ་ཡིན་ན་གནས་སྟངས་གང་འདྲ་ཆགས་མིན་བཤད་ཁག་པོ་རེད། བློ་ཡུལ་ནས་འདས་པའི་གནས་ཚུལ་དང་བློ་འགྱོད་བྱུང་སྲིད་པ་རེད།

    Reply
  13. གྲྭ་ལོག says:
    ལོ་ 12 སྔོན།

    བོད་དགའ་ལགས་ནས་རིག་པའི་འཕྲུལ་འཁོར་བསྐོར་ཁུལ་གྱིས་བློ་བཟང་ཆོས་འབྱོར་གྱི་གཏམ་ལ་ལོག་འགྲེལ་བྱེད་མོད། དེ་ཡང་མི་སྐྱོན་སྟེ།

    རང་བཙན་༧གོང་ས་ཆེན་པོ་བཅུ་བཞི་པས་བློས་བཏང་བ་ལྟ་བུའི་འདོད་ཚུལ་འཛིན་མཁན་དང། ཡང་ན་༧གོང་ས་ཆེན་པོས་མ་བབས་པའི་འཁུར་བོ་ཆེན་པོ་ཞིག་དང་དུ་བླངས་པ་སྟེ་མདོ་ཁམས་སྟོད་སྨད་ཡར་དྲུད་ནས་ཡོང་གི་འདུག་མདོག་མདོག་བྱེད་མཁན་གྱི་རང་བཙན་པ་ཚོས། སྐད་ཡིག་ཆོས་རིག་གང་ཡང་མི་གཙོ་ལ། བོད་མི་ཐམས་ཅད་ཀྱི་སྐྱིད་སྡུག་མཉམ་མྱོང་གི་འདུན་པ་གཅིག་སྒྲིལ་ཡང་མི་གཙོ་བར། གཙོ་བོའི་ནང་གི་གཙོ་བོ་བོད་ས་ཆུང་ཆུང་ཞིག་ལ་རང་བཙན་ཆུང་ཆུང་ཞིག་ཐོབ་ན་བསམས་པ་དག་གི་ཕྱི་ནང་གསང་གསུམ་གྱི་བྱ་བྱེད་ལས་གསུམ་གྱི་འབྲེལ་ཐོགས་ལྟོས་བཅས་ཚང་མ་དབུ་མའི་ལམ་དང་བློ་བཟང་ཆོས་འབྱོར་ཞེས་འབོད་པའི་མདུང་རྩེ་ཁ་སྤྲོད་བྱེད་ས་ཡིན་པས།

    བོད་མི་ཚང་མའི་སྐྱིད་སྡུག་མཉམ་མྱོང་དང་ཤི་གསོན་མཉམ་རུབ་ཀྱི་འདུན་པ་ གཅིག་པུར། གང་ཟག་བྱེ་བྲག་པའི་ཚུལ་མིན་ལམ་སྟོན་རྒྱུ་མཚན་བྱས་ཏེ་སྤྱི་ལས་སྒེར་གཙོ་བའི་ཁུངས་རུལ་རུ་དཔུང་གི་རྒོལ་སྟངས་ཡིན་ན་འདྲ། གངས་ཅན་པ་སྤྱིའི་འཚོ་གནས་འཆའ་ཕྱོགས་གཏན་དུ་ཁ་མི་འཐོར་རྒྱུར་འདོད་མོས་མེད་ཚུལ་སྟོན་པའི་ཁུངས་མེད་རུ་དཔུང་ཡིན་ནའང་འདྲ། དེ་དག་ཀུན་གྱི་རྐུབ་ལ་གཡམ་རྒྱུགས་ཅལ་འདྲོགས་ཀྱིས་འདེད་པའི་དབང་རྟུལ་ཁེ་ཕན་གྱི་རྗེས་སུ་འབྲངས་པ་ཡིན་ནའང་འདྲ། འདི་དག་གིས་ལངས་ཕྱོགས་དང་དམིགས་དོན་གང་འདྲ་ཞིག་གི་མིང་བྱང་འཁྱེར་སྟེ་འཐབ་རྩོད་བྱས་ཀྱང། དེ་ནི་དབུ་མའི་ལམ་གྱི་རླབས་ཆེན་དགོངས་གཞི་དང་བོད་སྤྱིའི་མདུན་ལམ་དང་རྒྱབ་འགལ་དུ་སོང་བ་ངོས་ཟིན་པའི་ཐོག རྒྱ་ནག་ལ་གཟབ་གཟབ་བྱས་པ་ལྟར་གཟབ་གཟབ་བྱ་དགོས་པའི་དུས་ལ་བབས་ཡོད་པར་མཐོང་ངོ།།

    Reply
  14. མི་རྒོད། says:
    ལོ་ 12 སྔོན།

    ཧ་ཧ་ཧ་དོན་བྱུང་ཨ་ཧ་ཅང་གི་ཡ་མཚན་ཆེ། དེ་བྱེད་དུས་དོན་འགྲུབ་ལྷ་དར་ཞེས་པ་འདི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལག་རྩེད་པོ་ལེ་རེད་ཤག། ། མདོ་ཁམས་ཚོའི་སྤྱི་འཐུས་དྲི་ངད་ཅན་དེ་རྣམས་མཉམ་དུ་བསྒྱུར་ཐུབ་ན་དེ་ལས་བཟང་ད་རྒྱ་དམར་གྱིས་གཏམ་ལ་ཉན་པ་འདོད་དོ། བོད་རྒྱ་ཞི་འགྲིག་སྐབས་དྲི་བ་གཅིག་ཡོད་པ་རེད་། དེ་ནི་ཁྱེད་རང་ཚོའི་ནང་རང་བཙན་འཐབ་རྩོད་པ་འདུག་ཞེས་པ་དེ་རེད།། ད་བར་ཉམས་མྱོང་གིས་ཟད།། ད་དུང་ཟད་ཟད་ན་ནམ་ཞིག་ཉེན་ཁའི་ལྷུངས་རྒྱུ་རེད།།། འདི་ བདེན་ཚེ་མང་མོས་འོས་འཕེན་བྱ་དགོས་པ་གལ་ཆེ་ཆབ་སྲིད་ཚོགས་པ་གལ་ཆེ་ཡིན་བོད་མི་རྣམས་ དགོངས་འཇགས་མཛོད།།།།

    Reply
  15. བོད་དགའ། says:
    ལོ་ 12 སྔོན།

    བློ་བཟང་ཆོས་འབྱོར་གྱིས་“རང་བཙན་རྩོད་པའི་མདུང་རྩེ་དབུ་མའི་ལམ་དང། སྤྱི་ཚོགས་བདེ་འཇགས། ༧གོང་ས་ཆེན་པོའི་སྟེང་གཏད་པ་ཡིན་ན་དེ་ལ་སུས་ཀྱང་བཟོད་སྒོམ་བྱེད་ཐབས་བྲལ།” ཟེར། དེས་ན་ཁྱོད་ཀྱིས་བརྒྱ་བཤད་སྟོང་ལ་བཏུག་ཀྱང་། །ཡོས་ལ་འབབ་རྒྱུ་རྩམ་པ། །ཞེས་པ་ལྟར་རང་བཙན་འདོད་མཁན་གྱི་མི་དེ་ནི་ནམ་ཡང་མདུང་རྩེ་ཞིག་སྟེ་དབུ་མའི་ལམ་གཏོར་མཁན། སྤྱི་ཚོགས་ཀྱི་བདེ་འཇག་དཀྲོག་མཁན། ༸གོང་ས་མཆོག་གི་སྐུ་གསུང་ཐུགས་ལ་བཤེ་མཁན་ཞིག་རེད་ཅེས་པ་འདི་རེད།
    ངའི་ཡ་ཁོག་ཏུ་ཁྱོད་ལ་དྲི་བ་སྟོང་ཕྲག་འགའ་ཞིག་ཡོད་པ་ལས་དཔེར་མཚོན་གཅིག་ཁོ་ན་འདྲི་ཡི་ཡིན། གཡས་དང་གཡོན་སོགས་རྙོག་བཤད་ལུང་པ་གང་གིས་འགེབ་ཐབས་མི་བྱ་པར་ལན་དྲང་པོ་གནང་རོགས།
    ཨ་རིར་སྐུ་ཞི་བར་གཤེགས་པའི་སྐུ་གཅེན་པོ་སྟག་འཚེར་རིན་པོའི་སྲས་འཇིག་མེད་ནོར་བུ་སོགས་གཙོས་ཁྱིམ་ཚང་གཅིག་གི་མི་རབས་ནས་ད་བར་བོད་མི་ས་ཡ་དྲུག་གི་དོན་དུ་རང་བཙན་བརྩད་དང་རྩོད་བཞིན་པ་རྣམས་༸གོང་ས་མཆོག་ལ་གདུང་རྩེ་གཏོད་པ་ཡིན་ནམ།

    Reply
  16. འབྲོང་བུ་སོག་ཚ། says:
    ལོ་ 12 སྔོན།

    སྔར་༧གོང་ས་བཅུ་གསུམ་པ་ཆེན་པོས་བོད་ཀྱི་མ་འོངས་འབྱུང་གྱུར་དང་བརྟན་ལྷིང་ལ་དགོངས་ནས་བོད་ཀྱི་ས་གནས་ཁག་ཏུ་སློབ་གྲྭ་དང་། དམག་མི་སོགས་རྒྱལ་ཁབ་ལ་དགོས་པའི་རིགས་གསར་འཛུགས་གནང་སྐབས་སེར་མོ་བའི་རིགས་འདི་ཚོས་ངོ་རྒོལ་གྱིས་མཐའ་ཅིག་ཏུ་བཀག་ནས་བོད་འདི་མུན་ནག་ནང་ཕྱི་ལོ་ ༡༩༥༩ བར་བཅུགས་ཟིན་ནའང་། ད་དུང་ཆོས་པའི་ལས་འགན་ལས་ལྡོག་སྟེ་ཆབ་སྲིད་པའི་ནང་དུ་རང་ཤེད་ཀྱིས་ངན་ཚང་བྱེད་སྟངས་ལ་བལྟས་ཚེ་མུ་མཐུད་འདི་ཚོའི་ཅི་བྱེད་མ་ངེས་པས། བོད་གངས་ཅན་གྱི་སྣོད་བཅུད་ལ་སྙིང་དུ་སེམས་པའི་རྒྱལ་གཅེས་ཤེས་ཡོན་དང་ལྷག་བསམ་ཅན་རྣམས་ནས་གཏན་དུ་རྒོལ་བར་རིགས།

    Reply
  17. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    བོད་དགའ་ལ།

    དབུ་མའི་ལམ་ལ་ལོག་འགྲེལ་བྱེད་ཡུལ་དང། བྱས་ཏེ་མགོ་བསྐོར་འོག་ཚུད་འགྲོ་བ་ཞིག་ཡོང་གཞི་མེད་པ་གསལ་བོ་ཡིན་པ་ལྟར། རང་བཙན་རྩོད་པའི་མདུང་རྩེ་དབུ་མའི་ལམ་དང། སྤྱི་ཚོགས་བདེ་འཇགས། ༧གོང་ས་ཆེན་པོའི་སྟེང་གཏད་པ་ཡིན་ན་དེ་ལ་སུས་ཀྱང་བཟོད་སྒོམ་བྱེད་ཐབས་བྲལ་བ་མ་གཏོགས། རྒྱ་ནག་གཞུང་གི་དབང་བསྒྱུར་འོག་ནས་རང་བཙན་བརྩད་དེ་དབུ་མའི་ལམ་ལ་གནོད་སྐྱེལ་ཡོང་གི་ཡོད་ན་དེར་ངོས་ལེན་ཞུ་རྒྱུ་ལས། གནོད་སོང་ཞེས་རིག་རྡིབ་ཕག་གི་སྐད་ཆ་དེ་འདྲ་སུས་ཀྱང་བཤད་མི་སྲིད་པས། རང་གི་རྣམ་དཔྱོད་དང་གསལ་ཆ་མཐོང་བའི་མིག་དེ་ལོང་པ་མ་བཟོས་ན་འདྲ་ཆགས་པོ་མི་འདུག་གམ།

    གནས་ཚང་ནས།
    ལི་ཐང་ཨ་ཐར། གུང་ཐང་ཚུལ་ཁྲིམས། ཨ་ལོ་ཆོས་མཛད་བཅས་ལ་དགོངས་དག་མ་ཞུས་ན་ཟེར་བས་ཁ་སྟབས་འདིས་ཁོང་གི་ནང་སྙིང་མི་མཐོང་བ་ཞིག་མ་རེད། དགོངས་སེལ་ཞུ་དགོས་པ་ག་རེ་ཡོད་མེད་དང། དགོངས་སེལ་ཞུ་དགོས་པ་ཞིག་ཡོད་ནའང། དེར་ཡ་ལན་སློག་སྟངས་རང་བཙན་འཛིན་མཁན་གྱིས་དབུ་ལམ་མི་འདོད་པར་བསྙད་དེ་སྒེར་འཁོན་ཡོད་མདོག་སྟོན་པ་འདི་འདྲ་ནི་ཆེས་བྱབ་ཆུང་གི་བཀའ་མོལ་རང་རེད་འདུག ལར་ནས། དགོངས་སེལ་ཞུ་དགོས་རིགས་ཤོག་བུར་དཀར་པོར་ཡི་གེ་ནག་པོ་ཁྲ་ལམ་མེར་བཀོད་ཐུབ་ན། གུས་བརྩིས་ཐོག་བགྲོ་གླེང་བྱེད་རྒྱུར་གྲ་སྒྲིག་ཨང་གསར་ཡོད།

    ལུང་རྟོགས་ལའང་ཞོར་དུ།

    རང་སྐྱོང་མ་ཐོབ་པར། རང་སྐྱོང་འཛིན་སྐྱོང་གཅིག་ཏུ་སྒྲིལ་རྒྱུའི་འཐབ་རྩོད་ནང་སྐར་ལྔའི་དར་དམར་དང་གངས་སེང་དར་ཆ་ནམ་མཁའི་མཐོངས་སུ་སྒྲེང་རྒྱུ་ནི་ཁོ་བོའི་རྩ་བའི་འདོར་དུ་མེད་པའི་རྩ་བའི་དམ་བཅའ་ཡིན་ལ། གཉིས་སྨན་དབུ་མའི་ལམ་གྱི་སྙིང་དོན་དང་མཐུན་པའི་ལུང་རིགས་ཀྱི་སྒྲུབ་བྱེད་རི་ལྟར་ས་ཆེན་པོར་བཀོད་ཟིན། དེ་ལ་རིགས་པ་དང་བཅས་པའི་དགག་ཆར་ལྟར་འབབ་རྒྱུ་ཡོད་ན་ལས། སྐར་ལྔའི་དར་དམར་རམ་”རྒྱ་མིའི་དར་ཆ་”ཟེར་བ་ཙམ་གྱི་སེམས་ཚོར་ཙམ་གྱི་ན་ཟུག་བཟོད་ཀྱི་མི་འདུག་ན། སྡུག་གྱོང་རེད་ཅེས་སྐད་གསེང་མཐོན་པོས་ཞུ་རྒྱུ་མ་གཏོགས་མེད།།

    Reply
  18. ལུང་རྟོགས། says:
    ལོ་ 12 སྔོན།

    མི་སུ་ཞིག་གིས་ལོ་རྒྱུས་ཀྱི་སྟེང་ནས་བོད་རང་བཙན་མ་ཡིན་པ་བཤད་པ་དང་། རྒྱ་དར་དམར་པོ་འཕྱར་བ། དབུ་མའི་ལམ་ལ་ལོག་འགྲེལ་བྱེད་པ་སོགས་ལ་ངོས་ལེན་རྩ་བ་ནས་མེད། འོན་ཀྱང་གོང་ས་མཆོག་གིས་སྟོན་གནང་བའི་དབུའི་ལམ་ནི་བོད་ཀྱི་དཀའ་རྙོག་སེལ་བ་ལ་བླ་ན་མེད་པའི་ཐབས་ལམ་ཞིག་ཡིན་པས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། གཞོན་ལྷན་གྱི་ངོས་ནས་ཀྱང་དགོངས་པ་ཆེར་བཞེས་ཀྱིས་རང་བཙན་ལངས་ཕྱོགས་ལ་འགྱུར་བ་བཏང་ནས་གོང་ས་མཆོག་གི་དགོངས་པ་ལྟར་གནང་གལ་ཆེ།

    Reply
  19. བོད་དགའ། says:
    ལོ་ 12 སྔོན།

    དེང་སྤྱི་ཚོགས་ཁྲོད་མི་འགའ་ཞིག་གིས་གནས་ལུགས་མཁྱེན་གྱི་མི་འདུག ཐོག་མར་བོད་གཞི་བྱེས་གཉིས་ཀྱིས་རང་བཙན་དང་དབུ་ལམ་གང་ཞིག་རྩོད་དགོས་མིན་གནད་འགག་མ་རེད། ཕར་རོལ་རྒྱ་གཞུང་ཕྱོགས་ནས་བོད་དོན་ཐོག་གོ་བ་ལེན་སྟངས་དང་འཆར་གཞི་གང་ཞིག་འདུག་དཔྱད་དགོས་པ་གལ་ཆེན་རེད།
    དབུ་ལམ་ལ་ལོག་འགྲེལ་བྱེད་མཁན་ཁྱུ་ཞིག་གིས་(ཤར་ཁུག་གཙོས་གོང་གི་ས་རྟགས་རྒྱབ་ཡོད་པའི་ཚོགས་མི་སོགས་)གཞོན་ནུས་རང་བཙན་བརྩད་པའི་རྒྱུ་མཚན་གྱིས་དབུ་ལམ་གྱིས་བོད་དོན་དཀའ་ངལ་སེལ་བར་འགོར་སོང་བར་འདོད། འོ་ན་དེ་སྔོན་གྲོས་མོལ་སྐབས་སུ་རྒྱ་གཞུང་ནས་༸ཏཱ་ལའི་བླ་མས་ཕུགས་སུ་རང་བཙན་དང་དྲག་སྤྱོད་སྤེལ་རྒྱུ་ཡོད་པ་མཚམས་འཇོག་དགོས་པ། ཆོལ་ཁ་གསུམ་པོ་ཡོངས་རྫོགས་ལ་རང་སྲིད་རང་སྐྱོང་ཞིག་གཏན་ནས་ཡོང་ཐབས་མེད་པ། ཉིས་སྟོང་བརྒྱད་ནས་བཟུང་བོད་དུ་ཞི་རྒོལ་བྱུང་ཚད་དྲག་སྤྱོད་དང་དེའི་ཇུས་སྟོན་པ་༸ཏཱ་ལའི་བླ་མ་དང་བཙན་བྱོལ་གཞུང་ཡིན་པ་ཁས་ལེན་དགོས་པ། སྐུ་འཚབ་རྣམས་༸ཏཱ་ལའི་བླ་མ་སྒེར་ངོས་ཀྱི་འཐུས་མི་ཞིག་ལས་བོད་གཞི་བྱེས་གཉིས་ཀྱི་འཐུས་མི་ཞིག་ནམ་ཡང་མིན་པ་སོགས། རྒྱ་གཞུང་གིས་ད་བར་ང་ཚོའི་དངོས་ཡོད་གནས་ཚུལ་དང་འདོད་དོན་ལ་རྒྱབ་འགལ་ཤ་སྟག་བཤད་ནས་བསྡད་པ་དེ་དག་ལ་ང་ཚོས་གོ་བ་ལེན་ཚེ་རྒྱ་གཞུང་ནས་དུས་ནམ་ཡང་གྲོས་མོལ་བྱ་འདོད་མེད་པ་གསལ་པོ་རེད། སྐུ་འཚབ་ཚོས་ཀྱང་དོན་དེ་དག་ཉམ་མྱོང་གི་ཐོག་ནས་ཧ་གོ་རྗེས་དགོངས་ཞུས་གནང་སོང་། དགོངས་ཞུ་སྐབས་སུ་ཁོང་རྣམ་པས་ཕྱིན་ཟིན་པའི་ལོ་མང་རིང་འབད་པའི་གྲུབ་འབྲས་གང་ཡང་མ་བྱུང་བར་རྒྱ་ཆེའི་མི་མང་རྣམས་ལ་དགོངས་སེལ་ཞུས་སོང་མ་གཏོགས་མུ་མཐུད་འགྲེལ་མོལ་གྱི་ལམ་ཀ་འདི་འདྲ་ཞིག་འདུག་པས་མི་རབས་གསར་པ་ཚོས་འདི་དང་དེ་གནང་དགོས་ཞེས་གང་ཡང་གསུང་རྒྱུ་མི་འདུག

    འགའ་ཞིག་གིས་གྲོས་མོལ་བྱས་པའི་རྒྱུད་རིམ་ཁྲོད་གྲུབ་འབྲས་བྱུང་ཡོད་པ་དང་དང་དེང་རྒྱ་ཕྱོགས་ནས་རྣམ་འགྱུར་བཟང་ཕྱོགས་ཡོད་པར་གླེང་བཞིན་འདུག གྲུབ་འབྲས་ཇི་བྱུང་བོད་ནང་གི་གནས་སྟངས་ལ་གཞིག་དགོས་པ་ལས་ཕྱི་ལོག་ཏུ་རྒྱ་མི་རིགས་རྣམས་ཀྱི་མཉམ་དུ་སྐད་ཆ་མང་པོ་བཤད་ཐུབ་པ་ཙམ་ཞིག་ལ་དུས་ནམ་ཡང་རྣམ་འགྱུར་བཟང་ཕྱོགས་ཞེས་མི་འདོད། ལར་དུས་རབས་ཉེར་གཅིག་པ་འགོ་བཙུག་ནས་བོད་ནང་དུ་ལོ་རེ་ནས་ལོ་རེར་དམ་དྲག་ཆེ་རུ་སོང་ནས། ཐ་ན་ནང་མི་ཉེ་འབྲེལ་ཕན་ཚུན་སྐད་ཆ་འཆད་སྐབས་དོགས་པ་བྱེད་དགོས་པའི་གནས་སུ་སྐྱེལ་བཞིན་པ་དང་། སེར་མོ་བ་ཞིག་རང་ཁུལ་ས་གནས་ཀྱི་རྫོང་ཕན་ཚུལ་འགྲོ་བ་ལའང་ཡིག་ཆ་ཁ་ཤས་དགོས་པ་སོགས། དེ་བཞིན་རྡུང་སྲེག་བཙོན་འཇུག་སྐྱི་གཡའ་བ་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟར་བྱུང་དང་འབྱུང་བཞིན་པ་འདི་ཁོ་ནས་གྲོས་མོལ་གྱི་གྲུབ་འབྲས་གང་ཡང་བྱུང་མེད་པ་གསལ་པོ་རེད།
    རྒྱུ་མཚན་དེ་དག་ལ་བརྟེན་ནས་རང་བཙན་རྩོད་མཁན་ཚོས་ཀྱང་བོད་ནང་གི་གཞིས་ལུས་སྤུན་ཟླ་ཚོའི་སྡུག་བསྔལ་ལ་སེམས་པས་མ་བཟོད་པ་དང་། སྟོང་བཞིན་པའི་བོད་ཀྱི་ཆོས་དང་རིག་གཞུང་སྐྱོབ་ཆེད་ལོ་རྒྱུས་རང་བཞིན་པའི་འཐབ་རྩོད་དེ་མུ་མཐུད་བྱ་ན་ཉིན་ཞིག་བདེན་པ་ནི་ནམ་ཡང་བདེན་པར་སོང་གྲུབ་འབྲས་ཞིག་ཡོང་བ་མིན་ནམ་སྙམ་བཞིན་ཡོད། སྐབས་འདིར་དབུ་ལམ་ལ་ལོག་འགྲེལ་པ་འགས་རང་བཙན་རྩོད་མཁན་ཚོར་འཆར་གཞི་གང་མི་འདུག་པས་རང་བཙན་ཇི་ལྟར་ལེན་གྱི་ཡིན་ཟེར། ངས་ལྟས་ན་རང་བཙན་རྩོད་ན་གྲི་དང་མེ་མདའི་ཁ་ནས་རྩོད་དགོས་རེད་དྲན་གྱི་མི་འདུག རང་བཙན་རྩོད་མཁན་ཚོས་རྒྱལ་སྤྱིའི་ཐོག་བོད་དེ་སྔ་མ་ནས་རང་བཙན་དང་ཁེར་ཚུག་གི་རྒྱལ་ཁབ་ཞིག་ཡིན་པར་གསལ་སྟོན་དང་། རང་བཙན་ཡིན་པའི་རྒྱལ་ཁབ་དེ་རྒྱལ་སྤྱིའི་ཁྲིམས་ལུགས་དང་དྲང་བདེན་གྱི་ཐོག་ནས་བདག་པོ་ལ་རྩིས་སྤྲོད་བྱ་རྒྱུའི་རྒྱབ་སྐྱོར་འཚོལ་རྒྱུ་དེ་རེད། འདི་ནི་དཔེར་ན་རྐུན་པོ་ཞིག་གིས་མི་ཕྱུག་བདག་ཞིག་གི་གཡུ་བརྐུས་ནས། ཕྱིས་ཕྱུག་བདག་གིས་རྐུན་པོ་ངོ་རྟགས་ཆོད་རྗེས་ཁྲིམས་ལ་གཏུག་སྟེ་གཡུ་བདག་པོར་ཕྱིར་སྤྲོད་དགོས་ཟེར་བ་དང་གཅིག་མཚུངས་རེད། ཕྱུག་བདག་གིས་གཡུ་ཕྱིར་ཐོབ་ཕྱིར་མཚོན་ཆ་བེད་སྤྱོད་རྒྱུ་ཟེར་གྱི་ཡོད་པ་མ་རེད། ཆོས་དང་འཇིག་རྟེན་གང་གིས་ཐོག་ནས་བཤད་ནའང་དངོས་པོ་དེ་ནམ་ཡང་བདག་པོར་གནས་རྒྱུ་ཡིན་པ་ནི་ཟློག་ཏུ་མེད་པ་ཞིག་རེད་ཟེར་གྱིན་ཡོད་པ་རེད།
    འགྲེལ་མོལ་གནང་མཁན་ཚོས་གཡུ་རྐུན་མ་དང་བདག་པོ་ངེད་གཉིས་ཀས་ལོངས་སྤྱོད་རྒྱུ་ཡིན་ཟེར་གྱི་ཡོད་ཀྱང་། རྐུན་པོས་ད་དུང་ཁས་མི་ལེན་པ་ནི་སེམས་པ་སྐྱོ་དགོས་པ་ཞིག་རེད།
    མཚམས་མཚམས་སུ་རྒྱ་གཞུང་གིས་ཡུལ་གྱལ་སྲིད་གཞུང་གི་གཞོན་ནུ་ཚོགས་པས་གཅིག་གཅིག་མིག་མིག་ཞིག་བྱེད་ཀྱིན་འདུག་མ་གཏོགས་སྐད་ཆ་བཤད་ཆོག་མདོག་མདོག་བྱེད་ཀྱི་འདུག འདིས་དོན་དག་ཅི་ཞིག་རེད་སྙམ་ན། འཛམ་གླིང་རྒྱལ་སྤྱིའི་ཐོག་བོད་དོན་ལ་དོ་སྣང་ཡོད་མཁན་ཚོས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཀྱིན་ཡོད་རྩང་རྒྱ་གཞུང་གིས་ཀྱང་ཁ་གཡར་སའི་ཐབས་ཞིག་ལོས་འཚོལ། ཐབས་དེ་མདའ་གཅིག་རང་རེད། མདའ་གཅིག་གིས་ཤ་བ་གཉིས་གསོད་བཞིན་པ་རེད། དང་པོ། རྒྱལ་སྤྱིའི་འགྲོ་བ་མི་ཡི་ཐོབ་ཐང་ཚོགས་པ་དང་མི་མང་རྣམས་ཁ་འགོག་པ་དང་། གཉིས་པ། བོད་གཞིས་ལུས་གཉིས་སུ་བོད་མི་རྣམས་དབུ་ལམ་དང་རང་བཙན་བར་དམག་འཁྲུག་ལང་དུ་འཇུག་པ་དེ་རེད། ཐོག་མར་འདི་རྣམས་ང་ཚོས་ངེས་པར་དུ་ཤེས་དགོས། དེ་ནས་འཐབ་རྩོད་ཀྱི་ལམ་ཁ་གང་ཞིག་ལ་ཞུགས་ན་འདོད་མོས་རེད།

    Reply
  20. གནས་ཚང་། says:
    ལོ་ 12 སྔོན།

    ག་དུས་འདས་པོ་ལི་ཐང་ཨ་ཐར། གུང་ཐང་ཚུལ་ཁྲིམས། ཨ་ལོ་ཆོས་འཛད་བཅས་ལ་དགོངས་དག་ཐུགས་བདེན་ཞུས་ན། དེ་དུས་ད་གཟོད་བསམ་བློ་གཏོང་ཡ་ཞིག་རེད་མ་གཏོགས། ད་ལྟ་འདིའི་རིགས་སྔ་འདུག

    Reply
  21. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    ཕྲན་རང་དབུ་མ་པ་ཞིག་ཡིན་པའི་ཆ་ནས། ས་གནས་གཞོན་ནུ་ཁག་གི་དགོངས་ཚུལ་འདི་ཡག་པོ་རེད་ཅེས་ཞུ་མི་ཐུབ་ཀྱང། གཞོན་ནུའི་དབུས་ས་གཉིས་ཀྱི་ཕྱག་ལས་གནང་སྟངས་ནི་རྦད་དེ་ཁ་ཁ་ཡིན་པ་ངེད་རང་ས་གནས་ཁག་ཏུ་བསྐོར་བསྐྱོད་སྐབས་ར་འཕྲོད་བྱུང། ས་གནས་ཁག་མང་པོ་ནས་ངེད་ཚོར་ཞལ་ལག་འདྲེན་པ་དང་བསུ་བ་སྐྱེལ་མ་སོགས་ཀྱི་སྐབས། གཞོན་ནུའི་ལས་སྣེ་མང་པོས་ནུས་པ་དང་རྒྱུ་མཚན་རང་སྟེང་ནས་ཁོང་ཚོའི་ལངས་ཕྱོགས་རང་བཙན་དང་འབྲེལ་བའི་འཐབ་རྩོད་ལ་དེང་སང་གསོན་ཤུགས་མེད་པ་ཡོངས་སུ་ཁས་ལེན་བྱེད་ཀྱི་འདུག དེ་བཞིན། ཁོང་ཚོས་དབུ་མ་པ་རྣམས་ལ་ལྟ་སྟངས་འཛིན་གྱི་མི་འདུག དེ་ནི་ཁ་ཙམ་མ་རེད་སེམས་སྟེང་ནས་དེ་ག་རང་རེད། ད་བར་རང་བཙན་ལངས་ཕྱོགས་མུ་མཐུད་ན་དོན་དངོས་བོར་ཤི་གསོན་གང་དུ་ཐག་ཉེ་མིན་ལ་ར་འཕྲོད་པའི་གྲོས་བསྡུར་དང་བསྐྱར་ཞིབ་བྱས་མེད་སྟབས། ས་གནས་ཁག་མང་ཆེ་བར་སྔར་སྲོལ་རྒྱུན་འཛིན་ལྟ་བུའི་ས་གཞོན་ཡོད་པ་དང། བྱེ་བྲག་ས་གནས་ཀྱི་འཕྲོད་བསྟེན་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྣ་མང་ཚུད་དེ་འགྲོ་ཡི་ཡོད་པ་ལས། དབུ་མའི་ལམ་གྱི་ཐབས་ལམ་དང་དམིགས་ཡུལ་གང་ཅི་ཁས་ལེན་བྱ་ཐབས་བྲལ་བས་མིན་ཚུལ་ས་གནས་ཁག་མང་པོ་ནས་མགྲིན་དབྱངས་གཅིག་གྱུར་གྱིས་བརྗོད་བྱུང། གནས་སྟངས་འདི་ལོ་གཉིས་གོང་ནས་ངེད་ནས་ཤེས་རྟོགས་བྱུང་བ་ཞིག་ཡིན།

    སོང་ཙང། ད་དངོས་གནས་བོད་དོན་ལས་ཀ་བྱེད་དམ་མི་བྱེད། བྱེད་ན་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་བྱེད་ཀྱི་ཡིན་དང་མིན་ཞེས་པ་འདི་བསམ་བློ་གཏོང་དགོས་པ་འདྲ་ལ། ཕྱོགས་གང་ནས་བལྟས་ཀྱང་རང་བཙན་ལ་རེ་བ་ཙམ་མེད་པའི་གནས་བབ་འདི་མུར་མུ་མཐུད་ལྷགས་པ་ཡིན་ན། དེ་གྱོང་ཅིག་མ་གཏོགས་ཕན་འབྲས་མེད་པ་གསལ་བོ་རེད། དེས་ན་བསམ་བློ་གསར་པ་དང་གྲ་སྒྲིག་གསར་པ་འདྲ་བྱེད་རྒྱུ་མེད་ན། གཞིས་ལུས་མི་མང་གི་ཛ་དྲག་གི་གནས་སྟངས་ལ་ལྷག་བསམ་རྣམ་དག་གིས་ཐུགས་འཁུར་བླངས་ནས། རྒྱ་བོད་དར་ཆ་མཉམ་དུ་ནམ་མཁར་འཕྱར་ཏེ། བཙན་བྱོལ་བོད་མི་ཚོས་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ཤི་ན་གསོན་ན། སྐྱིད་ན་སྡུག་ན། རང་སྐྱོང་འཛིན་སྐྱོང་གཅིག་ནང་སྒྲིལ་རྒྱུའི་རྨད་དུ་བྱུང་བའི་འཐབ་རྩོད་འདི་དང་དུ་བླངས་ན་དེ་མཆོག་ཏུ་གྱུར་བ་ཞིག་རེད་འདོད།

    ད་ང་ཚོས་བཤད་པའི་རིམ་པ་དང། ཐེ་ཚོམ་གྱི་རིམ་པ། སྒེར་གྱི་ཁེ་ཕན་གྱི་རིམ་པ་ནས་འདུག་མི་ཉན་པ་གསལ་བོ་རེད་ལ། འདི་མུར་ལྷགས་ན་རང་སྐྱོང་ད་ཕར་ཞོག ཆོལ་གསུམ་ཆིག་སྒྲིལ་ཡང་ཕར་ཞོག བཙན་བྱོལ་ནང་རང་མགོ་ཡག་པོ་ཞིག་ཐོན་རྒྱུར་ཕྱི་གེགས་ཕུད། ནང་གེགས་རུ་འཛིང་ནས་ཡོང་རྒྱུའི་རྟགས་མཚན་མང་པོ་འདུག་བསམས་སོང།

    དེས་ན། བཙན་པོའི་སྐབས་ཀྱི་མངའ་དབང་གནས་བབ་དེའང་བཤད་རྒྱུན་ལྷ་སྒྲུང་གི་ཟོལ་གྱིས་ཁ་གཏད་རུ་འཛིང་ནས་བདེན་པ་གཅིག་ལ་བདེན་ལན་གཉིས་ཀྱིས་ཁུངས་འཁྱོལ་དུས་ཤིག་མེད་པ་དང། སིལ་བུར་འཐོར་བ་ནས་ཡོན་དང་ཆིང་གི་དུས་སྐབས་སོགས་ཀྱང། འདི་དང་གན་རེད་ཅེས་མངའ་དབང་གནས་བབ་གསལ་བོ་ཞིག་སྟོན་རྒྱུའི་གནས་བབ་མེད་ཁར། ཡོན་དང་ཆིང་རྒྱ་ནག་གི་རང་གི་རྒྱལ་རབས་ཡིན་པའི་སྒྲུབ་བྱེད་བསྟར་ལ་བསྒྲིགས་པ་དེ་དག། གླིང་ཆེན་པོ་འདིའི་དཔེ་མཛོད་ཁང་སོགས་སུ་ཡིག་རིགས་སྣ་མིན་གྱིས་ང་རྒྱལ་དང་བཅས་བཀྲམས་ཚུལ་ལ་གཞིགས་ན། རང་ཅིག་གི་ལོ་རྒྱུས་འཐབ་རྩོད་ཀྱི་སྙིང་སྟོབས་ཀྱང་ནད་ཀྱིས་ཟིན་པའི་མི་བུ་བཞིན་མགོ་བོ་གནམ་མཁར་བཀྱགས་ནས་སོང་ཆོག་པ་ཞིག་གཞར་ཡང་མེད་པ་ལྟ་བུ་བཟོས་འདུག་པ་སོགས། ཕྱོགས་ཀུན་པོར་མྱང་ཞིབ་འཐུས་ཚང་བྱས་རྗེས་ད་གཟོད་ལམ་གང་ཡག་པ་དང། གང་དུ་འགྲོ་དགོས་མིན་སོགས་ཡིད་ངོར་འཆར་བ་ཞིག་ཡིན་སྟབས།

    དབུ་མའི་ལམ་གྱི་གཉིས་སྨན་གཞུང་ལམ་སྟེང་ཕེབས་པ་ནི་བཙན་བྱོལ་ནང་ཆིག་སྒྲིལ་འཐབ་རྩོད་ཀྱི་རྣམ་པ་དམིགས་བསལ་ཞིག་གཞི་རིམ་མི་མང་གིས་བསླངས་རྒྱུ་ཡིན་པའི་རྟགས་མཚན་གསལ་ཤོས་དེ་རེད་འདུག

    Reply
  22. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    དབུས་བོད་མིའི་སྒྲིག་འཛུགས་ཀྱི་བྱེད་སྒོ་རྣམ་གསུམ་ལ་རྒྱུས་ཡོད་མཁན་ཞིག་དང། གཞིས་ཆགས་དང་དགོན་སྡེ་ཁག་གི་གནས་ཚུལ་ཤེས་མཁན་ཞིག་ཡིན་ན། ཚོགས་སྡེ་སྒྲིག་འཛུགས། ཀེམ་བྱེ་བྲག་པ་ཁག་ཅིག་ལ་དབུས་ཀྱི་གནས་ཚུལ་ཁྱབ་བསྒྲགས་དང། ས་གནས་ཀྱི་བསམ་ཚུལ་བསྡུ་བའི་བརྒྱུད་རིམ་མང་པོ་ཞིག་མི་རེ་འགའ་བརྒྱུད་ཀྱི་ཡོད་ལ། མི་རེ་འགའི་དབུས་དང་མི་མང་བར་གྱི་ཟམ་པ་བྱེད་སྟངས་ལའང་གཟུར་གནས་ཚད་ལྡན་ཞིག་ཡོང་གི་མེད་སྟབས། ད་བར་དཀའ་ངལ་རབ་དང་རིམ་པ་འཕྲད་ཡོད་པ་གསལ་བོ་རེད། ངེད་ནས་གཞིས་ཆགས་ཁག་གི་གནས་སྟངས་ཉམས་ཞིབ་བྱས་པ་དང། ཕྱོགས་བསྐྱོད་ལས་དོན་སྐབས་དངོས་སུ་མིག་མཐོང་བྱུང་བ་ཁག་ཅིག་གིས་མདོ་སྟོད་རྒྱ་ཆེའི་མི་མང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཚུལ་ནི་ཡོངས་སུ་ཁུངས་བྲལ་ཡིན་པ་གསལ་བོར་རྟོགས།

    ད་ཐེངས་ཧུན་སུར་ནས་མགོ་བཙུགས་ཏེ་རྒྱུ་མཚན་གྱི་རྗེས་སུ་འབྲངས་ལུགས་འདི་ནི་དངོས་གནས་རང་དོན་ལ་གནས་པ་ཞིག་རེད། འདི་ཅི་ཙམ་གསལ་བཟོ་བྱས་པ་དེའི་ཚོད་ཀྱིས་ང་ཚོ་ནང་ཁུལ་གྱི་ཆིག་སྒྲིལ་དང། ཕྱི་རྒྱ་ནག་དང་འཐབ་རྩོད་བྱ་རྒྱུའི་རྩ་དོན་གྱི་རིམ་པ་གང་ཅིར་གྲུབ་འབྲས་དང་རྣམ་འགྱུར་མ་འདྲ་བ་ཞིག་ཐོན་རྒྱུ་ནི་གསལ་བོ་རེད།

    མི་མང་རང་གིས་འོས་འདེམས་བྱས་པའི་འཐུས་མི་གྲོས་ཚོགས་ནང་སླེབས་བསམ་ཚུལ་འདོན་པ་དང་གཏམ་བཤད་སྤེལ་བ་རྣམས་འོས་འདེམས་བྱེད་མཁན་མི་མང་གི་མངོན་འདོད་དང་རྒྱབ་འགལ་འགྲོ་ཡི་འདུག་ན། འོས་ཐོབ་ཁྲོད་ནས་འཐུས་མིའི་གནས་བབ་ཕྱིར་འཐེན་བྱ་རྒྱུའི་དབང་ཆའང་མི་མང་རང་ལ་ཡོད་སྟབས། དེ་ལ་སྒྲིག་གཞི་སོགས་གང་ལ་བསྟུན་མི་དགོས་པར། ཐད་ཀར་མི་མང་གིས་དབུས་འོས་བསྡུ་ལས་ཁང་ལ་བསམ་ཚུལ་བཏོན་སྟེ་འགྱུར་བ་གཏོང་བ་སོགས་བྱས་ཆོག་པ་རེད། དེ་ནི་ང་ཚོ་དོན་དམ་གྱི་མི་མང་གི་གཞུང་ཞིག་ཡིན་པའི་རྟགས་མཚན་ཀྱང་མངོན་པ་རེད་ལ། མི་མང་གིས་རང་གི་གཞུང་ལ་ལྷག་བློ་འཁུར་དུ་འཁྱེར་ནས་འགན་འཁུར་ཞུ་སྟངས་ཤིག་ཀྱང་རེད་འདུག་པས། རེ་ཤོས་ཀྱིས་སྙན་ཞུ་འདིར་ཀླན་ཀ་འཚོལ་རྩིས་བྱེད་པ་ནི་མང་གཙོ་དང་མི་མང་གི་མངོན་འདོད་ལ་རྡོག་རྫིས་གཏོང་མཁན་གླེན་ཤེད་ཅན་གྱི་བྱེད་སྟངས་ཤིག་ཡིན་པས་ཁུངས་མི་འཁྱོལ་བ་ནི་ཚད་མས་གྲུབ།།་

    Reply
  23. ཚེ་རིང་རྡོ་རྗེ། says:
    ལོ་ 12 སྔོན།

    རབ་བྱུང་བ་འམ་ཁྱིམ་པ་ཚོས།། སྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་དབུ་མའི་ལམ།། བླང་བར་བྱ་ཡི་གུས་ཕྱིར་མིན།། གནས་ལུགས་ཉིད་ལ་མི་ལྟོས་པར།། རྨོངས་ཞེན་དམ་འབུལ་བྱེད་པ་ནི།། དོལ་རྒྱལ་ལྟ་བུའི་ནང་འཁྲུག་ཅིག། རིང་མིན་སློང་བའི་སྔ་ལྟས་ཡིན།།

    Reply
  24. འཇམ་གཅེས ། says:
    ལོ་ 12 སྔོན།

    གུང་གི་ལོངས་ཕྱོགས་དང་མི་མཐུན་པའི་ཚོགས་སྡེ་གང་གི་ཁོངས་སུ་མི་མང་མཐུས་མི་ཞུགས་ན་ཡག་པོ་ཞིག་མཐོང་མ་སོང་་་་་་དེའི་གང་མཚོན་པ་རེད་དམ་ཟེར་ན་སོ་སོས་ལོང་ཕྱོགས་བརྟན་པོ་མེད་པ་་གསལ་པོ་མཚོན་གྱིན་རེད། མི་མང་སྤྱི་མཐུས་ཞིག་གིས་ངོས་ནས་བཤད་ན་ཐོག་མའི་དམ་བཅས་པ་དག་ལས་ནམ་ཡང་གཡོལ་མི་རུང་བ་འདོད།

    Reply
  25. འཇམ་གཅེས ། says:
    ལོ་ 12 སྔོན།

    ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་སྒར་རྒྱུད་སྨད་གྲྭ་ཚང་གི་ཚོགས་ཁང་དུ། ས་གནས་དེ་ཁུལ་གྱི་མདོ་སྟོད་ཆོལ་ཁའི་སེར་སྐྱ་མང་ཚོགས་དང་རྒྱུད་སྨད་དུ་སློབ་གཉེར་གནང་བཞིན་པའི་གདན་ས་གསུམ་གྱི་དགེ་བཤེས་བཅས་མི་མང་ ༣༠༠ ལྷག་གིས་ཚོགས་འདུ་འདིར་སྙིང་ནས་ཡིད་རངས་ཞུ་ངེས་ཡིན། དེ་མིན་དེང་སོང་སྐབས་འཚོལ་བ་ཚོས་ཡོད་ཚད་ཁ་ལ་འཁྱེར་ནས་འུར་རྒྱག་སྟངས་འདིར་ངན་ལོང་ཤོར་ཉེན་ཆེ་ཙམ་འདུག །ངས་ནང་རྒྱུན་ནས་མི་མང་མགོ་བསྐོར་འོག་མི་ཚུད་པར་ཡིད་ཆེས་བྱས་པ་བཞིན་དོན་ལ་ཡང་དེ་བཞིན་རེད་འདུག །ད་དུང་ཆོལ་ཁ་གཞན་གཉིས་དང་ས་གནས་ཡོངས་རྫོགས་ནས་མི་མང་ངོས་ནས་གྲོས་ཆོད་འདི་ལྟ་བུ་དགོས་གལ་ཆེ་བ་མཐོང་། །

    Reply
  26. དཔའ་ཆེན་དོན་གྲུབ། says:
    ལོ་ 12 སྔོན།

    གཞོན་ནུའི་རང་བཙན་གངས་སྐྱིད་ཀྱི་དབུ་མར་བསྒྱུར་ཚེ། དབུ་མའི་ལམ་ལས་འགུལ་ཁང་གཞོན་ནུ་ལ་ཟླ་སྒྲིལ་བྱེད་དགོས་པ་རེད་དམ། གཞོན་ནུ་དབུ་མའི་ལམ་ལས་འགུལ་ཁང་ལ་ཟླ་སྒྲིལ་བྱེད་དགོས་པ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཞོན་ནུ་ལ་ཟླ་སྒྲིལ་བྱེད་དགོས་པ་རེད་དམ། གཞོན་ནུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཟླ་སྒྲིལ་བྱེད་དགོས་པ་རེད། དེའི་རྗེས་ལ་དབུ་མའི་ལམ་གྱི་སྲིད་ཇུས་སྐོར་གཞོན་ནུས་བཤད་དགོས་པ་རེད་དམ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཤད་དགོས་པ་རེད། བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་གཏོང་དགོས་པ་རེད་དམ། གཞོན་ནུས་གཏོང་དགོས་པ་རེད། ཡང་མིན་ན། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་་་འདི་གཉིས་ཀྱི་གཅིག་དགོས་པ་མི་འདུག གཞོན་ནུའི་ལངས་ཕྱོགས་མེད་པ་བཟོ་དགོས་ཚེ་གཞོན་ནུ་ཚོགས་པ་ཀྲུང་གུང་ན་གཞོན་ཚོགས་པ་ནང་བཞིན་གྱི་དབུ་མའི་ལམ་གྱི་ན་གཞོན་ཚོགས་པར་བསྒྱུར་ན་ལྷ་རབ་རེད། དེ་དུས་གཞུང་གི་བཀའ་བཀོད་དང་ལེན་བྱེད་མཁན་ཆགས་ཀྱི་རེད། གཞོན་ནུའི་རང་བཙན་གངས་སྐྱིད་ཀྱི་དབུ་མར་བསྒྱུར་ཚེ། དབུ་མའི་ལམ་ལས་འགུལ་ཁང་གཞོན་ནུ་ལ་ཟླ་སྒྲིལ་བྱེད་དགོས་པ་རེད་དམ། གཞོན་ནུ་དབུ་མའི་ལམ་ལས་འགུལ་ཁང་ལ་ཟླ་སྒྲིལ་བྱེད་དགོས་པ་རེད།

    Reply
  27. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    མི་རབས་འདིས་འཇོན་རྒྱུ་ལས་རྒྱུ་ཞིག་ཡོད་ན་མི་རིགས་ལ་རང་དབང་དང་བདེ་སྐྱིད་ཞིག་བསྐྲུན་རོགས། ཁ་སྟོང་པས་ཐབས་ལམ་ཡག་རབས་དང་འབྲས་བུ་ཐོན་རབས་བཤད་ནས་ཅང་ཕན་གྱི་མ་རེད། འཇོན་རྒྱུ་དང་ལས་རྒྱུ་ཞིག་མེད་ན་མི་རབས་རྗེས་མར་ཐར་ལམ་ཞིག་ཅི་ནས་ཀྱང་འཇོག་རོགས། མི་རབས་རྗེས་མ་རྒྱའི་གཡོག་པོར་མ་བརྫངས་རོགས།

    Reply
  28. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    ས་རྟགས་འདི་ལ་གཅིག་གཟིགས་དང་། ཆོས་ལུགས་ཀྱི་མི་སྣ་རྐྱང་དུ་འདུག། འདི་ཚོས་ཆབ་སྲིད་སྡིང་ཆའི་སྟེང་དུ་འཁྲབ་སྟོན་ལ་སྔར་ནས་ད་བར་རྒྱུན་ཆད་མེད་ཀི། ལར་ནས་འདི་ཚོ་དཀོར་རྫས་ཞིག་གང་ནས་བྱུང་ན་དེར་རྒྱུགས་འགྲོ་བ་ལས་མི་རབས་རྗེས་མར་བསམ་བློ་ཞིག་མེད་ཁོ་ཐག། མི་རིགས་ཀྱི་ལ་རྒྱ་དང་རྒྱལ་ཞེན། མི་རིགས་ཀྱི་འདུ་ཤེས། མི་རིགས་ཀྱི་ལྟ་བ། མི་རིགས་ཀྱི་གདུང་ཞེན། མི་རིགས་ཀྱི་བསམ་བློ། མི་རིགས་ཀྱི་སྙིང་སྟོབས་སོགས་ཡོད་ཚད་བོར་ཟིན་པའི་རྣམ་འགྱུར་ཡ་མ་བརླ་ཅན་དང་འདུ་ཤེས་ཡ་མ་བརླ་ཅན་ཤ་སྟག་རེད་དོ།

    Reply
  29. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    མི་འདི་ཚོས་ཅི་ཞིག་བསམ་གྱིན་ཡོད་དམ། ཅི་ཞིག་ལས་ཀྱིན་ཡོད་དམ། ལ་མོ་ཕར་ནང་ནས་རང་བཙན་དང་རང་སྐྱོང་གཉིས་ལ་རྣམ་དབྱེའི་ཁྱད་པར་མེད་ན། མདུང་རྩེ་ནང་ཁུལ་གཏད་དེས་ཁ་འཐོར་དགུ་གཏོར་གཏོང་རྩིས་མིན་ན་ཅི་རེད།
    རེད་ཡ། མགོ་གཏད་རིང་ལུགས་པ་དང་སྐབས་འཚོལ་རིང་ལུགས་པ། སྲིད་དོན་ཚོང་པའི་ཤོག་ཁག། མི་རིགས་བླ་བཙོང་བའི་ཤོག་ཁག་བཅས་ལ་སྡིང་ཆ་ཡག་པོ་ཞིག་བསྐྲུན་འདུག། ད་ནི་མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་དང་མི་རིགས་ལ་རང་དབང་མི་རིགས་ལ་བདེ་སྐྱིད་ཞིག་མེད་པའི་སྟེང་དུ་རྨོངས་དད་དང་དབང་ཤུགས་དཔུང་བསྒྲིགས་ངོམས་ནས་འགྱེལ་བའི་སྟེང་དུ་རྡོག་རྫིས་གཏོང་བའི་ལམ་ལུགས་འདི་དར་སྤེལ་གཏོང་བཞིན་པར་ལ་མོ་ཕར་ནང་ནས་དགའ་བའི་བྲོ་འཁྲབ་སྐྱིད་པའི་གླུ་ལེན་རྒྱུ་ནི་སྨྲོས་མེད་རེད་དོ།

    Reply
  30. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 12 སྔོན།

    ད་གཞོན་ནུ་སྟོབས་མེད་དུ་འགྱུར་གྱིན་ཡོད་པའི་རྟགས་སྟོན་བཞིན་འདུག

    Reply
  31. ཚེ་དབང་བསོད་ནམས། says:
    ལོ་ 12 སྔོན།

    ངས་གནས་ཚུལ་འདི་ཐོག་མ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཐོས་སྐབས་ཧ་ཅང་དགའ་བོ་བྱུང་སོང་། ༧གོང་ས་མཆོག་གི་བཀའ་གསུང་ཅི་བསྒྲུབ་ཞུས་པ་ཡིན་ཟེར་བ་དེ་འདི་ལ་ཟེར་བ་རེད། http://www.rfa.org/tibetan/chediklaytsen/ukaylatsen/f42f66f62f0bf60f42f7cf51f0bf54f0d/hunsur-dotoed-members-urged-chushi-gangdruk-to-change-position-04232013112355.html
    ༧གོང་ས་མཆོག་གིས་བཀའ་སློབ་སྔ་ཕྱི་རིམ་པ་མང་པོ་གསུངས་པ་རེད། ད་ལྟ་༧གོང་ས་མཆོག་ཐུགས་ཕམ་ཞེ་དྲག་གནང་གི་ཡོད་པ་དང་། ལྷག་པར་དུ་ཉེ་ལམ་བལ་ཡུལ་བོད་མིའི་སྐུ་ཚབ་ཁག་བཞུགས་སྒར་དུ་གདན་འདྲེན་ཞུས་ཏེ་ཉིན་གཉིས་རིང་ཚོགས་མདུ་ཚོགས་པའི་མཇུག་ཏུ་༧གོང་ས་མཆོག་ལ་མཇལ་ཁ་ཞུས་སྐབས། ༧གོང་ས་མཆོག་གིས་འདི་ལྟར་གསུངས་པ་རེད། “”དབུ་མའི་ལམ་ལ་གྲུབ་འབྲས་ཆེན་པོ་འཐོན་ཡོད་པ་དེ་ཕྱི་གསལ་ནང་གསལ་རེད། ངས་ད་བར་དཀའ་ལས་བརྒྱབ་སྟེ་བརྩིགས་པ་འདྲ་བོ་ཞིག་བརྒྱབ་ཡོད་པ་དེ་ད་ལྟ་གཏོར་ཞིག་གཏོང་ཐབས་ལ་འབད་བརྩོན་བྱེད་ཀྱི་འདུག་ག”” ཞེས་ཐུགས་ཕམ་གྱི་བཀའ་སློབ་གནང་འདུག ངས་བསམ་ན་ད་ནི་བོད་མི་ཚོས་འདུག་ཚོད་མ་ཟིན་པ་ཡིན་ན་གྱོང་གུད་རི་འདྲ་ཞིག་ཐོག་ཏུ་བབས་ཏེ་བློ་འགྱོད་ཆེན་པོ་ཞིག་གི་ཉི་མ་འཆར་གྲབས་འདུག་

    Reply
  32. གཙང་ཞོལ་བདེ་གསལ། says:
    ལོ་ 12 སྔོན།

    སྐད་ཆ་དེ་ཛ་དྲག་པོ་རེད་བཞག མི་སུ་ཡིན་ཀྱང་རུང་ཆབ་སྲིད་ཀྱི་རང་ཐག་རང་གཅོད་པའི་ཐོབ་ཐང་ཡོད་ན་འང་། ས་ཁུལ་ཞིག་ཆབ་སྲིད་ཚོགས་པའི་ངོ་བོར་བསྒྱུར་ཏེ། ཁ་ཕྱོགས་གཅིག་ལ་དྲིལ་དགོས་ཟེར་ན་བག་ཚ་དགོས་པ་ཞིག་རེད། ས་གནས་དེ་གའི་གཞོན་ནུ་ཚོགས་པའི་དགོངས་འཆར་དེ་འདྲ་འདོན་གྱི་ཡོད་ན། བློ་ཕམ་ཡོད། ད་སྐབས་ང་ཚོའི་སྤྱི་ཚོགས་སུ་རྒྱ་དར་དམར་པོ་འཕྱར་མཁན་དང། ལོ་རྒྱུས་སྟེང་བོད་རང་བཙན་མིན་མདོག་མདོག་བཤད་མཁན་ཡོད་པ་རེད། དྲང་མོ་བཤད་ན་སུས་ལོ་རྒྱུས་འཁྱོག་བཟོ་བྱས་ན་དེ་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་དགྲ་བོ་འམ་ནག་ཉེས་པར་ཆགས་པ་རེད།
    ༸གོང་ས་༡༣པའི་ཆུ་གླང་རྩ་ཚིག་གམ། རང་བཙན་གསལ་བསྒྲགས་དེར། རང་བཙན་ཟེར་བའི་ཚིག་མི་འདུག་ཟེར་བ་དང་། རྒྱ་ཕྱོགས་ཀྱི་བཤད་སྟངས་རང་རྒྱབ་སྙེས་ཏེ་བསམ་བློ་བཏང་གི་མེད།
    རྩ་ཚིག་དེར། ༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་ནས་མན་ཇུ་གོང་མ་དང་མཆོད་ཡོན་འབྲེལ་ཏེ་ཕན་ཚུན་སྐྱོང་རེསཀྱིས་གནས་བཅས་པ་དེ་ལྟར་ཡང། བར་ལམ་ཟི་ཁྲོན་དང་ཡུན་ནན་གྱི་རྒྱ་རིགས་ལས་བྱེད་འགའ་ཞིག་ནས་བོད་པ་ཟ་སེམས་ཀྱིས་དབང་ཤུགས་བརྡབས་མནར་ཚོད་མེད་བྱས་པས་མ་ཚད། ཆིངས་གསལ་ཚོང་རྭ་ཁག་གི་ཁྲིམས་སྲུང་ཡིན་ཚུལ་རྒྱ་དམག་ཁྱོན་ཆེ་རྒྱལ་ས་ལྷ་ལྡན་དུ་ལྷགས་འབྱོར་བྱུང་བ་བཅས་ལ་བརྟེན་རྒྱ་བོད་མཆོད་ཡོན་གྱི་འབྲེལ་བ་ཙམ་ལས། གཅིག་འོག་གཅིག་མེད་པའི་གནས་ལུགས་ཡོང་རྐྱེན་གསལ་བཤད་བྱེད་པར་ངོས་རྒྱལ་བློན་རྣམས་ས་མཚམས་སུ་བཀྱོད་དེ། ཞེས་དང།
    བོད་རིགས་སྐྱེ་བོ་མཆོག་དམན་ཚང་མས་ཀྱང་རང་ནུས་གང་ཤར་གྱི་རྒྱ་དམག་དང་འཐབ་འཛིངས་མུ་མཐུད་བྱས་པ་བཅས་ལ་བརྟེན་དབུས་གཙང་ཁུལ་དུ་ཡོད་པའི་རྒྱ་དམག་ཚང་མ་མཐར་བསྐྲོད་བཏང་ཟིན་ཏེ། ངོས་ཀྱང་རང་གི་སྐྱོང་ཡུལ་ཆོས་ལྡན་གྱི་ཞིང་དུ་བདེ་འབྱོར་ཐོག ཁམས་ཕྱོགས་ཡོད་པའི་འཕྲོས་ལྷག་རྣམས་ཀྱང་རིམ་བཞིན་མཐར་སྐྲོད་གཏོང་རྒྱུ་བཅས། ཞེས་དང་།
    བོད་འདི་རྒྱལ་ཁབ་གཞན་དག་ལྟ་བུའི་སྟོབས་འབྱོར་འཕྲུལ་ཆས་དང་མི་ལྡན་རུང་། ཆོས་མཐུན་ཞི་བདེར་གནས་པའི་རྒྱལ་ཁབ་རང་དབང་ལྡན་པ་ཞིག་ཡིན་སྟབས།
    ཞེས་དང་ཡང་། སྟོད་སྨད། ལྷོ་བྱང་གིས་ས་མཚམས་ཁག་ལ་སོ་སྲུང་ལྷོད་མེད་ཀྱིས་ཕྱི་མིའི་སོ་ཉུལ་ནང་ལྷགས་མི་འབྱུང་བའི་དམ་པོས་དམ་བཅིངས་དང། ཞེས་སོགས་ལ་རང་བཙན་བསྒྲགས་ཡིག་མ་ཡིན་པའི་འགྲེལ་བཤད་སྐྱོན་སྟངས་ག་འདྲ་ཡིན་ནམ།
    དེས་ནས་ང་ཚོས་༸གོང་ས་བཅུ་བསུམ་པའི་གསལ་བསྒྲགས་དེ། ལོག་འགྲེལ་དང་རླུང་ལ་མི་བསྐུར་བར་ཚིག་རེ་རེའི་ངོ་གདོང་དང་རྒྱབ་ལྗོངས་ལ་གོ་བ་མ་ནོར་པ་ལེན་དགོས།

    Reply
  33. མངའ་རིས་འཕྲིན་ལས། says:
    ལོ་ 12 སྔོན།

    ༼མདོ་སྟོད་ཆུ་བཞི་སྒང་དྲུག་ནས་བོད་རང་བཙན་གྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་གྲོས་འཆར་འདོན་རྒྱུ་ཡིན། ཟེར་བའི་ཡི་གེ་འདི་གཞིས་ལུས་རྣམས་ཀྱི་མཐོང་ན་ཅི་བསམ་ཡོང་། བོད་རྒྱལ་ཁབ་དང་མི་རིགས་ཁོ་ནའི་ཆེད་དུ་ཁོ་ཚོས་ཚེ་སྲོག་གི་འགྲོ་གྲོན་བཏང་དང་གཏོང་བཞིན་པར། བཙན་བྱོལ་རང་དབང་ལུང་པར་གནས་པ་རྣམས་ནི་ཁ་རྒྱགས་པ་དང་དཔུང་ངོམ་ཅན་ཁ་ཤས་ཀྱི་དབང་དུ་སོང་ནས་བོད་རང་བཙན་ལ་ངོས་ལེན་མེད་པའི་གྲོས་ཆོད་བཞག་པ་ནི་ངོ་ཚ་དགོས་པའི་ལས་ཀ་རེད། ད་དུང་མདོ་སྟོད་ཆུ་བཞི་སྒང་དྲུག་གི་མིང་ཁུར་བ་དེས་ཁོ་ཚོ་ལྟ་བུ་རྨོངས་ཞེན་དང་སྒེར་དོན་ཁོག་བཅུག་གི་མི་ངན་ཁ་ཤས་ཀྱིས་གྲོས་ཆོད་ཟེར་བའི་ཡིག་འཁྱམས་དེ་ལ་མདོ་སྟོད་ཚང་མས་ཚབ་མཚོན་ནུས་སམ། ད་དུང་རྡ་ས་རུ་བོད་རང་བཙན་གྱི་ཚོགས་ཆེན་ལ་མདོ་སྟོད་སྤྱི་འཐུས་འགྲོ་མི་ཆོག་གལ་སྲིད་སོང་བ་ཡིན་ན་མདོ་སྟོད་སྤྱི་འཐུས་ལ་ངོས་ལེན་མེད་ཟེར་བ་ནི་ཧ་ཅང་ཐལ་ཆེ་བའི་འཇིགས་བསྐུལ་རེད། དེ་ཡིན་ན་དང་པོ་ཧུན་སུར་ལ་མང་གཙོའི་གོ་རྟོགས་སྤེལ་བའི་འཛིན་གྲྭ་ཞིག་བཙུགས་དགོས་ས་འདུག

    Reply
  34. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    ད་ཐེངས་ཀྱི་ཧུན་སུར་རྒྱ་ཆེའི་མི་མང་གི་འབོད་སྐུལ་འདི་ལ་བརྟེན་ནས་སྤྱི་འཐུས་གྲོས་ཚོགས་དང་རྒྱུན་ལས་ནང་གི་ཆོལ་ཁའི་ཕྱོགས་རིས་ཀྱི་རྣམ་པ་དེ་རྣམས་མཇུག་སྒྲིལ་ན་མདུན་ལམ་ཡག་པོ་ཡོད་ཀྱི་རེད་བསམས།

    ༡ དཔེར་ན། སློབ་དཔོན་ཟམ་གདོང་རིན་པོ་ཆེར་དྲི་བ་མེད་བཞིན་དུ་ཀླན་ཀ་ཨེ་འཚོལ་ལྟ་མཁན་ཚོས། སྲིད་སྐྱོང་བློ་བཟང་སེང་གེར་དྲི་བ་ཡོད་བཞིན་དུ་མི་གཏོང་བར་འགེབས་སྲུང་བྱས་པའི་སྣང་ཚུལ།

    ༢ བསོད་ནམས་སྟོབས་རྒྱལ་གྱི་གནམ་གྲུའི་གླ་ཆའི་སྐབས་རྙོག་གླེང་བྱུང་སྐབས་ཤོག་ཁག་སྒྲིལ་རེ་བྱས་པའི་སྣང་ཚུལ།

    ༣ བཀའ་སྤྱི་གཉིས་ཀྱི་ལས་འགུལ་ཆེན་མོའི་སྐབས་སྐད་འབོད་གང་ཡང་བྱས་ཆོག་པར་གྲོས་ཐག་བཅད་པའི་སྣང་ཚུལ།

    ༤ ཤེས་བྱའི་ནང་མ་སྨིན་པའི་སྤྱི་འཐུས་རེ་འགས་སྲིད་སྐྱོང་ལ་རྒྱབ་སྐྱོར་བྱེད་ཁུལ་གྱིས་སྤྱི་བའི་སྡིངས་ཆ་སྤྱད་དེ་ཤ་འཁོན་ཡོད་པ་ལྟ་བུའི་སྣང་ཚུལ་གྱི་མི་སྒེར་གྱི་དཔྱད་གཏམ་རང་དབང་ལ་ནག་འགེལ་བྱས་པའི་སྣང་ཚུལ་སོགས་མང་པོ་བྱུང་ཡོད་པ་མཐའ་དག་ཀྱང། ཡོང་ཁུངས་ཤོག་སྒྲིལ་ཕྱོགས་ལྷུང་ལས་ཐོན་པ་ཡིན་སྟབས་བསྒྱུར་བཅོས་གཏོང་ཐུབ་ན་གོ་སྐབས་ཡག་ཤོས་རེད་འདོད།།

    Reply
  35. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    ངས་བསམས་ན་མི་ཁ་ཤས་ཤིག་གི་བྱེད་ཕྱོགས་ལ་དེ་འདྲའི་ཐུགས་འཚབ་གནང་དགོས་དོན་ཡོད་པ་མ་རེད། གཞི་རིམ་རྒྱ་ཆེའི་མི་མང་གིས་འདི་ལྟར་ཡིད་ཆེས་གནང་གི་ཡོད་དུས་སྟོབས་ཤུགས་ངོ་མ་དེ་འདི་རེད།

    ག་དུས་ཡིན་ན། ལས་སྣེ་སྡོད་མཁན་རེ་ཟུང་གིས་ལངས་ཕྱོགས་རང་གི་ཐད་ནས་མིན་པར། ལངས་ཕྱོགས་འཛིན་མཁན་གྱི་སྒྲིག་འཛུགས་ཀྱི་སྔར་སྲོལ་དབང་ཆེན་དུ་བྱས་ནས། ཟུར་ཐོན་དབྱེ་འབྱེད་ཀྱི་རྣམ་འགྱུར་ཐོན་པ་འདི་རིགས་ནི་དེ་འདྲའི་ཚབས་ཆེན་ཞིག་མ་རེད་འདོད།

    ངས་བསམས་ན་ང་ཚོ་མང་པོ་ཞིག་གིས་ཚེ་སྲོག་གི་རྩ་བ་དང་བདེན་དོན་གྱི་གཞི་མ། མི་རིགས་ལས་དོན་གྱི་སྙིང་བོར་བརྩི་བའི་༧རྒྱལ་བའི་བཀའ་དགོངས་ཤེས་ནས་སྤྲོ་བཞིན་སྒྲུབ་རྒྱུ་འདི། སྒྲུབ་འདོད་མེད་རིགས་ལ་ནན་འགེལ་བྱེད་ཀྱི་བསྡད་ན་རྒྱུ་མཚན་རང་སྟེང་ནས་འཚམས་པོ་ཡིན་རུང། དེ་ནི་གོ་བ་ལོག་སྒྲུབ་བྱེད་ཉེན་འདུག་པས། འདོད་མོས་ལྟར་ག་རེ་བྱས་ན་བྱེད་བཅུགས་ན་དེས་ཡག་གི་རེད་ལ། གལ་སྲིད་བོད་ཅེས་པ་འདི་ས་གནས་ཁ་ཤས་ལ་དངོས་གནས་རང་དུམ་བུར་བགོ་དགོས་པ་ཆགས་ནའང་འགྱོད་པ་གང་ཡང་ཡོད་པ་མ་རེད་ལ།་སུ་གང་གིས་གྱོང་མཐེ་བོང་ཙམ་ཡང་རེག་གི་མ་རེད་འདོད། རྩ་དོན་ལས་ནང་ཁུལ་གྱི་ཁེ་ཕན་དང་ཕྱོགས་ལྷུང་རྩོད་པ་༼ མདོ་སྟོད་སྤྱི་འཐུས་ཁ་ཤས་རང་བཙན་ཚོགས་འདུར་འགྲོ་བས་མཚོན། ༽འདི་རིགས་ལ་ཅི་བྱས་ན་བྱེད་དུ་བཅུགས་ན་ལོས་དགའ་བསམས།།།

    Reply
  36. སོག་ཤོད་བསོད་ནམས། says:
    ལོ་ 12 སྔོན།

    ཧོན་སུར་མདོ་སྟོད་མི་དམངས་ལ་བསྔགས་བརྗོད་ཡོད། བདེན་པ་ལ་སྟོབས་ཆེ་ཞིང་ཕུ་ཐག་རིང་བོ་ཡོད་པ་ནང་བཞིན། ཁྱེད་རྣམ་པ་བདེན་པའི་རྒྱབ་ཏུ་ལངས་པ་རེད། སོ་སོར་མཚོན་ན་སྔོན་མ་གཞོན་ནུ་ལྷན་ཚོགས་ལ་གུས་བརྩི་ཡོད། བར་ལམ་ཞིག་ནས་གཞོན་ནུ་ལྷན་ཚོགས་ཟེར་དུས་སེམས་ལ་མ་སྐྱིད་པ་ཞིག་ཡོང་གི་འདུག དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རང་བཙན་རྩོད་ཀྱི་ཡོད་པའི་རྒྱུ་མཚན་གྱིས་མ་རེད། གཙོ་ཆེ་བ་མགོ་བྱེད་མི་སྣ་དེ་ཚོའི་བྱེད་ཕྱོགས་དང་གཏམ་སྤྱོད་དེ་དག་རྩ་བ་ཉིད་ནས་འགྲིག་གི་མི་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་ལས་ལྷག་གི་སྐད་ཆ་བཤད་པ་དང་དེ་ལས་ལྷག་གི་ཅིག་ཅིག་མིག་མིག་སྒྲུབ་ཀྱི་ཡོད་མདོག་མདོག་གིས་མང་ཚོགས་ལ་མགོ་སྐོར་ཐེབས་བསྡད་ན་ཡག་པོ་ཡོད་པ་མ་རེད།

    Reply
  37. ཕུན་ཚོགས། says:
    ལོ་ 12 སྔོན།

    གྲོས་ཆོད་དོན་ཚན་དང་པོའི་ནང་འཁོད་གནས་ཚུལ་ཁག་དངོས་ཡོད། ཉེ་ལམ་གཟའ་ལྷག་པ་སྟེ་ལྷག་དཀར་ཉིན་དང་བསྟུན་ཏེ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ཆགས་ཆགས་ཀྱི་ས་གནས་གཞོན་ནུ་ལྷན་ཚོགས་དང་། སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་ས་གནས་གཞོན་ནུ་ལྷན་ཚོགས། གོ་ལི་སྒར་དོན་ལྡན་གླིང་ས་གནས་གཞོན་ནུ་ལྷན་ཚོགས། བདེ་སྐྱིད་སླར་གསོ་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ཧོན་སུར་རབ་རྒྱས་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ཀྱི་རྒྱུན་ལས་སྐུ་ཚབ་རྣམས་སྦེལ་ཀོབ་ཏུ་ཚོགས་འདུ་ཚོགས་ཏེ་མ་འོངས་པར་གཞོན་ནུའི་ལངས་ཕྱོགས་དབུ་མའི་ལམ་ལ་འགྱུར་བ་གཏོང་རྒྱུའི་གྲོས་བསྡུར་བྱུང་ཡོད་པ་མ་ཟད། ཚོགས་འདུའི་མཇུག་ཏུ་གྲོས་ཚོད་དོན་ཚན་གཉིས་བཞག་ཡོད་པའི་ནང་དུ་སྤྱི་ལོ་ ༢༠༡༣ ་ཟླ་བ་ ༥ ་ཚེས་༢༣ ་ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ངྷ་རམ་ས་ལ་རུ་རང་བཙན་ཚོགས་འདུ་ཟེར་བ་ཞིག་འཚོགས་འཆར་ཡོད་པ་དེ་འཕྲལ་དུ་ཕྱིར་འཐེན་བྱེད་དགོས་པ་དང་། གང་མགྱོགས་སྤྱི་ཟླ་ ༥ ་ཚེས་ ༡༠་ནང་ཚུན་ལ་ཛ་དྲག་ཐོག་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ངྷ་རམ་ས་ལར་ཚོགས་འདུ་ཞིག་སྐོང་དགོས་པ་སོགས་བཀོད་དེ་དབུས་གཞོན་ནུ་ལ་བཏང་ཡོད་འདུག་པ་བཅས་དངོས་ཡོད་གནས་ཚུལ་རེད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese