ཟླ་འདིའི་ཕྱི་ཚེས་ ༤ ཉིན་གྱི་ཞོགས་པར་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་དུ་ཡུ་གུར་བ་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་རྒྱ་ནག་གི་ཉེན་རྟོག་པས་ཞི་རྒོལ་བ་ ༦ འཛིན་བཟུང་བྱས་ཡོད་འདུག
ཟླ་སྔོན་མའི་ཕྱི་ཚེས་ ༢༣ ཉིན། ཞིན་ཅང་ཁཱ་སིན་པ་ཚོས་རྫོང་དུ་ཡུ་གུར་མི་རིགས་དང་རྒྱ་རིགས་བར་འཁྲུག་འཛིང་དོན་རྐྱེན་བྱུང་སྟེ་མི་ ༢༧ རྐྱེན་ལམ་དུ་ཤོར་ཡོད་པ་མ་ཟད། རྒྱ་གཞུང་གིས་ཡུ་གུར་འཇིགས་སྐུལ་དྲག་སྤྱོད་པར་རྒོལ་རྡུང་ནན་པོ་གཏོང་དགོས་པའི་བསྒྲགས་གཏམ་སྣ་ཚོགས་སྤེལ་ཏེ། ངོ་རྒོལ་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་མི་མང་པོ་འཛིན་བཟུང་བཙོན་འཇུག་བྱས་པར། འཛམ་གླིང་གི་ཡུལ་ལུང་གང་སར་གནས་པའི་ཡུ་གུར་བ་ཚོར་ཁོང་ཁྲོ་ཆེན་པོ་བསླངས་ཡོད་ལ། ལྷག་པར་དུ་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་དུ་ཚོང་ལས་གཉེར་བཞིན་པའི་ཡུ་གུར་བ་ཚོར་ཧྲང་ཧེ་ནས་ཕྱིར་ཕུད་གཏོང་དགོས་པའི་ཉེན་བརྡ་བཏང་བའི་རྐྱེན་གྱིས། ཟླ་འདིའི་ཕྱི་ཚེས་ ༤ ཉིན་གྱི་ཞོགས་པར་གྲོང་ཁྱེར་དེའི་ཁ་ཆེའི་ལྷ་ཁང་ཞིག་གི་མདུན་དུ། ས་གནས་ཡུ་གུར་བུད་མེད་དང་བྱིས་པས་གཙོས་ཡུ་གུར་བ་བརྒྱ་ཕྲག་འདུ་འཛོམས་ཀྱིས་ “སྲིད་འཛིན་ཞི་ཅིན་ཕིན་ལགས། མི་མང་ལ་ཐུགས་འཁུར་གནང་རོགས” ཞེས་པའི་འཕྲེད་དར་འཕྱར་ཏེ། སྲིད་གཞུང་གིས་བཅའ་ཁྲིམས་ལ་སྣང་ཆུང་དང་དྲག་པོའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་སྐྱོན་བརྗོད་ཀྱི་ཞི་རྒོལ་ཁྲོམ་སྐོར་བྱས་ཡོད་པ་དང་། སྐབས་དེར་ཉེན་རྟོག་པའི་ལྭ་བ་གྱོན་མེད་པའི་མི་མང་པོས་ཞི་རྒོལ་བ་ཚོའི་མཐའ་བསྐོར་ཏེ་དམ་དྲག་ཤུགས་ཆེན་བྱས་ཡོད་པ་མ་ཟད། ཞི་རྒོལ་བ་ ༦ འཛིན་བཟུང་བྱས་རྗེས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་མེད་པ་ཆགས་ཡོད་འདུག
ཧྲང་ཧེར་ཡུ་གུར་མི་རིགས་ཀྱི་ཞི་རྒོལ་བྱུང་རྗེས། འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་རཱ་བྷེ་ཡ་ལགས་ཀྱིས། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་གིས་རྒྱ་ནག་ནང་ཡོད་པའི་ཡུ་གུར་མི་རིགས་ལ་མཐོང་ཆུང་དང་དྲག་གནོན་བྱེད་བཞིན་པར་ཐུགས་འཁུར་གྱིས། རྒྱ་གཞུང་གིས་ཡུ་གུར་མི་རིགས་འདུ་འཛོམས་རང་དབང་ལ་བརྩི་བཀུར་དང་ཞི་རྒོལ་བ་ཚོའི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་སྐུལ་མ་གཏོང་བར་འབོད་སྐུལ་གནང་ཡོད་པ་མ་ཟད། རྒྱ་གཞུང་གིས་ཧྲང་ཧེ་ཡུ་གུར་ཞི་རྒོལ་བའི་བདེ་འཇགས་ལ་དོ་འཁུར་མ་བྱས་ཚེ། སྔར་ལས་ལྷག་པའི་ངོ་རྒོལ་དོན་རྐྱེན་བསླང་སྲིད་པའི་ཉེན་ཁ་ཡོད་སྐོར་བརྗོད་འདུག