མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་ཁ་སང་གི་ངྷ་སའི་ཆབ་སྲིད་གནས་བབས།

བོད་ཀྱི་དུས་བབ།
༢༠༡༣/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

བཀྲ་ཤིས་འཇིགས་མེད།

བཀའ་ཤག་གསར་པའི་ནང་ལ། །

ཚེར་མ་སྐྱེས་པ་མིན་ནམ། །

བཀའ་བློན་ལྷན་རྒྱས་རྐུབ་ལ། །

ཚེར་མ་ཟུག་པ་མིན་ནམ། །

བོད་ཀྱི་ལོ་རྒྱུས་ཀྱི་ཀྱོག་མཚམས་རེར་དམངས་ཁྲོད་ནང་རྩོམ་པ་པོ་འདི་ཡིན་མ་ངེས་པའི་གཞས་ཚིག་གསར་པ་རེ་དབྱངས་རྟ་སྙན་མོ་རེ་དང་ལྷན་དུ་དར་ཡོང་གི་ཡོད་པ་བཞིན་དེ་རིང་ཁ་སང་གངས་ཅན་སྐྱིད་གཤོང་གི་ཁོར་ཡུག་ནང་གོང་དུ་དཔེ་མཚོན་བཀོད་པའི་གཞས་ཤིག་འདུག གཞས་ཚིག་དེར་གོ་བ་རོབ་ཙམ་ལེན་སྐབས་མདོར་བསྡུས་ན་སྲིད་སྐྱོང་གིས་དབུ་ཁྲིད་པའི་བཀའ་བློན་ལྷན་རྒྱས་ཕྱི་རྒྱལ་ཁག་ཏུ་ཡང་ཡང་ཕེབས་པ་དེར་མི་འདོད་པའི་རྣམ་འགྱུར་སྟོན་ཁུལ་བྱས་འདུག

མི་ལ་ལས་སྤྱིར་སྲིད་སྐྱོང་གིས་དབུ་ཁྲིད་པའི་བཀའ་བློན་རྣམ་པ་ཕྱི་རྒྱལ་ལ་ཕྱོགས་སྐྱོད་དུ་ཕེབས་དགོས་པ་ནི་གལ་ཆེ་དོན་ཆེ་ཡིན་ཡང་། བཀའ་བློན་རྣམ་པའི་ཕྱོགས་སྐྱོད་ཀྱི་ལས་དོན་གྲུབ་འབྲས་དང་གཞུང་གི་འགྲོ་གྲོན་གཉིས་ངེས་པར་དུ་ཡང་ལྕི་བཀྱག་དགོས་པའི་བསམ་ཚུལ་ཡང་ཡོད། ཁོང་ཚོའི་བསམ་ཚུལ་ལྟར་ན་འདི་ལོའི་སྔོན་རྩིས་ནང་གཞུང་གི་བང་མཛོད་ལ་ཕྱག་རིང་བསྐྱངས་འདུག་ཅེས་པའི་གླིང་གཞི་འདི་ཡང་བཀའ་བློན་ཚོའི་སྤྱི་དོན་ཁ་འཁྱེར་གྱི་ཕྱོགས་ཕེབས་རྒྱས་སྤྲོད་ལོངས་སྤྱོད་དང་ཐད་ཀར་འགྲེལ་བ་ཡོད་པའི་བསམ་ཚུལ་སྟོན་མཁན་ཡང་འདུག

ཡང་འགའ་ཞིག་གིས་སྲིད་སྐྱོང་གིས་༸གོང་ས་མཆོག་གི་ཆིབས་སྒྱུར་དང་སྟབས་བསྟུན་ནས་གང་སར་ཕྱོགས་སྐྱོད་བྱས་ཏེ་དགོས་ངེས་ཀྱི་བོད་ཀྱི་རྩ་དོན་འཐབ་རྩོད་ལ་འབད་བརྩོན་མ་བྱས་པར་མི་མང་འདུ་འཛོམས་བེད་སྤྱད་དེ་སྲིད་སྐྱོང་སྐུ་སྒེར་གྱི་ཆེ་མཐོང་དྲིལ་བསྒྲགས་བྱེད་ཀྱི་འདུག་ཅེས་དང་། ཡང་ཞན་དག་གིས་སྲིད་སྐྱོང་མཆོག་ཕྱོགས་སྐྱོད་ལ་དབྱིངས་ཚུད་དེ་ཤེས་རིག་ལས་ཁུངས་དང་བཀའ་ཤག་ནང་རུལ་དྲི་ཁ་ཡི་ཡོད་པ་ཚོར་མེད་པའི་བསམ་ཚུལ་ཡང་འདུག འདི་ལྟ་བུ་བསམ་ཚུལ་ཡོད་མཁན་ནི་གཞི་རིམ་མང་ཚོགས་མ་ཡིན་པར། གངས་ཅན་སྐྱིད་གཤོང་གི་དཀྱིལ་འཁོར་ནང་ཡོད།

ཁོང་ཚོའི་བསམ་ཚུལ་འདི་ཚོར་དགོས་པ་དང་རྒྱུ་མཚན་མང་པོ་ཡོད་པ་ཙམ་དུ་མ་ཟད་ཁོང་ཚོས་མང་པོ་ཞིག་མགོ་ཚོད་པའི་ཐོག་ནས་ཤོད་ཀྱི་ཡོད་པ་ང་རང་ལ་ཡིད་ཆེས་ཡོད་པར་བརྟེན། ངས་དེ་རིང་ཁོ་ཚོའི་བསམ་ཚུལ་གྱི་གཞི་རྩའི་ཐོག་ནས་བསམ་གཞིགས་བྱེད་སྐབས་དབྱར་ཟླ་ལྔ་པའི་ཚ་དྲོད་འཕེལ་བ་དང་ལྷན་དུ་གངས་ཅན་སྐྱིད་གཤོང་ནས་རུལ་དྲི་ཁ་ཡོང་གི་མེད་དམ་སྙམ་པའི་བློ་ཚབ་ཅིག་ཡོང་གི་འདུག་ཀྱང་། ངས་དེ་རིང་གངས་ཅན་སྐྱིད་གཤོང་རུལ་འགྲོ་ཡི་ཡོད་པའི་མཁས་ལེན་རྩ་བ་ནས་བྱེད་རྒྱུ་མིན།

བསམ་ཚུལ་རྙིང་པ་ཞིག་གི་ཐོག་ནས་བཤད་ན་སྐབས་བཅུ་བཞི་པའི་བཀའ་བློན་ཁྲི་པའི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་བརྒྱུད་རིམ་ཁྲོད་དུ་བལ་ཡུལ་གྱི་འོས་ཤོག་བཙན་འཕྲོག་བྱས་པ་དང་། རྒྱ་གར་ལྷོ་གཞིས་ཁག་ནང་འོས་ཤོག་རང་འདོད་གང་ཡོད་ཀྱིས་བླུགས་པའི་ཉིན་དེ་ནས་བཟུང་ངས་འབྱུང་འགྱུར་གྱི་ང་ཚོ་ནི་རྙོག་འཛིང་གི་དྲ་བ་ལས་ཐར་ཐབས་མེད་པའི་རྣམ་རྟོག་ངན་པའི་མཚན་མ་ཤར་ནའང་རང་གིས་རང་ལ་སེམས་གསོ་བཏང་ནས་ད་བར་གྷན་དྷིའི་སྤྲེའུ་བཞིའི་ཉམས་ལེན་ལ་བརྩོན་པར་བྱས་ཏེ་བསྡད་པ་ཡིན།

དེ་རིང་གི་ང་ཚོའི་སྲིད་སྐྱོང་མཆོག་ནི་གདན་ས་གྲྭ་ཚང་ཁག་གི་གྲྭ་པ་རྣམས་དང་ཁོང་ཚོའི་དབང་ཤུགས་འོག་ཡོད་པའི་གཞིས་མི་ཉམ་ཆུང་མང་པོས་འོས་འདེམས་རྒྱབ་སྐྱོར་བྱས་ཏེ་འདེམས་ཐོན་བྱུང་བའི་སྲིད་སྐྱོང་བླ་ན་མེད་པ་གོང་ན་མེད་པ་ཞིག་ཡིན་པར་བརྟེན་ད་ནི་མིག་བཙུམ་སྟེ་གཙུག་ཏུ་བཀུར་རྒྱུ་ལས་འོས་གཞན་མེད། ཡིན་ན་ཡང་ང་རང་ལ་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་ཕྱག་ཏུ་ཡོད་པའི་སྲིད་སྐྱོང་ཕྱོགས་ནས་འོས་འདེམས་མ་བྱས་སྔོན་དུ་གལ་ཆེ་དོན་ཆེར་དྲིལ་བསྒྲགས་བྱས་པའི་གནད་དོན་གཉིས་ཀྱི་ཐོག་ལས་དོན་ལག་བསྟར་བྱེད་ཕྱོགས་ཀྱིས་བློ་ཕམ་ཧ་ཅང་ཆེན་པོ་བྱུང་།

ཉམས་ཞིབ་པ་འགའ་ཤས་ཀྱིས་སྲིད་སྐྱོང་མཆོག་གིས་ལོ་གཅིག་ལྷག་ཙམ་གཞུང་སྲིད་བསྐྱངས་པའི་དུས་ཡུན་དེའི་རིང་བརྒྱུད་ལམ་ཁག་ནང་སྲིད་སྐྱོང་མཆོག་གི་མཛད་རྗེས་འཁོད་པའི་གྲངས་འབོར་ནི་ཟམ་གདོང་རིན་པོ་ཆེས་ལོ་བཅུ་གཞུང་སྲིད་བསྐྱངས་པའི་མཛད་རྗེས་དྲིལ་བསྒྲགས་ལས་མང་བ་ཡོད་ཚུལ་བརྗོད་པ་འདིར་བསམ་ན། སྲིད་སྐྱོང་ཞིག་ཡིན་པའི་ཆ་ནས་རྩ་དོན་འཐབ་རྩོད་ཐོག་ཐབས་བྱུས་ཁ་གསལ་འདི་ཡིན་གྱི་གསལ་སྟོན་བྱེད་ཐུབ་མེད་པ་དང་། ཤེས་རིག་བཀའ་བློན་ཞིག་ཡིན་པའི་ཆ་ནས་ཤེས་ཡོན་ཐོག་སྲིད་བྱུས་ཁ་གསལ་ཞིག་གསལ་སྟོན་བྱེད་མ་ཐུབ་པ་འདི་གཉིས་ནི་དེ་རིང་ང་རང་བློ་ཕམ་ཡོང་བའི་གཞི་རྩ་ཞིག་ཡིན།

ཟམ་གདོང་རིན་པོ་ཆེའི་བཀའ་ཤག་གིས་རྩ་དོན་ཐོག་སྲིད་བྱུས་ཁ་གསལ་དང་འཐབ་རྩོད་ཐོག་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བྱས་ཡོད། དེ་བཞིན་ཤེས་ཡོན་ཐོག་སྲིད་བྱུས་གསར་གཏོད་དང་ལག་ལེན་ཐོག་དམིགས་བསལ་སློབ་ཕྲུག་གསོ་སྐྱོང་བྱས་ཡོད། འོན་ཀྱང་ཟམ་གདོང་རིན་པོ་ཆེས་འོས་ཤོག་ཐོབ་ཕྱིར་འདི་དང་ཕ་གི་བྱེད་ཀྱི་ཡིན་ང་ལ་འོས་ཤོག་སྤྲད་རོགས་ཞེས་ཐེངས་གཅིག་ཀྱང་བཤད་མེད། མི་མང་པོ་ཞིག་གི་སེམས་ནང་སྲིད་སྐྱོང་མཆོག་གིས་རྩ་དོན་ཐོག་དབུ་མ་གཙུག་བཀུར་དང་ཤེས་ཡོན་ཐད་གཞི་རིམ་ཤེས་ཡོན་སྲིད་བྱུས་ལ་བློ་སེམས་གཅིག་གཏད་བྱེད་ཀྱི་ཡོད་པར་དགོངས་སྲིད་ཀྱང་དོན་དངོས་ཐོག་སྲིད་སྐྱོང་མཆོག་གིས་འདི་དག་ལ་ཟུར་བལྟས་གནང་ནས་བཞུགས་ཡོད་པ་མིན་ནམ་སྙམ།

ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་དགོས་པའི་ཐག་གཅོད་རང་བཞིན་ལྡན་པའི་གསུང་བཤད་གཅིག་ཀྱང་གནང་མེད་ཅིང་དེ་ལས་ལྡོག་སྟེ་ཟམ་གདོང་རིན་པོ་ཆེས་ཁོང་གིས་གཏན་འབེབས་གནང་བའི་སྲིད་བྱུས་གཅིག་ཀྱང་ལག་བསྟར་མ་བྱས་ན་འགྲིག་གི་རེད་གསུང་གི་འདུག་ཅེས་ཤེས་ཡོན་དང་འབྲེལ་བའི་གསུང་བཤད་གནང་སྐབས་ཐེངས་མང་གསུངས་ཡོད། རྩ་དོན་ཐོག་དབུ་ལམ་༸གོང་ས་མཆོག་གི་དགོངས་གཞི་ཡིན་པའི་ཆ་ནས་ཤར་སྐྱོད་ཡིན་ཚུལ་བཤད་པ་ལས་རང་གི་ལངས་ཕྱོགས་ཁ་གསལ་ཅན་གྱི་གསུང་བཤད་གནང་གི་མེད། དེང་སྐབས་སྲིད་སྐྱོང་མཆོག་གིས་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བའི་སྲིད་བྱུས་ཤིག་འཛིན་གྱི་ཡོད་མདོག་གིས་རྩ་དོན་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་འདི་ཡིན་མེད་པའི་ཐོག་བཞག་ཡོད།

སྲིད་སྐྱོང་མཆོག་གི་རྩ་བའི་ལྟ་གྲུབ་གསུམ་ལས་དང་པོ། ༼ཆིག་བསྒྲིལ།༽ ཞེས་པ་དང་འབྲེལ་བའི་ཐོག་ནས་ཉེ་བའི་རང་བཙན་དང་དབུ་མའི་རྩོད་གླེང་དེ་དག་བྱུང་བར་འདོད། ཇི་ལྟར་ཞེ་ན་སྲིད་སྐྱོང་མཆོག་གིས་རང་གི་བཀའ་ཤག་ལ་རྩ་དོན་ཐོག་གདེང་ཚོད་ཡོད་པའི་སྲིད་བྱུས་ཁ་གསལ་མ་བཟོས་པའི་སྟེང་ནས་ཆིག་སྒྲིལ་ལ་འབད་བརྩོན་བྱེད་ཁུལ་བྱས་པར་བརྟེན་བཀའ་ཤག་གི་སྒོ་དང་སྒེའུ་ཁུང་གང་ས་ནས་ཁ་དོག་མི་འདྲ་བའི་སྐད་ཆ་མང་པོ་ཞིག་འཛུལ་ཡོད།

རང་ལ་རྩ་དོན་ཐོག་གདེང་ཚོད་ཡོད་པའི་སྲིད་བྱུས་མེད་པའི་ཐོག་སྐད་ཆ་འདྲ་མིན་མང་དག་ཅིག་སྲིད་སྐྱོང་གི་རྣ་རྩར་འཁོར་ཡོང་བར་བརྟེན་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་གྱར་ནས་ཉིན་མོ་དབུ་མ་ཡིན་མདོག་དང་མཚན་མོ་རང་བཙན་ཡིན་མདོག་བྱེད་པའི་འུ་ཐུག་གི་ལས་ཀ་མང་པོ་ཞིག་ལས་དགོས་པ་བྱུང་བ་རེད། རྩ་དོན་ཐོག་སྲིད་བྱུས་ཁ་གསལ་མེད་པར་ཆིག་སྒྲིལ་ཞེས་ཕྱག་གང་སར་བསྐྱངས་པར་བརྟེན་སྐབས་ཚོལ་བ་མང་པོར་གོ་སྐབས་བྱུང་བས་ཉེ་བའི་སྤྱི་ཚོགས་ནང་ཆིག་སྒྲིལ་ཡོང་རྒྱུ་ལས་ལྡོག་སྟེ་རྙོག་འཛིང་ཅན་ཞིག་ཏུ་གྱུར་བ་རེད།

བདེན་རྫུན་གང་ཡིན་གསལ་པོ་མི་ཤེས་ཀྱང་གཞོན་ནུའི་དབུས་རྒྱུན་ཞིག་དང་བདེ་སྲུང་བཀའ་བློན་གཉིས་ཀྱིས་ཨ་རིར་སྡིང་ཆ་གཅིག་གི་ཐོག་ནས་རང་བཙན་དང་དབུ་མའི་རྩོད་སྒྲུབ་བྱས་པ་གཉིས་ཀའི་རྒྱབ་རྟེན་དཔལ་ལྡན་སྲིད་སྐྱོང་མཆོག་ཡིན་པ་དང་། གཞོན་ནུའི་རྒྱུན་ལས་རྣམས་མཚན་གྱི་ཆུ་ཚོད་བཅུ་གཅིག་བཅུ་གཉིས་ལ་སྲིད་སྐྱོང་མཆོག་གི་གཟིམ་ཤག་ལ་ཡང་ཡང་བཅར་གྱི་ཡོད་ཚུལ་སོགས་ཀྱི་ལབ་གླེང་མང་དག་ཅིག་ཡོད། ད་ནི་མང་པོ་ཞིག་ཞུ་ཐུབ་ཐབས་མི་འདུག གནས་སྐབས་འདིར་མཚམས་འཇོག་བྱས་ན་ལེགས་པ་འདུག རྗེས་སུ་དུས་ཁོམ་དང་དགོས་པ་བྱུང་ཚེ་སྲིད་སྐྱོང་མཆོག་གི་ཆབ་སྲིད་དང་ཤེས་ཡོན་གྱི་སྲིད་བྱུས་ཐོག་རྩོམ་ཡིག་ཞིབ་རྒྱས་ཤིག་འབྲི་འདུན་ཡོད།

མཐའ་དོན་གུས་པས་སྲིད་སྐྱོང་མཆོག་ལ་ལུས་ཀྱི་གནས་ལྔ་ས་ལ་ཕབ་ཏེ་སྐྱབས་འཇུག་ཞུ་རྒྱུར། རྩ་དོན་ཐོག་འདི་ཡིན་མེད་པར་སྲིད་བྱུས་ཡོངས་རྫོགས་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བའི་སྐད་ཆའི་ནང་སྦས་ནས་མ་བཞུགས་རོགས། བཀའ་ཤག་ནང་འབུམ་རམས་པ་དང་ཆེད་ལས་པའི་མིང་བཏགས་པའི་ཆང་འཐུང་གྲོགས་པོ་དེ་ཚོ་དང་ལྷན་དུ་སྐྱིད་སྐྱིད་ལ་རོལ་ནས་མ་བཞུགས་རོགས། ཤེས་ཡོན་ཐད་ཤེས་རིག་ལས་ཁུངས་དེ་ཉིད་༸པན་ཆེན་བཅུ་པ་མཆོག་གིས་དབུས་པའི་གཞིས་ལུས་སྤུན་ཟླ་མང་པོས་ཚེ་སྲོག་བཏང་ནས་སྲུང་སྐྱོབ་བྱས་པའི་བོད་མིའི་བླ་སྲོག་སྐད་ཡིག་གི་དུར་ས་ཞིག་ཏུ་མ་བསྒྱུར་བར་བླ་སྲོག་འདེབས་སའི་ཞིང་ས་ཞིག་ཏུ་བསྒྱུར་རོགས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་མ་ཐུབ་ཀྱང་ཁོང་ལྷོད་ལྷོད་བྱས་ནས་བཞུགས་འཇུག་རོགས།

གྲོས་ཚོགས་ཀྱི་འཐུས་མི་རྣམས་པར་ཕྱག་འཚལ་ནས་ཞུ་རྒྱུར། བཀའ་ཤག་དང་ཤེས་རིག་ལས་ཁུངས་སྐྱོབ་རོགས། འབྱུང་འགྱུར་གྱི་གྲོས་ཚོགས་ནང་བཀའ་ཤག་དང་ཤེས་རིག་ལས་ཁུངས་ལ་སྒྲིབ་ཤིང་གཡོག་ནས་མ་བཞག་པར་ཕྱི་དྲིལ་ལས་ཁུངས་བཞིན་དམར་རྗེན་དུ་བཏོན་རོགས། གཞུང་གི་བང་མཛོད་ལ་སྒོ་ལྕགས་རྒྱག་རོགས་གནང་། འཐུས་མི་ལྷན་རྒྱས་སྲིད་སྐྱོང་གི་སྲུང་མ་བྱས་ནས་མ་བཞུགས་པར་བོད་མི་རིགས་ཀྱི་སྲུང་མ་གནང་རོགས། རྩ་དོན་གྱི་སྲུང་མ་གནང་རོགས།

ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༥ ཉིན།

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

མཆན། 38

  1. སྨྱུག་མདའ། says:
    ལོ་ 12 སྔོན།

    རིགས་ཞེན་རིག་པའི་ལམ་ནས་རྒྱང་ལ་བལྟོས།།
    ཕྱོགས་ཚིག་ལག་པའི་ནང་ཤུན་རྡུལ་དུ་བརླག།
    ཡི་གེའི་དཀའ་ངན་སེལ་བ་ཡི་ག་ཆད།།
    བསམ་ཞིང་ངུ་མ་དགོད་ཀྱིས་ཕྱིར་ཏུ་ལོག།

    བོད་པ་ཟེར་གྱིན་སྙིང་ཁ་ནང་ལ་རྡེག།
    མཁྲེགས་འཛིན་སྲིད་གཞུང་མདུན་ན་ཉམ་རེ་ཆུང་།།
    ཆགས་སྡང་ཚོར་བ་མཐེ་གཞུང་མཐིལ་ན་ཁྱུད།།
    མགོ་བོ་བཅག་ཅིང་མདུན་ངོས་ཨ་ལ་ལ།

    Reply
  2. བསྟན་འཛིན་ཚེ་འཚོ། says:
    ལོ་ 12 སྔོན།

    མཆན་མཁན་ཚང་མ་ལ་བཀྲ་ཤིས་བདེ་ལེགས། འདིར་མཆན་འབྲི་མཁན་ཚང་མ་ཡིག་རྨོངས་སེལ་ཡོད་མཁན་རྐྱང་ཡིན་ངེས། དེ་བས་འདི་ནས་གསལ་བཤད་ཞུ་རྒྱུ་ཞིག་ལ། ངས་ཁྱེད་རྣམས་ཀྱི་མཆན་ཚང་མ་བཀླགས་པ་ཡིན་མོད། འོན་ཀྱང་ང་ལ་འདི་བདེན་པ་འདུག འདི་ཤེས་དགོས་པ་འདུག་བསམ་པའི་བློ་བསྐྱེད་ཀྱི་གླེང་མོལ་རྐང་གཅིག་མི་འདུག་ལ། དེ་ལས་ལྡོག་སྟེ་མེ་མཆོད་ཕུལ་མཁན་གྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཁ་ཆེམས་རྡོག་རོལ་བཏང་ནས། དགྲ་དགའ་གཉེན་སྡུག་གིས་ཚིག་མཚོན་ནང་ཁུལ་གཡུག་རེས་བྱེད་པའི་ཁྱི་རྔ་མེད་ཚོགས་གཅིག་རེད། འདི་ནས་གསལ་འདེབས་ཤིག་ལ་ཁྱེད་རྣམ་པ༧མགོན་པོ་གང་ལ་དད་པ་ཡོད་ན། ༧མགོན་པོ་གང་ལཡིད་ཆེས་ཡོད་ན། ངོ་མ་བོད་པའི་སྐྱིད་སྡུ་ལ་བསམ་བློ་གཏོང་མཁན་གྱི་སྨྱུག་ཐོགས་པ་ཞིག་ཡིན་ལ། ཁྱེད་རྣམས་ཀྱི་སྨྱུག་ཁ་ནང་ལ་བསྐོར་ནས་འཕྱ་རེས་དང་དམོད་རེས་མི་བྱེད་པར། སྨྱུག་ཁ་དགྲ་ཟླ་རྒྱ་གཞུང་ལ་ཕྱོགས་ནས་བདེན་པ་བརྡར་རོགས། རིགས་ལམ་བསྡུར་རོགས། དེ་ནི་ང་ཚོའི་མངོན་འདོད་ཡིན་ལ་བསྒྲུབ་བྱ་ཡང་རེད་ཅེས་ན་མ་འགྲིག་པ་མེད་པར་བསམ། དེ་མིན་ནང་ཁུལ་མཁས་མདོག་གིས་དོན་མེད་དམོད་ཚིག་གི་ཚིག་ཚོགས་རི་ལྟར་སྤོངས་ན་དགོསཕན་གང་ཡང་མི་འདུག་ལ། ལྷག་དོན་ང་ཚོའི་ཆིག་སྒྲིལ་ལ་ཡང་གནོད་པ་འདུག སྐུ་གཤེགས་དཔའ་བོ་ཚོའི་རེ་འདོད་ལ་ཡང་རྡོག་རྫིས་གཏོང་བཞིན་འདུག་པས་དེ་དོན་མཁྱེན་པར་མཛོད།

    Reply
  3. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    ང་ཁྲམ་པ་བཟོ་ཡི་འདུག
    སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་སྤྱི་འཐུས་སྒེར་གྱི་གསལ་བཤད་སྐོར་༧གོང་ས་མཆོག་ལ་བཀའ་འདྲི་ཞུས་པའི་བཀའ་ལན།

    དྲི་བ། བཀྲ་ཤིས་བདེ་ལེགས། ཆབ་སྲིད་ཀྱི་གོ་རྟོགས་སྤེལ་གྱི་ཡོད་པར་འབྲེལ་བ་ཡོད་སྟབས། ༧གོང་ས་མཆོག་གིས་ལམ་དབུ་མ་རྩོད་ཀྱི་ཡོད་པ་བཀའ་སློབ་རབ་དང་རིམ་པར་ཕེབས་ཀྱི་ཡོད་ཀྱང། ཉེ་ཆར་སྤྱི་འཐུས་ཤིག་གིས་༧གོང་ས་མཆོག་ལམ་དབུ་མ་པ་མ་ཡིན་པ་རང་བཙན་གཙང་མ་རྩོད་ཀྱི་ཡོད་པ་རེད་ཅེས་གསུངས་པ་གོ་ཐོས་བྱུང། དེ་འདྲའི་ནོར་འཁྲུལ་ཅི་ལྟར་ཤོར་གྱི་ཡོད་པ་རེད། ༧སྐྱབས་མགོན་རིན་པོ་ཆེས་དེར་ཐུགས་བསམ་གང་འདྲ་བཞེས་ཀྱི་ཡོད།

    ༧གོང་ས་མཆོག ཨོ་ཡ། ང་ཁྲམ་པ་བཟོ་ཡི་ཡོད་པ་རེད། ང་ཁྲམ་པ་བཟོ་ཡི་ཡོད་པ་རེད་གདའ། ཤེས་སོང་ངམ། ངས་ཁ་ནས་རང་སྐྱོང་བཤད་ཀྱི་ཡོད་པ་མ་གཏོགས་སེམས་ཀྱི་སྟེང་ནས་རང་བཙན་རྩོད་ཀྱི་ཡོད་པ་རེད་ཅེས་པ་དེས་ང་ཁྲམ་པ་བཟོ་ཡི་ཡོད་པ་རེད། ང་ཁྲམ་པ་བཟོས་ན་ཕན་ཐོག་ཅིག་འདུག་གམ། ངས་འཛམ་བུ་གླིང་གི་མི་སུ་ལ་སྐད་ཆ་བཤད་པ་ཡིན་ནའང། དྲང་པོ་དྲང་བཞག་ཕྱི་གསལ་ནང་གསལ་བྱེད་དགོས་པ་རེད་ཅེས་རྟག་པར་བཤད་བསྡད་ཡོད། ངས་གོང་དུ་ཞུས་པ་ནང་བཞིན་རེད། ༡༩༥༠ ནས་ང་ཚོས་རང་བཙན་གྱི་ཐབས་ཤེས་བྱས་ཡོད་པ་རེད། མཐའ་མར་གྲོས་མཐུན་དོན་ཚན་བཅུ་བདུན་སྒང་ལ་ཕྱིན་པ་རེད། ད་དེ་ནས་རྒྱ་གར་དུ་སླེབས་ནས་ང་ཚོས་རང་བཙན་སྒང་ལ་འབད་བརྩོན་བྱས་པ་རེད། ག་གེ་འགྲུབ་ཡ་མི་འདུག་གཱ མ་བྱས་པ་མ་རེད་གདའ། རྗེས་སུ ༡༩༧༤ ནས་ཁ་ཞེ་གཉིས་མེད་ཐོག་གཉིས་ཕན་བྱས་པ་དེ་རེད། ཁ་ཞེ་གཉིས་མེད་ཡིན་མ་གཏོགས། དེ་ལྟའི་སྐད་ཆ་དེ་ཚོས་ང་ཁྲམ་པ་བཟོ་ཡི་ཡོད་པ་རེད། ཁྱེད་ནས་མིང་བཤད་མ་ནུས་པ་གེ་བྱེད་དགོས་པ་མ་རེད། ཀརྨ་ཆོས་འཕེལ་རེད། སྤྱི་འཐུས་ཀརྨ་ཆོས་འཕེལ་རེད། ཁོ་རང་ལྷག་བསམ་ཅིག་ད་ཏན་ཏན་ཡིན་རྒྱུ་རེད་པཱ། ཡིན་ནའང། བཤད་སྟངས་དང་བྱེད་སྟངས་དེས་ང་ཁྲམ་པ་བཟོ་ཡི་འདུག དེ་འདྲ་ཡིན་སྟབས། མཐའ་མར་འུ་ཐུག་ནས་ཡིག་ཚང་ནས་གསལ་བཤད་ཅིག་བྱེད་དགོས་འཁེལ་བ་རེད།

    ༼ ༡ མཆན། ༧གོང་ས་མཆོག་གིས་དབུས་ཀྱི་ཡུལ་སྐད་མ་བིན་གསུངས་འདུག མ་བིན་གྱི་དོན་ནི་ཁྲམ་པ་དང་སྐྱག་རྫུན་བཤད་མཁན་ལ་གོ་ཡི་ཡོད་པ་སྟབས་ཁྲམ་པ་ཞེས་བྲིས་ཡོད། ཤར་ཕྱོགས་ཁུག་རྟས། ༽

    བརྙན་འཕྲིན་ངོ་མ་དྲ་འབྲེལ་འདི་ནས་གཟིགས།། http://www.youtube.com/watch?v=M3-rHjB6d_w&feature=share

    Reply
  4. འཇམ་གཅེས ། says:
    ལོ་ 12 སྔོན།

    གང་ཡང་མི་ཤེས་ན་སྨ་བ་ཉུང་ན་མཛེས་ཞེས་དེ་ཅི་མ་བདེན། ཁྱོད་ཀྱིས་ཡིག་ནོར་ཕ་མ་གཉིས་པོའི་རོ་ཙམ་རེ་བྲིས་ནས་ད་དུང་མི་ལ་དག་ཆ་བཤད་ཁུལ་ནི་རང་སྣང་མཐོ་བ་དང་ངོ་གདོང་ལྕགས་འབག་དེ་འཐུག་དྲག་པས་ལོས་ཡིན།

    དེ་མིན་ཁྱོད་ཀྱིས་ཉོག་བཤད་ལ་རིན་ཐམ་མེད་པའི་ན་ལན་གྱི་ངལ་བ་མི་འདོད་

    Reply
  5. མངའ་རིས་འོད་ཟེར། says:
    ལོ་ 12 སྔོན།

    སྤྱིར་ཟློ་བ་ཟེར་བའི་ཚིག་འདི་གླེན་ཤེད་ཨུ་ཚུགས་ཅན་དག་གིས་བེད་སྤྱོད་གནང་རྒྱུའི་ཚིག་གཅིག་མ་རེད། ལྷག་པར་དུ་དོན་གྲུབ་ལྷ་དར་ལྟ་བུ་དང་དག་ཆའི་མགོ་མི་འཁྱོང་བ་འཇམ་གཅེས་ལྟ་བུར་དེ་བས་ཀྱང་ལན་པོ་ཡོད་པ་མ་རེད།

    བློ་སེང་གིས་བཀྲས་མཐོང་ལ་རྣམ་འགྱུར་ཅི་བསྟན་དང་དེའི་རྒྱབ་སྐྱོར་པར་ག་རེ་གནང་མིན་བཤད་མ་དགོས་པའི་དོན་དག་ཅིག་རེད། བློ་སེང་གི་བྱེད་སྟངས་དེས་དང་པོ་རང་ནས་ཁོང་ལ་ཐོབ་དགོས་པ་དང་ཐོབ་ན་བཟང་བའི་རྒྱབ་སྐྱོར་མང་པོ་ཞིག་འཕྲོ་བརླག་བཏང་ཟིན་པ་རེད།

    བལ་ཡུལ་ནས་མང་ཆེ་བས་བཀྲས་མཐོང་ལ་རྒྱབ་སྐྱོར་ཡོད་པ་བལ་ཡུལ་གནས་སྡོད་ཀུན་ལ་ཕྲིས་དང་གསལ་བོ་རེད། བདེ་སྐྱིད་ཆོས་དབྱིངས་དང་ཁོ་པ་གཉིས་གནའ་སྔ་མོ་ནས་ལྐོག་ཐུག་ལྐོག་འཁྲིག་རེད། རྒྱལ་ཁབ་ཚད་ལྡན་ཞིག་ཡིན་ན་ཟུར་མོ་རོལ་ན་ཁྲིམས་འགལ་ཆགས་ཟིན་པ་རེད།

    Reply
  6. ནམ་མཁའ་བསྟན་འཛིན། says:
    ལོ་ 12 སྔོན།

    http://www.youtube.com/watch?v=M3-rHjB6d_w

    Reply
  7. འཇམ་གཅེས ། says:
    ལོ་ 12 སྔོན།

    མངའ་རི་འོད་ཟེར་གཅན་གྱི་གཙོས་དྲ་འབུ་ཀུན་ལ་ཟློ་བ། སྤྱིར་ཕྱོགས་རིས་གདོན་གྱི་ཟིན་པས་ཅོང་ནད་ཅན་འདི་དག་ལ་དམིག་བསལ་འགྲེལ་བཤད་རྒྱག་འདོད་མེད་མོད། ཡིན་ཡང་རང་རིགས་ལ་རྒྱ་ལྡན་པའི་དྲ་གྲོགས་ཀུན་གྱི་མིག་སྔར་ནག་ཉེས་ཐེར་འདོན་རེ་དགོས་པ་ནི་བོད་མི་ཞིག་ཡིན་ཆ་ནས་འགན་ཡོད་པ་རེད། དེའི་ཕྱིར་ངས་དེ་རིང་འདིར་རྣག་ཐོག་གཙགས་འཁེལ་ཞིག་བཟོ་ན་འདོད།

    ༡ ཁྱོད་ཀྱིས་ཤེས་དགོས་པ་ཞིག་ནི་བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བས་གཞིས་བྱེས་བོད་མིའི་ཆོལ་གསུམ་ཆོས་ལུགས་དང་བཅས་པས་མཛའ་འབྲེལ་ནི་ཡིད་སྨོན་ཤོར་དགོས་པའི་ལེའུ་གསར་པ་ཞིག་ལ་འགྲོ་བཞིན་པ་འདི་གཟུར་གནས་ཀུན་གྱིས་འདོད་ཚུལ་གཅིག་མཐུན་རེད། ཡིང་ཡང་ཁྱོད་དང་ཁྱོད་ལྟ་བུའི་བྱེ་གཏེ་དག་ནི་བྱེས་འབྱོར་བོད་མིའི་ཁྲོད་དུ་གཞན་གྱི་བརྒྱུད་སྐུལ་འོག་ནས་ཡོང་བ་ཉུང་ཉུང་ག་ལ་ཡིན། དཔེར་ན་ཁ་སང་ཐོན་པའི་གནས་ཚུལལྟ་བུ་ལས་ཉམ་མྱོང་ལེན་ཐུབ་ཀྱིན་ཡོད།

    ༢ ཁྱོད་ཚོས་གཉེར་བཞིན་པའི་བྱ་བ་ནི་བཙན་བྱོལ་བོད་མིའི་ནང་ཁུལ་དང་དེ་བཞིན་གཞུང་སྒེར་ཚོགས་སྡེ་ཁག་དང་། ཆབ་སྲིད་ཚོགས་པ་དག་གིས་དབར་དུ་གཏོར་བཤིག་གཏོང་གང་ཐུབ་བྱེད་ཀྱིན་ཡོད་པ་ནི་རང་གཤིས་དམར་ཧྲང་མ་དོན་སྟངས་འདི་ལས་གང་ཙམ་གསལ་པོ་མཐོང་ཐུབ་པ་ཞིག་རེད།

    ༣ ཁྱེད་ཚོས་ངན་བྱུས་བཤམ་སྟངས་ནི་ཐབས་མཁས་པོ་ཞིག་རེད། དཔེར་ན་མི་རིགས་ཀྱི་ལ་རྒྱལ་དང་། སྤྱི་པའི་རྩ་དོན་སོགས་ཀྱི་དར་ཆ་མཁའ་དབྱིངས་སུ་བསྒྲེང་སྟེ་གོ་སྐབས་དང་བརྒྱུད་ལམ་གང་ཡོད་ལ་འུར་རྒྱག་གི་ཡོད་པ་རེད།

    ༤ རང་རིགས་ལ་ལྷག་བསམ་དཀར་བའི་རིགས་མཐུན་དཔུན་ཟླ་རྣམ་པ་ཚོས་མཁྱེན་དགོས་པ་ཞིག་ནི་མི་སྒེར་སོ་སོས་ངོས་ནས་རང་ཚུགས་བརྟན་པོ་གནང་དགོས་པ་ལས་ཁ་མཁས་པ་དང་ལྕེ་ལེ་བདེ་མོ་དག་གི་རྗེས་སུ་ནམ་ཡང་གཡམ་རྒྱུག་མི་རུང་བ་ནི་དྲན་བསྐུལ་གྱི་ཚུལ་དུ་ཞུས་པ་ཡིན། །

    Reply
  8. ནམ་མཁའ་བསྟན་འཛིན། says:
    ལོ་ 12 སྔོན།

    དོན་འགྲུབ་ལྷ་དར་ག་འདྲ་ཡིན་མིན་རྩོད་དགོས་དོན་མི་འདུག ཁོས་སྔ་ལོ་གཞོན་ནུའི་གསར་འགོད་གསལ་བསྒྲགས་ཞིག་གི་སྐབས་ང་ཚོས་རང་བཙན་གཙང་མ་རྩོད་བཞིན་པ་༧གོང་ས་མཆོག་གི་བཀའ་དང་འགལ་ཡོད་ཀྱང་ཐུགས་དང་འགལ་མེད་ལབ་སོང་། ད་ཐེངས་༧གོང་ས་མཆོག་ཨ་རིར་ཕེབས་སྐབས་སློབ་ཕྲུག་ཅིག་གི་དྲི་བར་ལན་གསུངས་སྐབས་ཀརྨ་ཆོས་འཕེལ་དང་འདི་ཚོའི་བྱས་ཉེས་ལ་ལན་གསལ་བོ་གསུངས་འདུག སྤྱིར་ང་ཚོའི་སྤྱི་ཚོགས་འདིར་དད་པ་མེད་ན་ཡོད་མདོག་མདོག་དང་བཀའ་སློབ་གནང་ན་མ་གོ་མདོག་མདོག་བྱེད་མཁན་ཁེངས་བསྡད་ཡོད།

    Reply
  9. ལུང་རྟོགས། says:
    ལོ་ 12 སྔོན།

    བཀྲས་མཐོང་ལ་རྒྱབ་སྐྱོར་བ་ཚོས་བློ་སེང་ལ་མ་འདོད་པ་བསྟན་ཡོད་མེད་ཤར་ཁུག་ལ་ལྟོས་དང་གཞན་གང་ཡང་དགོས་པ་མ་རེད། བལ་ཡུལ་གྱི་བོད་མི་ཚོས་བློ་སེང་ལ་རྒྱབ་སྐྱོར་མེད་པ་ཁྱོད་ཀྱིས་ཇི་ལྟར་ཤེས་སོང་། ཁུང་ལུང་མེད་པའི་སྐྱག་བཤད་མ་མང་། བདེ་སྐྱིད་ཆོས་དབྱངས་བློ་སེང་གི་ཟུར་མོ་ཡིན་པ་ཁྱོད་ལ་དཔང་རྟགས་ཅི་ཡོད། ཁོ་མོ་བཀའ་བློན་ལ་བཞག་པར་ཨ་མདོའི་མཁས་པ་ཚོར་ཕོག་ཐུག་འགྲོ་དགོས་དོན་ཅི་རེད། དྲི་བ་འདི་དག་ལ་ལན་ཁྱེར་ཤོག

    Reply
  10. མངའ་རིས་འོད་ཟེར། says:
    ལོ་ 12 སྔོན།

    བཀྲས་མཐོང་ལ་བརྟེན་ནས་བརྡབ་གསིག་ཤོར་བ་ཤར་ཕྱོགས་ཁུག་རྟ་གཅིག་པུ་མ་རེད། ཚོགས་པ་དང་སྒེར་པ་མང་པོ་རེད། བློ་མཐུན་འཇམ་གཅེས་ལགས།

    Reply
  11. མངའ་རིས་འོད་ཟེར། says:
    ལོ་ 12 སྔོན།

    ལུང་རྟོགས་ལ། བཀྲས་མཐོང་གི་རྒྱབ་སྐྱོར་པ་ཚོས་བློ་སེང་ལ་མི་འདོད་པ་གང་ཡང་བསྟན་ཡོད་པ་མ་རེད། བལ་ཡུལ་ནས་འོས་སྒམ་བཙན་འཕྲོག་བྱས་པ་ལ་བརྟེན་ནས་བཀའ་ཁྲི་བློ་བཟང་སེང་གེར་ཐོབ་པ་རེད་མ་གཏོགས། ཕྱི་ནང་གི་འགལ་རྐྱེན་མེད་ན་དེ་རིང་གི་བཀའ་ཁྲི་བཀྲས་མཐོང་རེད། ཡིན་ནའང། དེ་ཚོ་གླེང་ནས་ཅི་ཕན། རྒན་གཞོན་དང་སྐྱ་སེར། ཆོལ་ཁ་རིས་མེད་ཀྱི་བཀའ་བློན་འདེམས་རྒྱུ་དེ་བློ་སེང་གི་དམ་བཅའ་རེད། མ་གཞི་ནས་ཨ་མདོའི་ནང་མང་ཆེ་བས་ཁོང་གི་བཀའ་བློན་ལས་རོགས་ཁས་ལེན་མ་བྱས་ཀྱང། ཁོང་གི་རང་གི་ཟུར་མོ་བཀའ་བློན་དུ་གདམས་པ་དེས་མི་མང་པོ་ཐང་ཆད་ཡོད་པ་རེད། ཁོང་གིས་ཡོངས་གྲགས་ཀྱིས་བདེ་སྐྱིད་ཆོས་དབྱངས་ཀྱིས་ཨ་མདོའི་ཚབ་བྱེད་ཐུབ་པར་བསྒྲགས་པ་དེས་ཨ་མདོའི་མཁས་པ་མང་པོར་ཕོག་ཐུག་སོང་ཡོད་པ་གསལ་བོ་རེད། དེ་ཚོ་གླེང་འདོད་མེད། ངས་བལྟས་ན་འཇམ་གཅེས་དང་ལུང་རྟོགས་ཁྱེད་གཉིས་ཀྱང་བློ་སེང་ལ་འདི་ལྟར་རྒྱབ་སྐྱོར་བྱེད་དགོས་དེ་ལུང་ཚན་གྱི་ཆ་ནས་ལོས་ཡིན་འདོད་པས། རང་གིས་རང་ལ་ཞུ་དག་བཏང་ན་ཧ་ཅང་གསལ་བོ་ཆགས་ཀྱི་རེད། དེ་མིན་བློ་སེང་གིས་མ་འཇོན་པ། མ་ཤེས་པ། ནོར་འཁྲུལ་ཤོར་རིགས་གླེང་མི་ཆོག་པ་ཞིག་རྩ་བ་ཉིད་ནས་ཡོད་པ་མ་རེད།།

    Reply
  12. ལུང་རྟོགས། says:
    ལོ་ 12 སྔོན།

    མངའ་རིས་འོད་ཟེར་ཟེར་བ་འདིས་ངོ་ཚ་མེད་པའི་སྐད་ཆ་བཤད་ཀྱི་འདུག བློ་སེང་བཀའ་ཁྲིར་ཕེབས་པ་ནས་གཅིག་སྒྲིལ་བཟང་དུ་སོང་བ་ལས་སྡུག་དུ་སོང་བར་བཤད་མཁན་ཁྱོད་རང་མ་གཏོགས་སུ་ཡང་མཐོང་མ་སོང་། གལ་ཏེ་སྡུག་ཏུ་སོང་ཡོད་ན་ཤར་ཁུག་སོགས་བཀྲས་མཐོང་གི་རྒྱབ་སྐྱོར་བ་ཡིན་ཟེར་མཁན་འགའ་རེས་བཀྲས་མཐོང་ལ་འོས་མ་ཐོབ་པའི་མཁོན་འཛིན་བཅང་ནས། སོ་སོའི་དབུ་ཁྲིད་ལ་གུས་བཀུར་མ་བྱས་པར་གཞི་མེད་སྐྱོན་བརྗོད་བྱས་པའི་རྐྱེན་གྱིས་རེད། བོད་རྒྱ་འབྲེལ་མོལ་ནི་བློ་སེང་བཀའ་ཁྲིར་མ་ཕེབས་སྔོན་ནས་ཆད་ཟིན་པ་རེད། གལ་ཁྱོད་རང་གིས་བཤད་པ་ལྟར་བཀྲས་མཐོང་བསྟན་རྣམ་གྱིས་བློ་སེང་ལ་རྒྱབ་སྐྱོར་མ་བྱས་པར་བོད་དོན་ལ་འཐུས་ཤོར་སོང་ཡོད་ན་དེ་ནི་བསྟན་རྣམ་གྱི་སྐྱོན་ཡིན་པ་ལས་བློ་སེང་གི་སྐྱོན་མ་རེད། ཨ་མདོའི་བཀའ་བློན་མ་གདམ་པར་ཤར་ཁུག་གིས་སྲིད་སྐྱོང་ལ་སྐྱོན་བརྗོད་བྱས་ཡོད་ན་དེའི་སྟེང་ནས་ཤར་ཁུག་གིས་བོད་སྤྱི་པའི་རྩ་དོན་ལས་ལུང་ཚན་གྱི་ཞེན་ཁོག་གལ་ཆེར་བརྩི་ཡི་ཡོད་པ་གསལ་སྟོན་བྱས་པ་རེད།

    Reply
  13. འཇམ་གཅེས ། says:
    ལོ་ 12 སྔོན།

    མངའ་རིས་འོད་ཟེར་ལགས། ཁྱེད་ཀྱིས་བསམ་ཚུལ་དེ་ནི་ཕྱོགས་རིས་གདོན་གྱི་སྨྱོས་ཟིན་པས་མི་བུ་དག་དང་། གཞིས་མེད་སྐྱོན་འཛུགས་ལ་དགའ་བས་མི་བུ་ཐལ་ཤལ་བ་ཉུང་ཤས་དང་། དོལ་ཚོགས་ཀྱི་རྗེས་རྒྱུག་མཁན་དང་། ཕ་ཆུས་དང་ཕོར་ཆུས་བརྗེ་མཁན་གྱི་བསང་མྱུལ་བ་དག་གིས་བཤད་ཡམ་ཙམ་ལས་དོན་དངོས་ཐོག་ཁྱེད་ཀྱིས་ཉོག་བཤད་དག་བདེནམིན་གཟུར་གནས་ཀུན་གྱི་གཟིགས་ཀྱི་ཡོད་པ་རེད། སྙིང་རྗེས་ཡུལ་དུ་གྱུར་པའི་མི་ངན་ཁྱོད་ཚོས་གང་བཤད་ཀྱང་གྲུབ་འབྲས་ནི་རང་གི་དེ་ཉིད་སྤྱི་ཚོགས་ཀྱི་མིག་སྔར་བཤམས་པ་ཙམ་ལས་གང་ཡང་མི་ཡོང་ངོ་་་་་་་

    Reply
  14. མངའ་རིས་འོད་ཟེར། says:
    ལོ་ 12 སྔོན།

    ང་ལ་མང་པོ་བཤད་རྒྱུ་མེད། བློ་སེང་ལ་བཀའ་ཁྲི་ཐོབ་ནས་བཟུང་བོད་མིའི་ཆིག་སྒྲིལ་ཇེ་སྡུག་ཏུ་ཕྱིན་སོང། ཇེ་སྡུག་ཏུ་ཅི་ལྟར་འགྲོ་ཡི་འདུག་ལབ་ན། དཔེར་ན་དྲ་རྒྱ་ཁག་ཏུ་རྩོད་པ་རྒྱག་དུས་ལུང་ཚན་གྱི་ཞེན་ཁོག་གིས་གནས་ལུགས་ལ་མི་ལྟ་བར་མི་ལ་དམའ་འབེབས་བྱེད་པའི་ལུགས་སྲོལ་ཞིག་དར་སོང། གནས་སྟངས་དེ་གཤམ་གྱི་མཆན་འདི་ཚོའི་ནང་དུའང་བྱུང་འདུག གཉིས་པ་དེ་བློ་སེང་གིས་བཀྲས་མཐོང་གི་ཕྱོགས་ལ་སྡང་གཟུགས་སྟོན་རྒྱུ་མང་དྲགས་སོང། ཁོང་ཉིད་སྐྱོན་ཡོ་བསྲང་བྱེད་མཁན་ཞིག་མིན་པར་འགེབས་སྲུང་བྱེད་མཁན་ཞིག་གི་གཤིས་ཀ་ཡོད་སྟབས། འགལ་ཟླ་དེ་ཆེ་རུ་ཆེ་རུ་སོང་ཡོད་པ་མ་ཟད། རྒྱ་རི་བློ་རྒྱན། བཀྲས་མཐོང་བསྟན་རྣམ་སོགས་ཆེན་པོ་ཚོས་བློ་སེང་ལ་རྒྱབ་སྐྱོར་གང་ཡང་མ་བྱས་པས་འབྲེལ་མོལ་སོགས་རྦད་དེ་ཆད་སོང་བ་རེད།

    གསུམ་པ་དེ་ཨ་མདོའི་བཀའ་བློན་མ་འདེམས་པ་དེས་འགལ་བ་ཆེན་པོ་ཞིག་བསླངས་སོང། དེའི་སྐྱོན་འདོན་མཁན་ཤར་ཁུག་སོགས་ལ་མཐའ་གཅིག་ཏུ་ཁ་གཏད་བཅག་སོང། དེ་དག་གི་ཆ་ནས་ང་ཚོའི་མཐུན་སྒྲིལ་ལ་གནོད་ཀྱི་འདུག བློ་སེང་གིས་ཆིག་སྒྲིལ་སྐྱོ་རུ་བཏང་ཡོད་པ་གསལ་བོ་རེད། ད་དུང་ཕྱི་རྒྱལ་ཁག་ནས་གླེན་རྟགས་མང་པོ་འདུག་མོད། ད་བཤད་ཀི་མིན།།

    Reply
  15. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    སྲིད་འགན་རྩིས་སྤྲོད་བདེ་བླག་ངང་ལམ་དུ་ལྷོང་རྒྱུར་བློ་སེང་རྩ་གཟུགས་ཙམ་ལས་མི་ཉན་ཡང་དེར་བསྟོད་དགོས། བསྟོད་དགོས་པའི་རྒྱུ་མཚན་གྱི་འབབ་ས་སྤྱིར་སྒྲིག་འཛུགས་རང་ལ་བཟོ་ལྟ་ཞིག་དང་ཆེ་མཐོང་ཞིག་སླེབས་དགོས་པར་ངེད་ནས་བསམས་ཤེས་ཡོངས་སུ་ཐུབ་ཀྱི་འདུག བསམ་ཤེས་ཐུབ་པའི་གནས་ཚུལ་འདི་གོང་དུ་ཞུས་ཚར་བ་རེད།

    ཡིན་ནའང། དོན་དག་གཙོ་བོའམ་རྩོད་གཞི་ངས་བཤད་པའི་ཡིག་རྨོངས་ཞེས་པ་དེ་རྒྱུ་མཚན་གྱི་གཏན་ཚིགས་དེ་ཙམ་གྱིས་མཁས་པ་མཐའ་དག་མགུ་བ་བསྐྱེད་མི་ཐུབ་པ་དངོས་བདེན་རང་རེད། དེའི་ཆ་ནས་དེ་ལ་ནམ་ཞིག་དགག་གཞག་ཚད་ལྡན་གྱི་ཐལ་སྐད་བསྒྲགས་ཚེ་དེ་མཐུན་གྱི་ལན་འདེབས་རིགས་པ་དང་མཐུན་པ་བྱེད་ངེས་ཡིན།

    གཞན་དུ། སྒེར་ནད་ཟེར་བ་འདི་སྤྱི་ཚོགས་ཀྱིས་བློ་སེང་དང་ངེད་གཉིས་བར་ལ་ཡོད་པར་མཐའ་གཅིག་ཏུ་ངོས་འཛིན་བྱེད་ཀྱི་རེད། ངོས་འཛིན་དེ་གཞི་རྩ་མེད་པ་ཁྱོན་ནས་མ་རེད། གང་ཡིན་ཞེ་ན། ང་དང་བློ་སེང་གི་རྙོག་གླེང་དེ་བཀའ་ཤག་ལྷན་རྒྱས་གྲོས་བསྡུར་ལྷུག་ལྷུག་ཅིག་བྱུང་ས་མ་སོང་བར་བྱུང་བའི་ལོ་གཉིས་ཙམ་ཡར་སྔོན་གྱི་འདས་དོན་ཞིག་རེད། དངོས་གནས་བྱས་ན་ཉི་མ་དེ་རིང་ཁྱེད་ཀྱིས་གསུངས་པ་ལྟར་བོད་མི་ཚོས་ཡིད་ཆེས་བློས་འགལ་བྱེད་སའི་མི་ཞིག་ཡིན་ན། སྒེར་ནད་ངོ་མ་སུས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་མེད་ཀྱིས་ཡིད་ཆེས་རུང་མིན་གྲོགས་འཇམ་གཅེས་ཀྱིས་མཁྱེན་ངེས་ཡིན། བཤད་འདོད་ཞེ་དྲག་མི་འདུག་སྟེ། ང་ཤར་ཕྱོགས་ཁུག་རྟའི་འཕྲིན་ལས་ཀྱི་བགྱི་སྒོ་མཐའ་དག་ལ་ལོ་གཉིས་སྔོན་གྱི་འདས་དོན་དེ་དང་འབྲེལ་ནས་སྲིད་སྐྱོང་གིས་ཅི་བྱས་བརྗོད་ན་ཧ་ལས་ཤིང་ཡ་མཚན་པ་ཞིག་ཡིན། ངས་སྐུ་ངོ་བཀྲས་མཐོང་ལ་རྒྱབ་སྐྱོར་བྱས་པ་དེ་རྒྱུད་སྐུལ་སོགས་གང་ཡང་མིན་ཀྱང། རྣམ་རྟོག་དེས་བཀའ་ཤག་ལྷན་རྒྱས་མང་ཆེ་བ་བཀའ་མོལ་གནང་ས་མེད་པ་བཟོས་པ་ངས་ཚང་མར་ཕྱི་གསལ་ནང་གསལ་གྱིས་ཞུས་ཡོད། རྙོག་གླེང་དེའི་རིགས་ལ་ཞིབ་འཇུག་བྱེད་མཁན་ཚང་མར་ཁ་གསལ་གཏིང་གསལ་གྱིས་ལན་བཏབས་ཡོད། སོང་ཙང། ཁྱོན་ཡོངས་ནས་རང་གཞན་ཕྱོགས་ཚང་མྱང་ཞིབ་མཐར་ཕྱིན་པ་ཞིག་བྱས་པ་ཡིན་ན། མིང་ཆེན་པོ་ཅན་གྱི་སྲིད་སྐྱོང་དང།། མི་ཆུང་ཆུང་ཤར་ཕྱོགས་ཁུག་རྟ་གཉིས།། སུས་སྒེར་འཁོན་བཟུང་སྟེ་བྱབ་ཆུང་གི། ལས་བྱས་མིན་གསལ་ལེར་རྟོགས་ངེས་ཡིན།།

    དེ་ཙམ་ཞུ་བཅས་སྡོམ་དུ།།

    Reply
  16. བཙན་པོའི་བུ། says:
    ལོ་ 12 སྔོན།

    ཤར་ཁུག་མིང་ཅན་འདི་ང་ཚོའི་སྤྱི་ཚོགས་ཀྱི་དཀྲུག་ཤིང་གི་གཏེ་བོ་ཞིག་རེད། དེ་སྔོན་སྲིད་སྐྱོང་གི་ཁོ་པའི་ལྟོ་ཕོར་བཅགས་པ་ནས་བཟུང་གནས་ལུགས་དང་རྒྱུ་མཚན་ལ་་མ་ལྟོས་པར་སྲིད་སྐྱོང་ལ་སྐྱོན་འཛུགས་ཁོ་ན་བྱས་དང་བྱེད་བཞིན་པ་རེད། ད་དུང་ཁོས་གཤམ་གྱི་མཆན་དེར་འུད་གཏམ་མི་ཉུང་བ་ཞིག་བཤད་པ་ནི་་་་་ ཁོང་གིས་བྲིས་པའི་འབུམ་རམས་པའི་ཆེད་རྩོམ་ཨིན་ཡིག་གི་གནས་ཚད། རྩོམ་གྱི་རང་རྩལ་སོགས་སྲིད་སྐྱོང་མ་བྱས་གོང་ཞེ་དྲག་གོ་རྒྱུ་མེད་པ་ཞིག་རེད། ་་་་་ཧ་ཧ་ངོ་མ་དགད་མོ་ཤོར་གིས། ཁྱོད་རང་ལ་ཨིན་ཡིག་གི་རྩོམ་ཡིག་དང་རྩོམ་གྱི་རང་རྩལ་སོགས་བལྟ་བར་ཨིན་ཡིག་གི་གནས་ཚད་ཅི་ཙམ་ཡོད། གྲོགས་པོ་འུར་གཏམ་མ་ཤོད། ཨིན་ཡིག་ཅི་གང་མི་ཤེས་མཁན་ཞིག་གི་གཞན་གྱི་ཨིན་ཡིག་གི་གནས་ཚད་དང་། རྩོམ་རྩལ་ཇི་ལྟར་རྟོགས། ད་ཁྱོད་རང་རྒྱའི་གཞུང་ཚབ་ཀྱི་མདུན་དུ་དམར་པོའི་དར་ཆ་དེ་ཁྱེར་ནས་ཕྱིན་ན་ཡག་ཤོས་རེད།

    Reply
  17. ལུང་རྟོགས། says:
    ལོ་ 12 སྔོན།

    ཤར་ཁུག་གི་དམིག་ཡུལ་གསལ་པོ་རེད། སྲིད་སྐྱོང་ནི་གཞུང་གི་དབུ་ཁྲིད་མཐོ་ཤོས་དང་འཇོན་ཤོས་རེད། དོན་གྲུབ་ལྷ་དར་ནི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཤོས་གཞོན་ལྷན་གྱི་ཚོགས་གཞོན་དང་འཇོན་ཐང་ཆེ་ཤོས་རེད། འདི་གཉིས་ནག་པོ་བཟོ་ཐུབ་སོང་ན་ཤར་ཁུག་གི་ལས་དོན་འགྲུབ་སོང་བ་རེད། བཀྲ་ཤིས་འཇིགས་མེད་ཅེས་པ་འདི་ཡང་ཤར་ཁུག་གི་སྤྲུལ་པ་མིན་ན་ཁྱི་རྔ་ཞིག་ཡིན་པ་ཐག་གི་ཆོད། གང་ལྟར་མི་འདི་ཚོ་ལ་ང་ཚོས་དོག་ཟོན་བྱས་ན་འགྲིག་པ་རེད།

    Reply
  18. འཇམ་གཅེས ། says:
    ལོ་ 12 སྔོན།

    རེད་ཡ་དྲ་གྲོགས་ཤར་ཁུགས་ལགས། ཁྱེད་ཀྱིས་བཤད་པ་བཞིན་ང་རང་གཉིས་ཀྱི་བར་དུ་མཐུན་པའི་ཆ་གང་ཙམ་ཡོད་སྲིད་པའི་རྒྱུ་མཚན་དུ་བྱས་ཏེ་གནས་ལུགས་ལ་མཁྱོག་བཤད་དང་། བཟང་སྤྱོད་ལ་སྣང་མེད། སྒེར་ནད་ཁོག་བཅངས། འགན་ཁུར་མེད་པའི་འུར་ཤོད་སོགས་ནི་ངས་མི་འདོད་པའི་མི་བུ་ཐལ་ཤལ་གཅིག་གི་བྱ་སྤྱོད་ལ་ངོས་འཛིན་ཞུ་གི་ཡོད། དེའི་ཕྱིར་ངས་ཁྱོད་ཀྱིས་གང་བཤད་ཐམ་ཅད་ལ་ལེགས་སོ་ཟེར་མི་ཐུབ་ངོ་མ་རེད། ཁྱོད་ཀྱིས་འགྲེལ་བཤད་མང་པོར་རྒྱག་དགོས་དོན་གང་ཡང་མི་འདུག ང་ཡང་མཁས་པ་དང་ཉམ་མྱོང་ཅན་ཞིག་མིན་ཡང་བོད་ཡིག་ཀྱི་མིང་ཚིག་མི་ཉུང་པ་ཞིག་ལ་རྒྱུས་མངའ་ཏོག་ཙམ་ཡོད།

    བླུན་པོ་དང་རྨོངས་པ་ཟེར་བས་ཚིག་འདི་དག་ནི་ཆེས་མི་བུ་ཐལ་ཤལ་འམ་དམའ་རིམ་མི་སྣ་ལ་སྤྱོད་སྲོལ་ཡོད་པ་ཞིག་རེད། མདོར་བསྡུས་ན་བཤད་ན་བོད་ཕྱི་ནང་གཉིས་དང་ལྷག་པར་དུ་ཡང་གཞིས་་ལུས་མི་མང་གིས་བསམ་པའི་གཙོ་འཛིན་གཉིས་པ་ལྟ་བུ་ཞིག་ལ་ངོས་འཛིན་དང་གུས་བཀུར་ཞུ་ཡུལ་བོད་མིའི་དབུ་ཁྲིད་ཞིག་ལ་མ་རངས་པའི་ཚིག་ངན་འཕེན་པ་ནི་སྤྱི་པའི་རྩ་དོན་ལ་ཕན་ལས་གནོད་་ཞི་ཆེ་བ་ཡིན་པར་ཤེས་བཞིན་དུ་ཁྱད་གསོད་དང། ཐུག་པ་ཚྭ་ཁུ་གཅིག་བཀོལ་བ་མ་ཡིན་ནམ། སྤྱི་དེ་སྔར་འདས་ཟིན་པའི་བཙན་བྱོལ་བོད་མིའི་མཐོ་རིམ་མི་སྣ་ཚོས་ནང་དུ་དང་ལྷག་པར་དུ་བཀའ་བློན་ཚོས་ནང་དུ་བོད་ཀྱི་སྐད་ཡིག རིག་གནས། བྱུང་རབས། ལེགས་བྱང་དང་བཅས་པར་ཆེས་ཕུལ་དུ་ཕྱིན་པའི་མཁས་དབང་ཅན་ཉག་གཅིག་བྱུང་བ་ཡིན་ནམ།

    བློ་གཟུར་བོ་གནས་པའི་ལན་གཅིག་ཡོད་དམ། མེད་ན་ཁྱེད་ཀྱི་ད་ལྟའི་ལས་ཐོག་སྲིད་སྐྱོང་ལ་དམིགས་སུ་བསྒར་དགོས་དོན་གང་ལ་ཐུག་སོང་བ་རེད། ངས་བསམ་ཚོད་ལྟར་བྱས་ན་ད་ལྟའི་སྲིད་སྐྱོང་མཆོག་ལ་བོད་ཡིག་ཀྱི་ཤེས་ཚད་ཡང་འགྲིག་ངེས་ཞེས་པ་མཐོང་གྱི་ཡོད། གལ་སྲིད་བོད་ཡིག་ཐོག་བྱང་་ཆུབ་པའི་མཁས་དབང་ཞིག་ཡིན་ན་ཡང་ཆབ་སྲིད་དང་། རྣམ་དཔྱོད། ལྷག་བསམ་སོགས་ཀྱི་མ་འདང་ན་དགེ་མཚན་གང་ཡང་མཐོང་གྱི་མེད། བོད་མི་སྲིད་སྐྱོང་གིས་བོད་ཡིག་སློབ་ཁྲིད་འདྲ་བཟོ་དགོས་ན་ངོ་བོད་ཡིག་རང་རྐྱ་འཕེལ་ངེས་ཞིག་ལོས་དགོས། དེ་མིན་སྤྱི་ལ་གནོད་གཞིར་ཅན་གྱི་སྒེར་ནད་དེ་དག་སྤྱི་ཚོགས་ནང་དུ་སྤུངས་པ་ནི་ཕྱོགས་ཀུན་ལ་རྨོངད་པའི་སྤྱོད་ཚུལ་ཞིག་ཡིན་པས་ན་རེ་ཞིག་སྨ་བ་ཉུང་ན་མི་མཛེས་སམ།

    མདོར་བསྡུས་ནས་བཤད་ན་བོད་མིའི་སྲིད་སྐྱོང་དང་ཁྱེད་གཉིས་པོར་གཞིས་བྱེས་བོད་མིའི་ཁྲོད་དུ་སུ་ལ་རིན་ཐང་དང་ཡིད་ཆེས་ཆེ་བ་འདུག་གམ། ཁྱོད་ལྟར་ན་བོད་ཡིག་ནི་སྲིད་སྐྱོང་ལས་ཁྱོད་རང་ཡག་པ་རེད། ཕལ་ཆེར་རྣམ་དཔྱོད་དང་། ཤེས་ཡོན། ལྷག་བསམ་སོགས་ཕྱོགས་གང་གི་ཆ་ནས་ཁྱོད་རང་ཡག་པར་དོན་གྱི་ཁས་བླངས་པ་ནི་ངས་བཤད་ག་ལ་དགོས།
    དེའི་ཕྱིར་ཁྱོད་རང་སྔོན་མར་བཀའ་ཁྲིའི་འོས་གཞིར་ནང་འགྲན་ཞུགས་བྱས་ཡོད་ཚེ་ཕལ་ཆེར་ད་ལྟའི་སྲིད་སྐྱོང་གིས་གོ་གནས་དེ་ཁྱོད་ལ་ཐོབས་ཡོད་སྲིད་པ་རེད་ལ་དེར་བརྟེན་ཁྱོད་ལ་སྲིད་སྐྱོང་ཤར་ཁུག་མཆོག་ཞེས་འབོད་གྱི་ཡོད་ངེས་རེད། གོང་གསལ་རྒྱུ་མཚན་དེ་དག་ལ་བསམ་བློ་ཡང་བསྐྱར་གཏོང་སྟེ་ངོ་གདོང་གི་ལྕགས་འབག་འཐུག་པོ་དེ་ཕུད་ན་མི་མཛེས་སམ་་་་་་་་་་་ད་དུང་ཁྱོད་ཀྱིས་གོང་གསལ་མཆན་ཉོག་དེའི་ནང་དུ་སྐྱེས་བུ་དམ་པ་ཚོས་ལེད་མོ་འདྲ་བྱས་ནས་རང་ཉིད་ཁེང་སྐྱུང་པའི་སྣམ་པ་སྟོན་ཁུལ་བྱས་འདུག་མོད། དོན་དངོས་སོ་སོར་ཞེ་ས་དེ་དག་ནི་དགོད་མོ་ཤོར་དགོས་པ་ཞིག་མི་འདུག་གམ་་་་་་་་་་་

    Reply
  19. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    ད་དུང་༸གོང་ས་མཆོག་གིས་དེང་རབས་ཀྱི་ཤེས་ཡོན་ཐད་ཚད་ལོངས་པ་ཡིན་གསུངས་ཀྱི་འདུག ངས་བཀའ་དེ་ངོས་ལེན་གནང་ཐུབ་ཀྱི་མི་འདུག བློ་སེང་ལ་དེང་རབས་ཤེས་ཡོན་གྱི་གནས་ཚད་ཡོད་མེད་ཁྱོན་ཡོངས་ནས་བཤད་མི་ཐུབ་ཀྱང། ཁོང་གིས་བྲིས་པའི་འབུམ་རམས་པའི་ཆེད་རྩོམ་ཨིན་ཡིག་གི་གནས་ཚད། རྩོམ་གྱི་རང་རྩལ་སོགས་སྲིད་སྐྱོང་མ་བྱས་གོང་ཞེ་དྲག་གོ་རྒྱུ་མེད་པ་ཞིག་རེད། ཆབ་སྲིད་བསྐྱར་ཞིབ་རྩོམ་སྒྲིག་པས་ཁོང་གི་འབུམ་རམས་པའི་རྩོམ་གྱི་གནས་ཚད་གླེང་བའི་དཔྱད་གཏམ་དེར་ཡོངས་སུ་བདེན་པ་རེད་ཟེར་མི་ཐུབ་ཀྱང། ཁོང་གི་འབུམ་རམས་པའི་རྩོམ་ཡིག་དེ་རྒྱལ་སྤྱིའི་ཚད་རིམ་དང་ཡང་ན་ཧ་ཝ་ཌའི་རྩོམ་རྩེ་གྲས་ནང་ཚུད་མེད་པ་གསལ་སྟོན་གནང་ཟིན་པ་ཞིག་རེད། དེའི་ཆ་ནས་ངས་༸གོང་ས་མཆོག་གིས་བཀའ་དེ་ལྟར་གནང་བ་དང་ཟམ་གདོང་རིན་པོ་ཆེས་དམ་འབུལ་གཏམ་བཤད་སྐབས་མཁས་དབང་ཞེས་མིང་གསོལ་བ་འདི་གཉིས་རིགས་པ་དང་རྒྱུ་མཚན་གྱི་ལམ་ནས་ཁས་ལེན་བྱེད་ཐུབ་མ་སོང། ངས་བཀའ་སློབ་འདི་དག་མི་མང་དང་སྤྱི་པའི་ཆེད་དུ་གནང་བ་ཤེས་ནའང། ང་རང་བོད་ཀྱི་ཡི་གེ་བ་འདས་གསོན་ཡོངས་ཀྱི་གྲལ་མཐའ་བ་རང་དོན་བློས་གཏོང་མཁན་ཞིག་ཡིན་དུས། བོད་ཀྱི་སྐད་ཡིག་རིག་གནས་དང་བཅས་པར་བཅངས་པའི་བརྩེ་ཞེན་དང་རྒྱུ་འབྲས་དྲང་བཞག་གི་ཆ་ནས་ས་ཁོངས་དེར་བློ་སེང་ལ་མཁས་པ་ཕར་ཞོག ཡིག་རྨོངས་ཞེས་པའི་མིང་འདི་ལས་ཐོགས་ཀྱི་མེད་པ་གསལ་སྟོན་གནང་བ་ཙམ་ཡིན་ལ། མ་འོངས་པར་ངས་བོད་ཀྱི་སྲིད་སྐྱོང་དག་གི་ཆ་རྐྱེན་ནང་བོད་ཀྱི་སྐད་ཡིག་རིག་གནས་བཅས་ཀྱི་ཤེས་ཚད་རང་རྐྱ་ཐུབ་པ་ཞིག་དགོས་རྒྱུར་མ་འཁོད་དུས་སེམས་ཁྲལ་ཆེན་པོ་འདུག་ལ། གལ་སྲིད་སྲིད་སྐྱོང་ལ་བོད་ཀྱི་ཤེས་རིག་དང་ཨིན་ཡིག་ཤེས་མཁན་ཞིག་ལས་གང་དགོས་གདམས་དགོས་ན་ང་ཚོས་མཐའ་གཅིག་ཏུ་སྔ་མ་དེ་འདེམས་དགོས་པ་རེད། བོད་ཀྱི་རིག་གནས་ཀྱི་ཞགས་རྩི་ཕྲན་བུ་ཞིག་མེད་དུས་ཤོག་རྐྱང་རླུང་འཁྱེར་བ་ནང་བཞིན་མ་རེད་དམ། ལོ་གཉིས་ལ་ཉེ་བའི་རིང་གསལ་བོར་མཐོང་གི་མི་འདུག་གམ། གནད་འགག་དེ་འདྲའི་ཆེད་དུ་ཡིན། དེ་རིང་དེ་ཙམ་བྱེད།།

    Reply
  20. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    གྲོགས་པོ་འཇམ་གཅེས་ངེད་གཉིས་དྲ་ཐོག་ནས་གནད་དོན་མང་པོའི་ཐོག་བློ་མཐུན་ཡིན། ལྷག་པར་དུ་དབུ་མའི་ལམ་དང། མཚན་སྨོད་ཞུ་བའི་རིགས་ལ་མཉམ་འཆོང་མཉམ་བསྐྱོད་ཡིན། དེ་ངེད་གཉིས་ལས་རེད། སྦྱངས་པའི་འབྲས་བུ་རེད།

    གཞན་སྲིད་སྐྱོང་བློ་སེང་ལ་ཡིག་རྨོངས་འབོད་དོན་༼ བོད་ཀྱི་སྐད་ཡིག རིག་གནས། བྱུང་རབས། ལེགས་བྱང་དང་བཅས་པར་རྨོངས་པས་ན་ལོ་རྒྱུས་ནང་གི་སྲིད་སྐྱོང་ཡིག་རྨོངས་པ་དང་པོ་ཞེས་༽ངས་གསལ་འགྲེལ་ནམ་ལངས་ཉི་ཤར་ལྟར་བསྐྱོན་ཡོད།

    གནད་དོན་འདིའི་ཐད་ངེད་སྤུན་གཉིས་མ་མཐུན་ན་དེ་ཆོག་གི་རེད། ཡིན་ནའང། མི་མཐུན་ས་དེ་རྩོད་སྐབས་སུ་ལ་རྒྱུ་མཚན་འདུག་མི་འདུག་ལྟ་རྒྱུ་གལ་ཆེན་རེད། མང་བཀུར་སྲིད་སྐྱོང་མ་རེད་ལབ་ཀྱི་མེད། སྲིད་སྐྱོང་ཡིན་པའི་གུས་བརྩི་ཡོད། ཡིན་ནའང་ཡིག་རྨོངས་ཡིན་པ་དང་ཐ་ན་བོད་ཡིག་ཡག་པོ་ཞིག་ཀྱང་ཀློག་མི་ཤེས་པ་འགེབས་ཐུབ་མེད། རྩ་བ་ནས་ཡོད་པ་མ་རེད། གལ་སྲིད་སྲིད་སྐྱོང་འདིའི་མིག་གཅིག་ལོང་པ་ཡིན་ན། ངས་ལོང་པ་རེད་ལབ་ཀྱི་རེད། མཚམས་རེར་ཞ་ར་ལབ་ཀྱི་རེད། དེས་སྲིད་སྐྱོང་ལ་གུས་བཀུར་མེད་པ་མཚོན་གྱི་མེད། གུས་བཀུར་བྱེད་སྟངས་མིག་ལྡན་རེད་ལབ་ནས་རྫུན་བཤད་མངོན་སུམ་ལ་བསྙོན་ན་མི་རྣམས་གད་མོ་ཤོར་གྱི་རེད། བཀའ་དང་འགལ་གྱི་རེད། དེའི་ཆ་ནས་གསལ་བོ་དག་པོ་ཁ་ཞེ་གཉིས་མེད་ཀྱིས་ག་རེ་ཡིན་པ་དེ་རེད། མིན་པ་དེ་མ་རེད་ཅེས་ངས་མ་ཤི་བར་དུ་ལབ་རྒྱུ་རེད། དེ་དོན་ཐུགས་འཇགས་ཞུ།།

    Reply
  21. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    ཧཧཧཧཧཧ

    རྒྱུན་ལྡན་དོན་གཅོད་ཀྱི་རྒྱབ་གཉེར་རྒྱུན་ལྡན་ལྟར་ཐོངས་ཆེན་ཞུ་རུ་འགྲོ་དུས་མི་འཁྱེར་དོན་ག་རེ་ཡིན་ནམ། རྒྱུན་ལྡན་ལྟར་འཁྱེར་དགོས་ལ་སྤྲོད་ཀྱི་ཡོད་པའི་ཡི་གེ་ཞིག་ལ་དང་པོར་ངོས་ལེན་མ་བྱས་པ། རྗེས་སུ་ངོས་ལེན་བྱེད་དགོས་དོན་ག་རེ་རེད་དམ། ཡང་ན་རྒྱུན་ལྡན་ལྟར་དོན་གཅོད་ཀྱི་རྒྱབ་གཉེརདང་པོ་ནས་འཁྱེར་ནས་མི་འགྲོ་དོན་ག་རེ་ཡིན་ནམ། འདི་ཚོར་གསལ་བོ་མེད་སྟབས། ཧམ་པ་སུས་བཤད་ཀྱི་ཡོད་མེད་གསལ་བོ་མ་རེད་དམ། ཡང་ན་རྒྱུན་ལྡན་རྒྱབ་གཉེར་དེ་དང་པོར་དོན་གཅོད་སྐུ་ངོས་གནང་མ་སོང་ངམ། རྗེས་སུ་ཅི་ལྟར་གནང་སོང། རྒྱུན་ལྡན་རྒྱབ་གཉེར་དང་པོར་འཁྱེར་ཡོད་དམ་མེད། མེད་ན་མི་འཁྱེར་དོན་ག་རེ་ཡིན་ནམ། ཡོད་ན་དང་པོར་ངོས་ལེན་མེད་པར་ཕྱིར་སློག་ཟིན་པ་ཞིག་ལ། རྗེས་སུ་ཅི་ལྟར་ངོས་ལེན་གནང་བ་རེད་དམ། འདི་རྣམས་ལ་གསལ་བཤད་གནང་ཐུབ་བམ། ཧཧཧཧཧཧ ལན་མེད་ན་མཐའ་དོན་མཐའ་དོན་ཞེས་འདར་སུག་སུག་གནང་དགོས་ཀྱི་མ་རེད་ལགས།། དབུས་རྒྱུན་གཞན་ཚོ་དགོངས་དག ཧཧཧཧཧ

    Reply
  22. འཇམ་གཅེས ། says:
    ལོ་ 12 སྔོན།

    ཤར་ཁུགས་ལགས། ཁྱེད་རང་བོ་མིའི་སྤྱི་ཚོགས་ནང་ནས་གཅིག་བྱེད་མཁན་ཟེར་ནས་ག་དུས་ཡིན་ཡང་མདུན་དུ་དོན་གྱི་ཡོད་པ་རེད། ཡིན་ཡང་དང་ཐོག་རང་ཉིད་རང་གིས་ངོ་ཤེས་པ་བྱས་ན་མི་བཟང་ངམ། ངས་རྒྱུན་རིང་མོ་ཞིག་ལ་ཁྱོད་ཀྱིས་བྲིས་པའི་དཔྱད་རྩོམ་དག་ལ་བལྟས་ཡོད། ཡིན་ཡང་ཁྱེད་རང་བློ་གཟུར་བོར་གནས་པའི་མི་ཞིག་མིན་མར་ངེས་པ་གསལ་པོ་ཤེས་ཀྱིན་འདུག དེའི་ཕྱིར་ངས་དེ་རིང་ཁྱོད་ལ་གནས་ཚུལ་རེ་ཟུང་ཐོག་ནས་གསལ་བཤད་བྱེད་སྙིང་འདོད་སོང་། དང་པོ་ཁྱེད་རང་བོད་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་ཡོད་མཁན་གྱི་མི་བུ་ཞིག་འདོད་ན་་་་རང་དཔོན་ཁྱི་རྔ་ཡིན་ཡང་སྐེ་ལ་གྱོན་དགོས་ཟེར་བས་དཔེར་ཞིག་ཡོད་པ་རེད།

    གཉིས་པ་ཁྱོད་རང་རྣམ་དཔྱོད་ལྡན་པའི་མི་བུ་ཞིག་ཡིན་ན། ༸གོང་ས་ཡིད་བཞིན་ནོར་བུའི་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་ཞེས་གསུངས་པ་དང་བསྒྲགས་ཏེ་སྐུ་དབང་ཡོངས་རྗོགས་གནང་སའི་བོད་མིའི་མང་ཚོགས་ཀྱི་མང་མོས་འོས་འདེམས་ལམ་ནས་འདེམས་ཐོན་བྱུང་བས་འབུམ་རམ་པའི་མཚན་གནས་ལྡན་མཁན་གྱི་སྲིད་སྐྱོངས་མཆོག་ལ་ཡིག་རྨོངས་ཞེས་འབོད་ཚེར། འབོད་མཁན་ངོ་མི་ཚ་ན་ཡང་ཉན་མཁན་ངོ་ཚ་བའི་ནས་ཡིན་པར་མ་ཤེས་པ་ནི་ཁྱེད་རང་བླུན་རྨོངས་ཅན་ཞིག་ཡིན་པར་དོན་གྱི་གྲུབས་ཟིན་པར་བསྒྲུབས་དགོས་པ་གང་ཡང་མི་འདུག སྤྱིར་བོད་ཡིག་མ་ཤེས་པའི་རྒྱུ་མཚན་གྱི་ཡིག་རྨོངས་སུ་ངོས་འཛིན་གྱི་ཡོད་ན་ཁྱེད་ཉིད་རིག་པ་ཞ་ར་ཆགས་པའི་མངོན་རྟགས་མ་ཡིན་ནམ་་་་་་་་

    Reply
  23. དོན་གྲུབ་ལྷ་དར། says:
    ལོ་ 12 སྔོན།

    ཤར་ཁུག་མིང་ཅན་ལ་ཟློ་བ།
    ཐོངས་མཆན་ཐད་དེ་སྔོན་བཤད་ཟིན་ལྟར། སྲིད་སྐྱོང་གི་ཤོག་ལྷེ་དང་ཡིག་འབྲུ་གཅིག་མེད་པར། རྒྱུན་ལྡན་དོན་གཅོད་ཀྱི་རྒྱབ་གཉེར་ལས་མེད་པ་དོན་དངོས་ཡིན་པ་ལས། ཧམ་བཤད་ཏིལ་འབྲུ་ཙམ་མེད། དེ་སྔོན་ཁྱོད་ལ་བཤད་ཟིན་ལྟར་ཁུངས་སྐྱེལ་ཡོད་ན་ཡིག་ཐོག་ལ་དགོས་པ་ལས། དེ་མིན་ཁྱེད་རང་གིས་བསྙོན་འཛུགས་དཀྲུགས་ཡིན་པ་ཁྲིམས་གཏུགས་མི་དགོས་པར།་ཁྱེད་ཀྱིས་ཁུངས་སྐྱེལ་མེད་པ་ནས་གསལ་པོར་ཆགས་ཟིན་་་་་དེ་བཞིན་ཡིག་ཐོག་ནས་དཔང་རྟགས་ར་སྤྲོད་མེད་པའི་ཁྱོད་ཀྱི་འཆལ་གཏམ་གྱི་དཀྲུག་ཤིང་འདི་རིགས་ལ་ད་ནས་ལན་འདེབས་གསལ་བཤད་ཕར་ཟད། བལྟ་ཀློག་ཙམ་ཡང་མི་བྱེད་པ་གསལ་བརྗོད་བྱེད་ཀྱི་ཡོད

    Reply
  24. ཨ་ཁུ་སྟོན་པ། says:
    ལོ་ 12 སྔོན།

    མི་ངན་ཤར་ཁུགས་ཁྱོད་རང་སྤྱི་ཚོགས་ནང་དཀྲུགས་ཤིང་ལས་འཆར་རིགས་མཚམས་འཇོགས་བྱས་ན་དགའ། དབུ་རང་གཉིས་བར་ཕུགསས་དཀྲུགས་ཟླ་དཀྲུགས་བྱེད་མཁན་ཁྱོད་རང་ཡིན།

    Reply
  25. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ལ་ཞུ་བ། ཧཧཧཧཧཧཧ སྐུ་ལྷོད་ལྷོད་གནང་རོགས། སྐུ་ཉིད་སྐུ་རླུང་མ་བཞེངས་ལྷོད་ལྷོད་གནང་རོགས། བོད་རྒྱལ་ཁབ་འཛུགས་མཁན་ཞིག་གིས། ང་བོད་ཀྱི་ཡི་གེ་བའི་གྲལ་མཐའ་བ་ཤར་ཕྱོགས་ཁུག་རྟའི་མཉམ་ཏུ་སྲིད་སྐྱོང་ཡིག་རྨོངས་ལགས་ནས་ཁྱེད་ལ་ཕྱི་ནང་གསུམ་ནས་རྒྱབ་གཉེར་གནང་མ་གནང་གྲོས་མོལ་གྱི་ལམ་ནས་གསལ་བོ་ཆགས་ཀྱི་རེད་བསམས། ཧཧཧཧཧཧ

    འོ་ན། ཁྱེད་ཨ་རི་གཞུང་ཚབ་ནས་ཕྱིར་སློག་པའི་གནས་ཚུལ་སྲིད་སྐྱོང་ཡིག་རྨོངས་པར་རྩ་ནས་ཞུས་མེད་དམ། ཧཧཧཧཧ

    Reply
  26. འཇམ་གཅེས ། says:
    ལོ་ 12 སྔོན།

    སྤྱིར་གོང་གསལ་རྩོམ་ཉོག་སྤེལ་མཁན་འདི་དག་གིས་དམིགས་ཡུལ་ངོ་མ་གང་ཡིན་ཤེས་དགོས་པར་སྣང་། མི་རིགས་ལ་ཞེན་ཁོག་ཡོད་མདོག་དང་་གཅིག་བྱེད་ཡ་ཡོད་མདོག་མདོག་གྱིས་འགན་ཁུར་གང་ཡང་མི་དགོས་པར་ནང་ཁུལ་ཕུང་དཀྲུགས་རྒྱག་རྒྱུའི་དམིགས་ཡུལ་ངེས་ཅན་བཅངས་བཞིན་པའི་སྣང་ཚུལ་ནི་དུས་ཀུན་ཏུ་བདག་ལ་ཡོད་མུར་ཡིན། ལྷག་པར་དུ་ཡང་བཀྲ་ཤིས་འགྱུར་མེད་ཟེར་མཁན་འདིས་སྲིད་སྐྱོང་ལ་ངན་སྨྲས་དང་གཞིར་མེད་སྐྱོན་འཛུགས་གང་མང་སྤེལ་འདུག་རུང་། དོན་དངོས་རིན་ཐང་ཏིལ་འབྲི་ཙམ་ཡང་མེད་པ་ནི་ཁོ་རང་གིས་ཉོག་གཏམ་ལས་གསལ་འདུག་པས་ན་ཡ་ལན་དགོས་གལ་གང་ཡང་མ་མཐོང་། གུས་པས་མཆན་གོང་མ་དེ་འདྲ་སྤེལ་དོན་ནི་ཁོ་པའི་རྩོམ་ཉོག་ལས་མ་ཡིན་པར་སྔོན་མ་ནས་སོ་སོས་བློ་ཡུལ་དུ་འཁོར་བ་ཞིག་བྲིས་པ་ཡིན་་་་་་་་་

    Reply
  27. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་ གཞོན་ནུའི་ཚོགས་མི་སྲིད་སྐྱོང་གི་གཟིམ་ཤག་ཏུ་མཚན་ཆུ་ཚོད་བཅུ་གཉིས་ལ་ཕྱིན་པའི་གནས་ཚུལ་དེ་དོན་དངོས་ཡིན་ན། འགྲོ་མཁན་མི་སུ་རེད། ཟླ་དུས་ཚེས་གྲངས་ག་དུས་ཕྱིན་པ་རེད། སུ་ཡིས་མཐོང་པ་རེད། དེ་ཚོ་ཚང་མ་གསལ་པོར་བརྗོད་ན་གཞི་ནས་དོན་དངོས་ཤིག་ཆགས་ངེས་རེད། དེ་མིན་སྐད་ཆ་དེ་རིགས་ཆོ་མེད་ལོང་གཏམ་ལས་གཞན་ཅི་ཡང་མ་རེད། ་་་་་་ཟེར།

    Reply
  28. འཇམ་གཅེས ། says:
    ལོ་ 12 སྔོན།

    ངོ་མ་བཤད་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་ནུས་ཤུགས་ལྡན་པའི་སྒོ་ནས་རང་བཙན་འཐབ་རྩོད་གནང་མཁན་གྱི་ཚོགས་པ་ཞིག་རེད་མོད། ཉེར་བའི་ལོ་ཤས་ནས་བཟུང་འཐབ་རྩོད་ཀྱི་མདུང་སོ་རྩེ་དེ་དགྲ་ཕྱོགས་སུ་མ་ཡིན་པར་བོད་མིའི་སྒྲིགས་འཛུག་ལ་བཞུས་ཀྱི་ཡོད་པའི་མི་མང་ལ་ཚོར་སྣང་ཡོང་བཞིན་པ་རེད། དཔེར་ན་༸གོང་ས་མཆོག་གི་དགོངས་གཞི་དང་མི་མཐུན་པའི་བྱ་བ་དང་གཏམ་བཤད་ཚོད་མེད་སྤེལ་བ་དང་། ད་དུང་མཁས་དབང་ཟམ་གདོང་རིན་པོ་ཆེ་གཙོས་པའི་བཀའ་དྲིན་ཅན་གྱི་མི་སྣར་དག་ལ་ངན་སྨྲས་དང་ཟུར་ཟ་སོགས་ཀྱིས་རྐྱེན་བྱས་ཏེ་རྒྱ་ཆེར་མང་ཚོགས་ཀྱི་ནང་དུ་གཞོན་ནུའི་བྱེད་སྟངས་ལ་མི་འདོད་པའི་རྣམ་འགྱུར་མང་པོ་ཐོན་བཞིན་པ་འདི་དག་ལས་གསལ་པོ་ཤེས་དགོས་པ་སྣང་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  29. དོན་གྲུབ་ལྷ་དར། says:
    ལོ་ 12 སྔོན།

    ཤར་ཁུག་མིང་ཅན་ལ་ཟློ་བ།
    ད་ནས་ཁྱེད་རང་ལྟ་བུའི་སྐབས་འཚོལ་བ་མྱོང་མེད་པ་ཐོག་མའི་གསལ་བརྗོད་དང།
    ཐོངས་མཆན་ཐད་དེ་སྔོན་བཤད་ཟིན་ལྟར། སྲིད་སྐྱོང་གི་ཤོག་ལྷེ་དང་ཡིག་འབྲུ་གཅིག་མེད་པར། རྒྱུན་ལྡན་དོན་གཅོད་ཀྱི་རྒྱབ་གཉེར་ལས་མེད་པ་དོན་དངོས་ཡིན་པ་ལས། ཧམ་བཤད་ཏིལ་འབྲུ་ཙམ་མེད། དེ་སྔོན་ཁྱོད་ལ་བཤད་ཟིན་ལྟར་ཁུངས་སྐྱེལ་ཡོད་ན་ཡིག་ཐོག་ལ་དགོས་པ་ལས། དེ་མིན་ཁྱེད་རང་གིས་བསྙོན་འཛུགས་དཀྲུགས་ཡིན་པ་ཁྲིམས་གཏུགས་མི་དགོས་པར།་ཁྱེད་ཀྱིས་ཁུངས་སྐྱེལ་མེད་པ་ནས་གསལ་པོར་ཆགས་ཟིན་་་་་དེ་བཞིན་ང་་་ད་ནས་ཡིག་ཐོག་ནས་དཔང་རྟགས་ར་སྤྲོད་མེད་པའི་ཁྱོད་ཀྱི་འཆལ་གཏམ་གྱི་དཀྲུག་ཤིང་འདི་རིགས་ལ་ད་ནས་ལན་འདེབས་གསལ་བཤད་ཕར་ཟད། བལྟ་ཀློག་ཙམ་ཡང་མི་བྱེད་པ་གསལ་སྟོན་བྱེད་ཀྱི་ཡོད

    Reply
  30. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    མཐའ་དོན་མང་ཡང་རྫོགས་རྒྱུ་མེད་པའི་དོན་གྲུབ་ལྷ་དར་ལགས་ལ་ད་ནི་བར་དོ་ངོ་སྤྲོད་འདྲ་བྱེད་དགོས་དོན་མི་འདུག་ལ། བྱས་ཀྱང་ཤེས་ཡོན་པའི་རང་ཉིད་ཀྱི་ལས་དོན་ལ་བསྐྱར་ཞིབ་བྱེད་ཕོད་པའི་བཟང་སྤྱོད་མེད་སྟབས་ཅི་ཕན། དེ་བཞིན་མང་པོ་བཤད་ན་ལོ་རྒྱུས་ཡོད་པའི་གཞོན་ནུའི་སྒྲིག་འཛུགས་ཀྱི་དེ་རིང་སང་ཉིན་གྱི་གནས་སྟངས་ནི་འགྱེལ་བའི་སྒང་ལ་རྡོག་རྫིས་ལྟ་བུར་ཆགས་ངེས་སྟབས། ཁོ་པའི་མཐའ་སྡོམ་གསལ་བཤད་དེར་རིག་པའི་ལམ་ནས་དྲི་བ་ཁ་ཤས་འདོན་འདོད་བྱུང།

    ༡ དོན་གྲུབ་ལྷ་དར་གྱི་གསལ་བཤད་བདེན་པ་ཡིན་ན་དང་པོར་ཐོངས་ཆེན་མ་སྤྲད་དོན་གསལ་བཤད་མི་གནང་དོན་ག་རེ་རེད།

    ༢ ཐོངས་ཆེན་ཞུ་སྐབས་སྤྱི་མཚུངས་རྒྱབ་གཉེར་གནང་གི་ཡོད་ན་དང་པོ་ནས་འཁྱེར་ནས་མི་འགྲོ་དོན་ག་རེ་ཡིན།

    ༣ ཨ་རི་གཞུང་ཚབ་ནས་ཐོངས་ཆེན་མ་སྤྲད་པར་ཕྱིར་སློག་མཚམས་བར་དུ་སྤྱི་མཚུངས་རྒྱབ་གཉེར་ཐུགས་དྲན་མ་སོས་དོན་ག་རེ་རེད།

    ༤ དོན་ལྷས་ཐུགས་དྲན་མ་སོས་ཀྱང་དབུས་རྒྱུན་གཞན་གྱིས་མ་དྲན་དོན་ག་རེ་རེད་དམ།

    ༥ སྲིད་སྐྱོང་གི་རྒྱབ་གཉེར་མེད་གནང་མེད་པའམ་དངོས་ཤུགས་གང་ནས་འབྲེལ་བ་མེད་ན་ཁྱེད་ཀྱིས་བསྐྱར་དུ་ཐོངས་ཆེན་ཞུ་སྐབས་ཀྱི་ཤོག་ལྷེ་གཅིག་ཀྱང་མ་སྦས་པར་རྒྱ་ཆེའི་མི་མང་ལ་སྟོན་ཐུབ་བམ།

    ༦ སྲིད་སྐྱོང་ལ་དངོས་ཤུགས་གང་དུའང་འབྲེལ་བ་མེད་ན་ཁྱེད་ཀྱིས་ང་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་སྲིད་སྐྱོང་གི་མཚན་ཐོངས་ལ་གནོད་པའི་ནག་ཉེས་འོག་ཁྲིམས་གཏུག་མི་བྱེད་དོན་ག་རེ་ཡིན་ནམ།

    ༧ ངས་མ་འོངས་པར་འདི་འདྲ་མི་ཡོང་ཆེད་རྒྱ་ཆེའི་མི་མང་ལ་རོབ་ཙམ་ཤེས་རྟོགས་བྱེད་འཇུག་གི་ཡོད་པ་ལས། ད་དུང་གསལ་རུ་བཏང་དགོས་ན་ང་འཇིགས་ཞུམ་ཐེ་ཚོམ་གང་ཡང་མེད།།

    ༨ ཨ་རི་ནས་༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེར་ཟུར་ཟ་བྱས་ཡོད་དམ་མེད། ཟུར་ཟ་བྱེད་སྐབས་སྐད་ཆེན་པོ་རྒྱབ་ཕྱག་རིང་གནམ་མཁར་འཕྱར་ཡོད་དམ་མེད།

    ༩ བློ་སེང་ཡིག་རྨོངས ༼ བོད་ཀྱི་སྐད་ཡིག་རིག་གནས་བྱུང་རབས་ལེགས་བྱང་དང་བཅས་པར་རྨོངས་པས་ན་བོད་ཀྱི་ལོ་རྒྱུས་ནང་གི་སྲིད་སྐྱོང་ཡིག་རྨོངས་དང་པོར་འབོད། གུས་བའི་མཆན། ༽པ་བསྟད་ནས་ཟམ་གདོང་རིན་པོ་ཆེར་སྨད་དོན་ཅི་ཞིག་ཡིན།

    ༡༠ བདེ་སྲུང་བཀའ་བློན་མཆོག་ནས་དོན་ལྷ་ཁྱེད་ཀྱིས་ཨ་རིར་དཀྲོགས་གཏམ་སྤེལ་བར་གསལ་བཤད་དང་ལན་འདེབས་གནང་བ། མི་མང་གི་དོགས་པ་གཙང་མ་བཟོས་པ་ཤེས་ཡོད་དམ།

    ༡༡ འོ་ན་ཚུར་སླེབས་རྗེས་མཇལ་ཁ་གནང་རྒྱུར་དཀའ་ངལ་བྱུང་མཚམས་གཞོན་ནུའི་དབུས་ནས་དོན་ལྷ་གཞོན་ནུའི་ལས་དོན་ཆེད་ཨ་རིར་སོང་བ་མིན་ཟེར་བ་དང་ཟེར་རྒྱུའི་གྲོས་མགོ་འདོན་དོན་ག་རེ་རེད།

    ༡༢ སྲིད་སྐྱོང་གི་ཤག་ཏུ་སོང་མེད་པའི་གསལ་བཤད་དུ་ང་རང་སོང་མེད་ཅེས་སོ་སོ་ཟུར་བཏོན་བྱེད་དགོས་དོན་ག་རེ་རེད། ཧཧཧཧཧ

    ༡༣ ཨ་རིའི་ས་གཞོན་གཙོས་བརྙན་འཕྲིན་དང་ཡིག་ངག་གཉིས་ནས་དབུས་ནས་མི་ཁ་ཤས་ཀྱི་ལས་དོན་བྱེད་སྟངས་འགྲིག་གི་མི་འདུག་ཅེས་སྐད་ཆེན་པོ་རྒྱག་དགོས་འཁེལ་བ་དེ་སུ་ལ་འབབ་ཀྱི་འདུག

    ༡༤ ལོ་རྒྱུས་ཅན་གྱི་གཞོན་ནུའི་སྒྲིག་འཛུགས་ཅུང་ཙམ་མིན་འཐོར་བ་དང། གཞོན་ལྷན་དབུས་ཟུར་རྣམས་ནས་༸གོང་ས་ཆེན་པོར་དངོས་ཤུགས་ནས་མཚན་སྨོན་མི་ཞུ་བའི་རྣམ་འགྱུར་གསལ་སྟོན་གནང་བ་དེས་ཅི་ཞིག་མཚོན་ནམ། ༼ དཔེར་ན་དེ་སྔའི་ཚོགས་གཙོ་སྒོ་དྲུག་དང་ཚོགས་གཞོན་བློ་བཟང་ཡེ་ཤེས་ལྟ་བུ། ༽

    གང་ལྟར་སྣོག་ལས་འདི་རིགས་ལ་སུན་སོང་མོད། སུན་གི་ལབ་ནས་བཞག་བཀའ་དང་འགལ་གྱི་ཡོད་པ་རེད། སོང་ཙང་སོ་སོའི་གཞུང་དང་མི་མང་ལ་འགན་འཁུར་དགོས་པ་རེད། བོད་ཀྱི་མི་རབས་གསར་པར་འགན་འཁུར་དགོས་སྟབས་འདི་ཚོ་ནག་ཁུངས་ནང་ནས་འཇོག་གི་མ་རེད་ལ། མ་འོངས་པའང་དེ་བཞིན་ཡིན་བཅས།
    ཞོར་དུ་སྐུ་ཞབས་གྲགས་ཅན་འདྲེ་མགོ་རྡོས་དཔྱད་གཏམ་རིམ་སྤེལ་ལ་ཐུགས་རྗེ་ཆེ། སྤྲུལ་ཁྱི་དབང་ཆེན་དང་འབྲེལ་བའི་ས་མཚམས་གསལ་འབྱེད་དེས་དངོས་གནས་ཕན་ཐོག་བྱུང།།

    Reply
  31. རིགས་ཀྱི་བུ། says:
    ལོ་ 12 སྔོན།

    དོན་གྲུབ་ལྷ་དར་གྱི་གསལ་བཤད་ལ་བསྔགས་བརྗོད་ཡོད། ཡིན་ནའང་ཁྱེད་རང་གཞོན་ནུའི་ཚོགས་གཞོན་དུ་བསྡད་པའི་རིང་དབུས་གཞོན་ནུའི་རྒྱུན་ལས་ཀྱི་སྐད་ཆ་བཤད་ཕྱོགས་དང་ལས་བྱེད་གནང་ཕྱོགས་ལ་ཐལ་ཆ་མང་པོ་ཤར་ཏེ་དེང་སྐབས་ས་གནས་མི་མང་ཚང་མ་གཞོན་ནུ་ལྷན་ཚོགས་ལ་མི་དགའ་བ་ཆགས་ཡོད་པ་རེད།

    Reply
  32. བཙན་པོའི་བུ། says:
    ལོ་ 12 སྔོན།

    སླར་ཡང་དཔང་རྟགས་དང་རྒྱབ་བརྟེན་ཅི་ཡང་མེད་པའི་སྲང་ལམ་གྱི་སྐད་ཆ་མི་ཉུང་བ་ཞིག་རྩོམ་ཡིག་འདིའི་ནང་སྤུངས་ཚར་འདུག དཔྱད་བརྗོད་སྤེལ་སྐབས་ཐོག་མར་ཚང་དགོས་པའི་ཆ་རྐྱེན་ནི། དཔང་ཁུངས་བཙན་གྱི་རྒྱབ་བརྟེན་རེད། དེ་ནི་རང་ཉིད་ཀྱི་བརྗོད་གཞི་ལ་ལྗིད་ཁོག་སྤྲོད་མཁན་ལྟེ་བ་ཞིག་ཡིན། འོན་ཀྱང་། རང་རེའི་སྤྱི་ཚོགས་ཀྱི་དཔྱད་རྩོམ་འབྲི་མཁན་ཕལ་མོ་ཆེ་ཡི་རྒྱབ་བརྟེན་ནི་སྲང་ལམ་གྱི་སྐད་ཆ་ཤ་སྟག་རེད། ཁུངས་ལུང་མེད་པའི་སྐད་ཆ་དེ་རིགས་ཀྱིས་རྩོམ་སྤྱིའི་སྤུས་ཚད་ལ་གནོད་པ་མ་ཟད་དགོས་མེད་ཀྱི་སྤྱི་ཚོགས་ལའང་གནོད་ཀྱི་ཡོད། གཞོན་ནུའི་ཚོགས་མི་སྲིད་སྐྱོང་གི་གཟིམ་ཤག་ཏུ་མཚན་ཆུ་ཚོད་བཅུ་གཉིས་ལ་ཕྱིན་པའི་གནས་ཚུལ་དེ་དོན་དངོས་ཡིན་ན། འགྲོ་མཁན་མི་སུ་རེད། ཟླ་དུས་ཚེས་གྲངས་ག་དུས་ཕྱིན་པ་རེད། སུ་ཡིས་མཐོང་པ་རེད། དེ་ཚོ་ཚང་མ་གསལ་པོར་བརྗོད་ན་གཞི་ནས་དོན་དངོས་ཤིག་ཆགས་ངེས་རེད། དེ་མིན་སྐད་ཆ་དེ་རིགས་ཆོ་མེད་ལོང་གཏམ་ལས་གཞན་ཅི་ཡང་མ་རེད། གནས་སྐབས་དེ་ཙམ་ཡིན། དོན་གྲུབ་ལྷ་དར་ལགས་ཀྱིས་མ་རྟོགས་ལོག་རྟོགས་ལ་གསལ་བཤད་ཡག་པོ་ཞིག་གནང་འདུག ཡག་པོ་བྱང་།

    Reply
  33. མངའ་རིས་འཕྲིན་ལས། says:
    ལོ་ 12 སྔོན།

    དོན་གྲུབ་ལྷ་དར་ལགས་ནས་གསལ་བཤད་བདེན་པ་དང་ཁུངས་ཡོད་པ་ཞིག་གནང་འདུག ཤར་ཁུག་ཟེར་བའི་ཁྱི་འདྲ་བོ་ཁོ་བཀའ་ཤག་གསར་པ་དང་གཞོན་ནུ་གཉིས་ཀྱི་ཁོ་བའི་ཕ་རྒྱུ་ཚང་འཕྲོགས་ཡིན་པ་འདྲ་བོའི་ལྟ་སྟངས་ཡོད་ཡོད་རེད། དབུ་མ་ཡིན་ཟེར་ནས་རྒྱ་དམར་པོ་ལ་དགོས་པའི་ལག་ཆ་སྒྲུབ་བཞིན་པ་རེད། སྟབས་ལེགས་པ་ཞིག་ལ་འདི་ལོ་རྡ་སའི་དབུ་མའི་ལས་འགུལ་ཁང་ཟེར་བའི་ལས་ཁུངས་ནས་ལོ་མཇུག་དགུ་གླུད་མཉམ་དུ་གཡུག་ཚར་རེད། ད་དུང་ཁོ་པ་རྡ་སའི་སྤྱི་ཚོགས་ནང་དབྱེན་སྦྱོར་ལས་ཁོ་ན་ལ་འབད་བཞིན་པ་རེད་འདུག

    Reply
  34. སེང་དཀར་མོ། says:
    ལོ་ 12 སྔོན།

    དོན་གྲུབ་ལྷ་དར་གྱིས་བཟོད་མ་ཚུགས་འདི་ཡག་པོ་རེད། གལ་སྲིད་སྲིད་སྐྱོང་དང་འབྲེལ་བ་མེད་ན། ཤར་ཁུག་ཁྲིམས་ལ་སྦྱར་ཆོག་གི་རེད་ཝ། དེ་མིན་བོད་མི་མང་ཚོགས་གཙོ་མཆོག་སོགས་ཀྱིས་ཀྱང་སྲིད་སྐྱོང་གིས་དོན་ལྷར་ནག་ཁུངས་ནང་ནས་རྒྱབ་གཉེར་གནང་བ་གངས་ཅན་སྐྱིད་གཤོངས་ན་བྲག་ཅ་འཁྱིལ་ནས་གླེང་གི་མི་འདུག་གམ། ཧཧཧཧཧཧ ད་བཤད་ནས་གང་ཕན། ཧམ་པ་སྟོང་ཅིག་བཤད་ནས་བདེན་པ་གཡག་ཅིག་ཨེ་རེག་བསམས་ཀྱི་ཡོད་ན་དེ་ལྟར་གྱིས།།

    Reply
  35. དོན་གྲུབ་ལྷ་དར། says:
    ལོ་ 12 སྔོན།

    མཐའ་སྡོམ་གྱི་གསལ་བཤད།
    བཀྲ་ཤིས་འཇིགས་མེད་ལགས་ཞུ་བས། བདེན་རྫུན་གང་ཡིན་གསལ་པོ་མི་ཤེས་ཀྱང་གཞོན་ནུའི་དབུས་རྒྱུན་ཞིག་དང་བདེ་སྲུང་བཀའ་བློན་གཉིས་ཀྱིས་ཨ་རིར་སྡིང་ཆ་གཅིག་གི་ཐོག་ནས་རང་བཙན་དང་དབུ་མའི་རྩོད་སྒྲུབ་བྱས་པ་གཉིས་ཀའི་རྒྱབ་རྟེན་དཔལ་ལྡན་སྲིད་སྐྱོང་མཆོག་ཡིན་པ་ཟེར་བར།་སྒེར་ངོས་ནས་འགན་འཁུར་གྱི་སྒོ་ནས་གསལ་བཤད་ཞུ་རྒྱུར། གལ་སྲིད་འདི་ལོའི་གསུམ་བཅུའི་དུས་དྲན་སྐབས་བཤད་ཀྱི་ཡོད་ན། སྐབས་དེར་གཞོན་ནུའི་དབུས་རྒྱུན་དང། དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་ལྡིང་ཆ་གཅིག་གི་ཐོག་ནས་གཏམ་བཤད་བྱས་པ་བདེན་པ་ཡིན་པ་ལས། རྫུན་པ་མ་རེད་ལ།སྡིང་ཆ་གཅིག་ཐོག་གཏམ་བཤད་སྤེལ་མཁན་གྱི་གཞོན་ནུའི་དབུས་རྒྱུན་དེ་ཡང་གུས་པ་ཡིན།
    ་་འོན་ཀྱང་དེའི་རྒྱབ་རྟེན་དཔལ་ལྡན་སྲིད་སྐྱོང་ཡིན་ཚུལ་གླེང་ན་དེ་ནི་འཆོལ་གཏམ་ཙམ་དུ་ཟད། གང་ལགས་ཞེ་ན་ནིའུ་ཡོག་གི་གསུམ་དུས་དེ་དེར་ཡོད་པའི་ས་གནས་གཞོན་ནུ་དང་བོད་རིགས་སྤྱི་འཐུས་ཚོགས་པ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་གཉེར་ཞིང་ང་རང་ས་གནས་གཞོན་ནུས་མགྲོན་འབོད་ཀྱིས་བཅར་བ་ལས། སྲིད་སྐྱོང་དང་བཀའ་ཤག་གི་རྒྱབ་རྟེན་གང་ཡང་མེད་པ་གསལ་པོ་ཡིན། དེ་སྔོན་ཤར་ཁུག་གིས་མི་བདེན་རྫུན་སྒྲིག་ལྟར་ངའི་ཐོངས་མཆན་ཐད་ནས་གླེང་ན་ཡོད་ན། དེ་ཡང་ངས་དེ་སྔོན་གསལ་བཤད་ཟིན་པ་ལྟར། ང་ཨ་རིར་སྐྱོད་པའི་མཐོང་མཆན་རྒྱབ་གཉེར་དེ་བཞིན་ཚོགས་སྡེ་ཁག་དང་མི་སྒེར་ཚང་མར་ཐོངས་མཆན་ཞུ་སྐབས།འབྲེལ་ཡོད་དོན་གཅོད་ལས་ཁུངས་ཀྱིས་་བོད་མི་ཞིག་ཡིན་པའི་ངོས་སྦྱོར་དང་རྒྱབ་གཉེར་གནང་ལམ་ལྟར། ང་ལ་ཡང་དེ་ལྟའི་གཅིག་མཚུངས་ཀྱི་རྒྱབ་གཉེར་ཞིག་ལས། དེ་མིན་སྲིད་སྐྱོང་དང་བཀའ་ཤག་སོགས་ཀྱི་རྒྱབ་གཉེར་དམིགས་བསལ་བ་ཞིག་ཚིག་འབྲུ་གཅིག་ཀྱང་གཏན་ནས་མེད།
    ་་་་་་་་སྤྱིར་བོད་ཀྱི་འཐབ་རྩོད་དེ་ད་ལྟ་ལམ་དབུ་མ་དང་རང་བཙན་ལངས་ཕྱོགས་མི་འདྲ་བ་གཉིས་ཀྱི་ཐོག་ཡོད་པ་ཡོངས་གྲགས་དང། འཐབ་རྩོད་བྱེད་མཁན་དེ་ཡང་སྒྲིག་འཛུགས་རང་བཞིིན་གྱི་ཆ་ནས་གཞུང་དང་གཞུང་འབྲེལ་མ་ཡིན་པ་གཉིས་ཡོད་པས། དེ་གཉིས་མཉམ་དུ་གཏམ་བཤད་སྤེལ་ན་འགན་འཁུར་གྱི་ཆ་ནས་དང། དམངས་གཙོའི་ལྟ་གྲུབ་ཀྱི་ཆ་ནས། ཆིག་སྒྲིལ་གྱི་ཆ་ནས་དགོས་མཁོ་དང་གཟི་བརྗིད་རང་བཞིན་ཞིག་ཡིན་པ་ལས། ཐེར་འདོན་དགོས་པའི་སྐྱོན་ཆ་ཞིག་མིན་པ་འགན་འཁུར་དང་ལོ་རྒྱུས་ཀྱི་གསལ་པོ་བཟོ་ངེས་ཡིན།
    ་དེ་བཞིན་གཞོན་ནུའི་རྒྱུན་ལས་རྣམས་མཚན་གྱི་ཆུ་ཚོད་བཅུ་གཅིག་བཅུ་གཉིས་ལ་སྲིད་སྐྱོང་མཆོག་གི་གཟིམ་ཤག་ལ་ཡང་ཡང་བཅར་གྱི་ཡོད་ཚུལ་སོགས་ཀྱི་ལབ་གླེང་མང་དག་ཅིག་ཡོད་ཟེར།་་་་་་་རང་ཉིད་ལ་མཚོན་ན་ད་བར་དཔལ་ལྡན་སྲིད་སྐྱོང་དང་བཀའ་བློན་བྱེ་བྲག་པ་སུ་གཅིག་གི་གཟིམ་ཤག་ལ་བཅར་མྱོང་མེད་ཅིང། གཞན་དག་བཅར་ཡོད་མེད་ཀྱང་ཤེས་རྟོགས་མེད། གལ་སྲིད་དབུས་རྒྱུན་གཞན་དག་སྒེར་གྱི་གྲོགས་པོའི་འབྲེལ་བའི་ཆ་ནས་སྲིད་སྐྱོང་མཆོག་གི་གཟིམ་ཤག་ལ་བཅར་་ཡོད་ན་དེ་ནི་མི་འོས་པ་ཞིག་ཇི་ལྟར་ཡིན་ནམ། བཤད་སྟངས་འདི་རིགས་དེ་སྔོན་བོད་ནང་རྙིང་གཏོར་གསར་འཛུགས་སྐབས། དགག་རྒྱག་ཐེར་འདོན་གྱི་མིང་ཐོག་ནས་ནང་མི་གཉེན་ཉེ་བར་དུ་འགྲོ་འོང་བྱེད་པ་ལ་ཡང་སྐྱོན་འདོགས་ཀྱིས་འཐབ་རྩོད་བྱས་པ་ལྟ་བུ་ལས་གནས་ལུགས་དང་དགོས་ཕན་མ་མཐོང་ཞིང།་དེ་མིན་སྤྱི་ལ་གནོད་གཞིའི་ལས་དོན་སྤེལ་བའི་ར་སྤྲོད་ཡོད་ན་ཁུངས་སྐྱེལ་དགོས་པ་ལས།་དོན་མེད་གོ་ཚུལ་ཙམ་གྱི་འོག་ནས་འགན་འཁུར་མི་སྣར་སྙོན་འཛུགས་ཀྱིས་དབུ་མ་དང་རང་བཙན་བེད་སྤྱད་ནས་དཀྲུག་ཤིང་དང་གནད་ཚུལ་ཆེད་བཟོས་གཏམ་མ་སྨྲ་ན་ལེགས་པ་ཐོག་མའི་གསལ་བཤད་དང། མཐའ་མའི་བསྡོམས་ཀྱི་ཚུལ་དུ་གླེང་བ་ཡིན་པས། སླར་ཡང་རྩོད་གླེང་བྱེད་འདོད་མེད།

    Reply
  36. ཤེལ་དཀར་བློ་བཟང་། says:
    ལོ་ 12 སྔོན།

    བརྗོད་བྱ་ཇི་བཞིན་ཡིན་མིན་ཤན་འབྱེད་དཀའ་ཡང་རྗོད་བྱེད་ཚིག་སྦྱོར་ཕུན་སུམ་ཚོགས་ལ་སྙན་འཇེབས་ལྡན་པ་ཞིག་འདུག

    Reply
  37. འདྲེ། says:
    ལོ་ 12 སྔོན།

    རྡ་སའི་ཆབ་སྲིད་འདི་ཞེད་སྣང་ཚ་བོ་ཅུང་ཙམ་ཡོད་པ་རེད་གདའ། བལ་ཡུལ་ནས་འོས་སྒམ་འཕྲོག་མེད་ན་ང་ཚོའི་སྲིད་སྐྱོང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་རེད། ཡིན་ནའང། དེ་མ་བྱུང་བ་རེད། བལ་ཡུལ་ནང་བཀྲས་མཐོང་ལ་རྒྱབ་སྐྱོར་ཧ་ལས་པའི་ཚད་མཐོན་པོ་རེད། འོས་སྒམ་འཕྲོག་པ་དེའི་ནང་དུའང་མི་མང་པོས་རྡ་ས་དང་རྙིང་རུལ་རུ་ཁག་གི་ལག་པ་བརྐྱངས་མེད་འགྲོ་ཞེས་དོགས་པ་ཡོད་པ་རེད། དོགས་པ་དེ་ལ་རྒྱུ་མཚན་མེད་པ་ཞིག་ཀྱང་མ་རེད། གང་ཡིན་ཞེ་ན། བཀྲས་མཐོང་ལ་རྒྱབ་སྐྱོར་གྱི་དར་ཆ་གནམ་དུ་འཕྱར་ནས་ཁྱབ་བསྒྲགས་བྱེད་དུ་ཡོང་མཁན་ཐོག་མ་བལ་ཡུལ་གྱི་བོད་གཞུང་གི་གཞུང་ཞབས་ཟུར་པ་དང་ཕྱུགས་བདག་ཁ་ཤས་རེད། ཡིན་ནའང། འོས་སྒམ་འཕྲོག་པ་དེའི་ནང་གི་དོགས་པ་ད་དུང་ཡང་སེལ་ཐུབ་མེད། བློ་སེང་གིས་རང་གིས་རང་བསྟོད་རྒྱག་སྟངས་༸གོང་ས་ཆེན་པོའི་ཞབས་རྗེས་འབྲངས་ནས་ཆེན་པོ་བཟོ་སྟངས། གསར་འབྱོར་ཚོར་རང་གི་པར་སྟེང་ས་ཡིག་རྒྱབ་སྟེ་དོ་གལ་ཆེན་པོས་སྤྲོད་སྟངས་སོགས་ཀྱིས་ཁོང་ནི་སྤྱི་སྒེར་གཉིས་བརྗེ་བོ་མི་རྒྱག་མཁན་ཞིག་མ་རེད་ཟེར་མི་ཐུབ་ཅིང། དོགས་པ་ནི་ཧ་ཅང་ཆེན་པོ་རེད། དཔེར་ན་ཆུ་སྒང་གི་དྲུང་ཆེ་བྱས་པ་དང། ཕྱི་སྡོད་རྒྱ་མི་བྱས་ཏེ་པེ་ཅིང་དུ་བསྐྱོད་པ། ལི་ཐང་བརྟན་བཞུགས་སར་ང་ཕྱོགས་ཁག་སྒྲིལ་དུ་ཡོང་བ་ཡིན་ཞེས་གསུངས་པ་སོགས་རྒྱབ་ལྗོངས་དང་ལོ་རྒྱུས་གང་ཐད་ནས་གཙང་མ་རྩ་བ་ནས་མེད་སྟབས་དོགས་པ་ནི་སྔར་ལས་ཀྱང་ཆེ་རུ་ཆེ་རུ་འགྲོ་ཡི་འདུག་ལ། འཇིགས་མེད་ཀྱི་རྩོམ་འདིས་དེ་བས་ཀྱང་དོགས་པ་རྣམས་དྲན་གསོས་སོང།།

    Reply
  38. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་ ཁོང་ཚོའི་བསམ་ཚུལ་ལྟར་ན་འདི་ལོའི་སྔོན་རྩིས་ནང་གཞུང་གི་བང་མཛོད་ལ་ཕྱག་རིང་བསྐྱངས་འདུག་ཅེས་པའི་གླིང་གཞི་འདི་ཡང་བཀའ་བློན་ཚོའི་སྤྱི་དོན་ཁ་འཁྱེར་གྱི་ཕྱོགས་ཕེབས་རྒྱས་སྤྲོད་ལོངས་སྤྱོད་དང་ཐད་ཀར་འགྲེལ་བ་ཡོད་པའི་བསམ་ཚུལ་སྟོན་མཁན་ཡང་འདུག ་་་་་ཟེར།
    ཡང་།
    ་་་་་ བཀའ་ཤག་ནང་འབུམ་རམས་པ་དང་ཆེད་ལས་པའི་མིང་བཏགས་པའི་ཆང་འཐུང་གྲོགས་པོ་དེ་ཚོ་དང་ལྷན་དུ་སྐྱིད་སྐྱིད་ལ་རོལ་ནས་མ་བཞུགས་རོགས། ་་་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese