མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགོངས་པ་འཁྲུག་རྐྱེན་ ༤ གསུངས་སོང་།

བོད་ཀྱི་དུས་བབ།
༢༠༡༣/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཞོན་ནུའི་ཚོགས་ཆེན་ཉིན་ལྔ་པའི་སྟེང་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ཕེབས་ཏེ་ལམ་སྟོན་གསལ་བཤད་གནང་ཡོད་པ་དང་། ཚོགས་འདུའི་ཉིན་གསུམ་པར་ས་གནས་ཁག་ཅིག་གི་ཚོགས་བཅར་བ་རྣམས་ཕྱིར་འཐོན་པ་དང་། ཚོགས་འདུའི་ནང་བཞུགས་མཁན་བཅས་ཕྱོགས་གཉིས་ཀར་བཅར་འདྲི་ཞུས་ཡོད། 

གཞོན་ནུའི་ཚོགས་ཆེན་སྟེང་ནས་ཕྱིར་འཐོན་མཁན་གྲས་སྦེལ་ཀོབ་ས་གནས་གཞོན་ནུའི་ཚོགས་གཙོ་བྱ་ཉལ་ཚེ་རིང་ལྷ་སྐྱབས་ལགས་སུ། ཚོགས་ཆེན་ནས་ཕྱིར་ཐོན་དགོས་དོན་གང་ཡིན་སྐོར་དྲིས་པར། 

ལན། ང་ཚོ་ཚོགས་འདུ་ནས་མར་ཐོན་མཁན་ས་གནས་ ༨ དང་ཚོགས་མི་ ༣༤ ཡོད། ཐོན་དགོས་པའི་གནས་སྟངས་ག་རེ་ཆགས་ཡོད་ཟེར་ན། ནམ་རྒྱུན་ཡིན་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཕྱི་ཟླ་ ༨ ནང་འཚོགས་ཀྱི་ཡོད། ལམ་ནས་༧གོང་ས་མཆོག་གིས་འབྱུང་འགྱུར་བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་ཐོག་བཀའ་སློབ་རིམ་པར་ཕེབས་ཡོད་རེད། དེ་ལ་བརྟེན་ནས་ས་གནས་འགའ་རེའི་རྒྱུན་ལས་ཚོགས་འདུ་ཚོགས་ཏེ་ཚོགས་ཆེན་སྔ་སྣུར་བྱ་དགོས་པའི་འབོད་སྐུལ་ཞུས་སྟབས་འདི་ལོའི་ཚོགས་ཆེན་སྔ་སྣུར་བྱས་པ་རེད། ད་རེབ་ཀྱི་ཚོགས་ཆེན་ཉིན་དང་པོའི་ནང་གྲོས་གཞི་དོན་ཚན་བཞི་བའི་ནང་ཚོགས་ཆེན་སྔ་སྣུར་དང་འབྲེལ་བའི་ཐོག་སྐད་ཆ་བཤད་པ་རེད། ཚོགས་ཆེན་སྔ་སྣུར་དེ་ཛ་དྲག་ཚོགས་འདུ་ཞིག་ཡིན་པ་ལྟར། དབུས་ནས་མར་གནང་བཞག་པའི་གྲོས་གཞིའི་ཐོག་ས་གནས་སོ་སོ་ནས་གོ་བསྡུར་དང་སྦྱངས་བཤད་བྱས་ཡོད་པ་རེད། དེའི་མངོན་འདོད་ཚོགས་ཆེན་སྟེང་ཡིག་ཐོག་ནས་འབུལ་དགོས་ཀྱི་ཡོད་རེད་ལ་ང་ཚོ་ས་གནས་འཐུས་ཚབ་ཚོའི་ངོས་ནས་བསམ་ཚུལ་ཞིག་འབུལ་དགོས་ཀྱི་ཡོད་རེད།

ཡིན་ནའང་། ཚོགས་གཙོས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གཏན་འབེབས་གནང་པའི་གྲོས་གཞི་དོན་ཚན་ ༣ ཞིག་ཁྱེར་ཡོང་པ་རེད། གྲོས་གཞི་དོན་ཚན་དང་པོའི་ནང་༧གོང་ས་མཆོག་ལ་ལྷ་དགོངས་དྭངས་གསལ་དང་མཇལ་ཁ་ཞུ་རྒྱུ། གཉིས་པ། ཐེངས་སྔོན་མར་སྦེར་ལ་འགན་འཛིན་ལྷན་ཚོགས་ཚོགས་སྐབས་གྲོས་ཆོད་(དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་འབེབས་གནང་པའི་དབུ་མའི་ལམ་གྱི་སྲིད་བྱུས་རང་བཙན་ལ་འགྱུར་པ་གཏོང་དགོས་) ཕྱིར་འཐེན་བྱ་རྒྱུ། གསུམ་པ། གཞོན་ནུའི་ལངས་ཕྱོགས་རང་བཙན་གཙོ་བོར་གྱུར་པའི་ཐོག ༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་མ་འོངས་སྒྲིག་འཆར་སླེབས་མཚམས་འགྱུར་བ་གཏོང་གི་ཡིན་ཟེར་བ་བཅས་རེད། ང་ཚོའི་ངོས་ནས་དེ་དག་དོན་ཚན་རེ་རེ་བཞིན་གོ་བསྡུར་སྦྱངས་བཤད་འགྲོ་གི་རེད་བསམ་གྱི་ཡོད་ཀྱང་། དབུས་རྒྱུན་ངོས་ནས་མང་མོས་རྒྱབ་སྐྱོར་ཡོད་མེད་ལ་བལྟ་གི་ཡིན་གསུངས་ཏེ། ལག་པ་བསྐྱངས་བཅུག་སྟེ་མང་མོས་ཆགས་པ་རེད། ཚོགས་གཙོའི་སྟངས་འཛིན་འོག་ག་རེ་གསུངས་པ་རེད་ཟེར་ན། མང་མོས་ཕྱིན་པ་དེར་དགག་བྱ་ཡོད་དམ་ཞེས་དྲིས་བྱུང་། ས་གནས་ཁག་ཅིག་གིས་དགག་བྱ་ཡོད་ཅེས་ལག་པ་བརྐྱངས་པ་རེད། འོན་ཀྱང་དགག་བྱ་ཡོད་མེད་ལ་མ་ལྟོས་པར། སུ་གང་ལའང་དེའི་ཐོག་བསམ་ཚུལ་ཞུ་རྒྱུའི་གོ་སྐབས་མ་སྤྲད་པར་འདི་མང་མོས་ཞེས་གཏན་འབེབས་བྱས་སོང་། ང་ཚོ་ཚོགས་འདུ་ནས་མར་ཐོན་མཁན་ཚོས་གྲོས་ཆོད་དོན་ཚན་དང་པོ་དང་གཉིས་པ་ལ་རྒྱབ་སྐྱོར་ཡོད་རེད། འོན་ཀྱང་དོན་ཚན་གསུམ་པར་གོ་བསྡུར་སྦྱངས་བཤད་བྱེད་དགོས་ཀྱི་འདུག་ཅེས་བཤད་ཀྱང་ང་ཚོར་གོ་སྐབས་མ་སྤྲད་སྟབས་ཕྱིར་ཐོན་པ་རེད། ཉིན་གཉིས་པར་དབུས་དང་ས་གནས་ཀྱི་རྩིས་ཕྲར་ཞིབ་བཤེར་བྱེད་ཀྱི་ཡོད་སྟབས། ང་ཚོས་གཞོན་ནུའི་སྒྲིག་འཛུགས་ལ་བརྩི་བཀུར་དང་ཆེ་མཐོང་ཐོག་ཚོགས་འདུར་ཞུགས་པ་ཡིན།

དེའི་རྗེས་ང་ཚོས་ཡིན་ལུགས་ཚུལ་ལྡན་གྱི་ཐོག་ནས་ཕྱི་ལ་འཐོན་དགོས་པའི་རྒྱུ་མཚན་ཚོགས་དྲུང་ལ་སྙན་ཞུ་ཕུལ་བ་ཡིན། ང་ཚོ་ཐོན་དགོས་པའི་རྒྱུ་མཚན་ག་རེ་བྲིས་ཡོད་རེད་ཟེར་ན། ཉིན་གསུམ་པར་དོན་ཚན་བཞི་བའི་ཐོག་སྦྱངས་བཤད་གནང་རྒྱུ་རེད། དོན་ཚན་བཞི་བའི་ནང་ལོགས་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དང་ལངས་ཕྱོགས་རང་བཙན་རེད། འདི་ལ་སླར་ཡང་ཤུགས་ཆེ་རུ་གཏོང་ཐབས་ཐད་ལས་ཀ་ག་རེ་བྱ་དགོས་ཀྱི་འདུག་ཅེས་པའི་གྲོས་གཞི་འཁྱེར་ཡོད་པ་རེད། ད་ང་ཚོ་ས་གནས་ ༨ ཀྱི་མངོན་འདོད་༧གོང་ས་མཆོག་གིས་སྔ་ཕྱི་བར་གསུམ་དང་། ལྷག་པར་དུ་ས་ལི་སྒར་དུ་བཀའ་སློབ་ལམ་སྟོན་གསལ་བཤད་རྒྱས་པ་གནང་པ་དག་ལ་ས་གནས་སོ་སོའོ་ཚོགས་མི་དག་གིས་དཔྱད་པ་བྱས་ཏེ་ངེས་པ་རྙེད་པའི་ཐོག་ནས། གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་ལ་འགྱུར་པ་གཏོང་དགོས་པའི་དུས་ལ་བབ་འདུག་ཅེས་པ་འདིའི་ཐོག་ནས་ཕྱི་ལ་ཐོན་པ་ལས། གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་བརྩི་བཀུར་མ་ཞུས་པ་དང་ཆེ་མཐོང་མ་སྤྲད་པ་མིན།

ང་ཚོ་ཚོགས་འདུ་ནས་ཕྱི་ལ་ཐོན་ཡོད་ནའང་། ཉིན་གསུམ་པ་དང་བཞི་པ། ལྔ་བ་བཅས་ལ་ཚོགས་འདུ་ཚོགས་མགོ་ཚུགས་པ་ནས་མ་གྲོལ་བར་དུ་ཚོགས་ཁང་ཕྱི་ལོགས་ནས་གཞོན་ནུའི་སྒྲིག་ཆས་དང་རྒྱབ་ཁུག ཚོགས་བཅར་པའི་སྐེ་འདོག་ངོ་སྦྱོར་བཅས་བཏགས་ཏེ་བསྡད་ཡོད། ཚོགས་ཁང་ཕྱི་ལོགས་ནས་བསྡད་པ་དེའང་ངོ་རྒོལ་བྱེད་པ་ཞིག་མིན་པར་གཞོན་ནུའི་སྒྲིག་འཛུགས་ལ་བརྩི་བཀུར་དང་ཆེ་མཐོང་སྤྲད་པ་ཡིན།

ཚོགས་འདུ་ཉིན་བཞི་པར་དབུས་རྒྱུན་ལས་ཀྱི་སྐུ་ཚབ་དང་ཚོགས་བཅར་པའི་སྐུ་ཚབ་བཅས་ཕེབས་ཏེ་ང་ཚོར་ཚོགས་འདུར་ཡོང་རོགས། ཁྱེར་རང་ཚོའི་ཚོགས་གཙོ་རྣམ་པར་སོ་སོའི་བསམ་ཚུལ་བཤད་རྒྱུར་སྐར་མ་ ༥ རེ་ཡི་གོ་སྐབས་འབུལ་རྒྱུ་ཡིན་གསུངས་བྱུང་། ང་ཚོས་ཚོགས་འདུར་སྐད་བཏང་པར་ཐུགས་རྗེ་ཆེ། འོན་ཀྱང་ཚོགས་འདུར་བཅར་མིན་ང་ཚོས་གྲོས་བསྡུར་ཞུས་ཏེ་ལན་ཞུ་ངེས་ཡིན་ཞུས་པ་ཡིན། ཉིན་དེར་ང་ཚོས་གྲོས་བསྡུར་བྱས་མཐར་ཚོགས་ཞུགས་བྱས་ཡོད་པ་མ་རེད། ཕྱི་དྲོར་སང་ཞོགས་ང་ཚོས་ལན་འབུལ་ངེས་ཡིན་ཞུས་ཡོད། དེ་རིང་ང་ཚོས་གྲོས་བསྡུར་བརྒྱུད་སྙན་ཞུ་ཞིག་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས། ཚོགས་བཅར་པ་བཅས་ཀྱི་མཚན་ཐོག་ལ་ཕུལ་ཡོད། དེ་རིང་བློ་བུར་དུ་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པ་ཆེ་ཕེབས་ཀྱི་ཡོད་རེད། ཁྱེད་རང་ཚོ་ཚོགས་ཞུགས་གནང་རོགས་གསུངས་བྱུང་། དེར་ང་ཚོས་གུས་བརྩི་ཞུས་ཏེ་ཟམ་གདོང་རིན་པོ་ཆེ་ཚོགས་བཞུགས་རིང་ཚོགས་འདུར་བཅར་པ་ཡིན་ཞེས་བརྗོད་བྱུང་།

ཡང་གསར་འགོད་པས། དེ་རིང་སྔ་དྲོར་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ཚོགས་ཐོག་ཏུ་ཕེབས་ཏེ་ག་རེ་གསུངས་ཡོད་མེད་དྲིས་པར།  

ལན། དེའི་ཐད་རིན་པོ་ཆེ་མཆོག་གིས། ཚོགས་གཙོ་ཚེ་དབང་རིག་འཛིན་སྐུ་སྒེར་དྲུང་ཆེ་སྐུ་ངོ་བློ་བཟང་སྦྱིན་པ་ལགས་ཀྱི་མདུན་ལ་བཅར་ཏེ། ད་རེབ་ཀྱི་ཚོགས་འདུ་འཐོར་འགྲོ་བའི་ཉེན་ཁ་དང་རྒྱུན་ལས་འོས་འདེམས་བྱ་མ་ཐུབ་པ་སོགས་ཀྱི་དཀའ་ངལ་ཞུས་ཡོད་པ་འདྲ། བློ་བུར་ཐོབ་རྒྱག་ལ་ཆུ་ཚོད་ ༡༡ དང་ཕྱེད་ཀ་ཙམ་ལ་ང་འགྲོ་དགོས་པའི་བཀའ་ཕེབས་པ་ལ་བརྟེན་ནས་ཡོང་པ་ཡིན་གསུངས་སོང་། ངས་རིན་པོ་ཆེ་མཆོག་གི་བཀའ་སློབ་ཚང་མ་ཞུ་ཤེས་ཀྱི་མི་འདུག གང་ལྟར་ཁོང་གིས་བཀའ་ནན་པོ་ཞིག་ལ། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཟླ་གཉིས་གོང་ཏུ་༧གོང་ས་མཆོག་ཚོགས་ཆེན་སྟེང་ཆིབས་བསྒྱུར་དང་ཚོགས་བཅར་བ་ཚོར་མཇལ་ཁ་ཞུས་སྐབས། དགའ་ལྡན་ཕོ་བྲང་གིས་དེ་ཡོང་གི་མ་རེད་ཅེས་ལན་ཕུལ་འདུག རྒྱུ་མཚན་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་རྗེས་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་སྟེང་གདན་ཞུ་བྱས་ཡོད་ཀྱང་ཕེབས་ཡོད་མ་རེད། དགུ་བཅུ་གསུམ་གྱི་ཚོགས་ཆེན་ལའང་ཕེབས་ཡོད་མ་རེད། ད་རེབ་འདིར་མ་ཕེབས་པ་གཞོན་ལྷན་གྱི་ལངས་ཕྱོགས་རང་བཙན་ཡིན་པ་དེ་འདྲ་མ་རེད་ཅེས་བཀའ་གནང་སོང་།

ཚོགས་འདུའི་ནང་སྡོད་མཁན་གྲས་སྦེར་ཅོང་ཊ་རཱ་ས་གནས་གཞོན་ནུའི་ཚོགས་གཙོ་བསོད་ནམས་གཡུ་རྒྱལ་ལགས་སུ་གོང་གི་ས་གནས་བརྒྱད་ཀྱི་ཚོགས་མི་རྣམས་ཚོགས་ཐོག་ནས་ཐོན་པའི་སྐོར་དྲིས་པར།

ལན། ཚོགས་འདུའི་ནང་གཞོན་ནུ་ལྷན་ཚོགས་ཀྱིས་བོད་རང་བཙན་བསྐྱར་གསོའི་ཆེད་ལས་འགུལ་ག་རེ་སྤེལ་རྒྱུ་ཡིན་ཟེར་པའི་གྲོས་གཞི་དེ་ཕེབས་མ་ཐག ས་གནས་ཁག་ ༨ གྱི་ཚབ་བྱས་ཏེ་ཀོ་ལེ་གྷལ་ས་གནས་གཞོན་ནུའི་ཚོགས་གཙོ་ཡར་བཞེངས་ཏེ། གལ་སྲིད་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་པ་མ་བཏང་པ་ཡིན་ན། ང་ཚོས་གྲོས་གཞི་འདིར་བགྲོ་གླེང་གནང་གི་མིན་ལ། ཚོགས་ཁང་ནས་ཀྱང་བཞུགས་རྒྱུ་མིན་ཞེས་ཕྱིར་འཐེན་གནང་པ་རེད། ཡིན་ནའང་། ས་གནས་བཞི་བཅུ་ཞེ་གྲངས་ཡོད་བསྡད་པ་ནས་ས་གནས་བརྒྱད་ཕུད་པའི་ས་གནས་གཞན་ཚང་མ་ཚོགས་ཁང་དུ་བཞུགས་ཏེ་གྲོས་གཞི་དེའི་ཐོག་བགྲོ་གླེང་ལྷུག་པོ་བྱུང་ཡོད་པ་མ་ཟད།  གྲོས་ཆོད་གཏན་འབེབས་ཀྱང་འཇོག་ཐུབ་པ་བྱུང་ཡོད་རེད།

ང་ཚོའི་ཉིན་དང་པོའི་ཚོགས་འདུའི་སྐབས་དབུས་གཞོན་ནུའི་ཚོགས་གཙོས། འདས་པའི་ལོ་འགའི་རིང་༧གོང་ས་མཆོག་ལ་ཐུགས་ཕན་མ་གསོས་པ་དང་དགོངས་པ་དཀྲུགས་པའི་གནས་ཚུལ་མང་པོ་བྱུང་ཡོད་པའི་ཆ་ནས། ང་ཚོའི་ཚོགས་འདུའི་བགྲོ་གླེང་མ་བྱུང་སྔོན་ལ་དབུས་ནས་དོན་ཚན་གསུམ་ཞིག་བཏོན་ཏེ་མང་མོས་རྒྱབ་སྐྱོར་ཡོད་མེད་གཟིགས་པར། བརྒྱ་ཆ་ ༨༠ ཙམ་གྱིས་རྒྱབ་སྐྱོར་གནང་པ་ལ་བརྟེན་ནས་དོན་ཚན་གསུམ་པོ་དེ་སྐུ་སྒེར་ལ་ཡར་སྤྱན་འབུལ་ཞུ་རྒྱུར་ཕུལ་པ་རེད། དོན་ཚན་དང་པོ་༧གོང་ས་མཆོག་ལ་དགོངས་སེལ་ཞུ་རྒྱུ་དང་། གཉིས་པ་བོད་གཞུང་གི་དབུ་མའི་ལམ་གྱི་ལངས་ཕྱོགས་དེ་རང་བཙན་ལ་བསྒྱུར་དགོས་པའི་གྲོས་ཆོད་བཞག་ཡོད་པ་དེ་ཕྱིར་འཐེན་བྱ་རྒྱུ། གསུམ་པ་གཞོན་ནུའི་དམིགས་ཡུལ་དང་ལངས་ཕྱོགས་རང་བཙན་གཙང་མ་གཞིར་བཞག་ཐོག་མ་འོངས་པར་༧གོང་ས་མཆོག་གིས་བཀའ་སློབ་ག་རེ་གནང་པ་དེ་ལ་ང་ཚོས་བརྩི་བཀུར་ཞུ་རྒྱུ་བཅས་རེད། དེ་རིང་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་འདིར་ཕེབས་ཏེ་ཚོགས་བཅར་པ་ཡོངས་ལ་བླངས་དོར་བཀའ་སློབ་གསལ་བོ་གནང་སོང་། 

རིན་པོ་ཆེ་མཆོག་གིས་འདས་པའི་ལོ་འགའི་རིང་གཞོན་ནུས་༧གོང་ས་མཆོག་གི་དགོངས་པ་འཁྲུག་དགོས་པའི་རྒྱུ་རྐྱེན་ཁག་གསུམ་བཞི་ཞིག་གསུངས་སོང་། གནས་ཚུལ་དེ་འདིར་ཕེབས་མཁན་ཚོགས་བཅར་བ་མང་ཆེ་བ་ཞིག་གིས་མཁྱེན་གྱི་ཡོད་མེད་ང་ལ་དོགས་པ་ཡོད། ཉིན་རྒྱབ་བགྲོ་གླེང་ཕལ་ཆེར་དེའི་ཐོག་ཡོང་གི་རེད་བསམ་གྱི་འདུག རིན་པོ་ཆེ་འདིར་ཕེབས་ཏེ་བཀའ་སློབ་ལམ་སྟོན་གནང་པའི་ནང་། ཁོང་གིས་གལ་སྲིད་མ་འོངས་པར་༧གོང་ས་མཆོག་གིས་བཀའ་ཕེབས་པ་དང་དགོངས་པ་དཀྲུག་པ་དེའི་ཐད་ནས་ས་གནས་ཁག་ཁ་ཤས་ཤིག་གིས་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་ཟེར་པ་དེ་འདྲ་དང་། ཡོང་རྒྱུ་བསྡད་པའི་གཞོན་ནུའི་དབུས་རྒྱུན་གསར་པ་འདེམས་རྒྱུ་ལག་ལེན་བསྟར་མ་ཐུབ་པ་ཡིན་ན། དེའི་མིང་ཆལ་ཟེར་ན་འདྲ་དོ་ཕོག་དེ་༧གོང་ས་མཆོག་ལ་ཕོག་མི་སྲིད་པ་མ་རེད། དེར་བརྟེན་གཞོན་ནུའི་ལངས་ཕྱོགས་དང་ལྟ་གྲུབ་བརྟན་པོར་བསྡད་པའི་ཐོག་ནས་མུ་མཐུད་ཕེབས་ཐུབ་ན་ཡག་པོ་ཡོད་པ་རེད་བཀའ་སློབ་ཕེབས་སོང་བསམ་ཡོད་ཅེས་བརྗོད་བྱུང་།

ཁེ་ན་ཌ་ས་གནས་གཞོན་ནུའི་ཚོགས་གཙོ་གུ་རུ་རྡོ་རྗེ་ལགས་སུ། ད་རེབ་ཚོགས་འདུའི་ནང་གཞོན་ནུའི་རང་བཙན་ལངས་ཕྱོགས་ལ་འགྱུར་པ་མ་བཏང་ཡང་མ། མ་འོངས་པར་ལས་དོན་བྱེད་ཕྱོགས་དང་ལས་འགུལ་སྤེལ་ཕྱོགས་ལ་ཏན་ཏན་འགྱུར་པ་གཏོང་དགོས་ཀྱི་འདུག་ཟེར་བ་ཞིག་བྱུང་ཡོད་ས་རེད། དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས་ཞུས་པར།

ལན། ད་ལྟའི་ཆར་གྲོས་གཞི་ཁག་གི་ཐད་གྲོས་བསྡུར་འགྲོ་བཞིན་ཡོད་སྟབས། འདི་དང་དེ་ཞེས་ཞུ་ཡ་མི་འདུག ང་རང་ཉིད་ཀྱི་བསམ་ཚུལ་ཡིན་ན། རང་བཙན་གྱི་མེ་རོ་འདི་ངེས་པར་དུ་གསོན་གནས་ཐུབ་དགོས་ཀྱི་འདུག ཡིན་ནའང་དབུ་མའི་ལམ་དང་གཞུང་ལ་སྐྱོན་འཛུགས་བྱེད་རྒྱུ་དེ་ནོར་འཁྲུལ་ཞིག་མཐོང་གི་འདུག གང་ལྟར་ལས་དོན་བྱེད་ཕྱོགས་དང་ལས་འགུལ་སྤེལ་ཕྱོགས་ཐད་ནས་གཞུང་ལ་ཕོག་ཐུགས་མི་འགྲོ་བ་དང་༧གོང་ས་མཆོག་གི་དགོངས་པ་འཁྲུག་གཞིའི་རིགས་མ་ཡོང་བ་ཞིག་གི་སྟེང་འགྲོ་རྒྱུར་འབད་དགོས་ཀྱི་འདུག

ཧོང་སུར་ས་གནས་གཞོན་ནུའི་ཚོགས་གཙོ་རྟ་མགྲིན་ཚེ་དབང་ལགས་སུ། ཚོགས་འདུའི་སྟེང་གི་མང་མོས་ལ་ངོས་ལེན་མ་བྱས་པར་ཚོགས་ཁང་ཕྱི་ལོགས་སུ་ཐོན་པ་དེ་དམངས་གཙོའི་འགྲོ་སྟངས་དང་མཐུན་གྱི་ཡོད་མེད་དྲིས་པར། 

ལན། ད་རེབ་ང་ཚོའི་ཁྱེར་ཡོང་པའི་མངོན་འདོད་དེ་ང་ཚོ་ཚོགས་བཅར་པ་གཅིག་པུའི་བསམ་ཚུལ་མ་རེད། དེ་ས་གནས་ཚོགས་མི་ཚང་མའི་མངོན་འདོད་རེད། ལྷོ་ཕྱོགས་ས་གནས་ཚོགས་མི་ཚོས་ཐེངས་འདིར་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་པ་མ་བཏང་པ་ཡིན་ན་གཞོན་ནུའི་ཚོགས་མི་ནས་འཐོན་རྒྱུ་ཡིན་ཟེར་མཁན་ཤ་སྟག་ཆགས་བསྡད་ཡོད་རེད། མི་མང་ཚོགས་ཁོངས་ནས་མ་བསྡད་པ་ཡིན་ན་ང་ཚོ་རྒྱུན་ལས་གཅིག་པུ་ས་གནས་ནས་བསྡད་ན་ག་གེ་ཅིག་བྱེད་རྒྱུ་ཡོད་པ་མ་རེད། མི་མང་གིས་ཐག་ཆོད་པོའི་ཐོག་ནས་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་ཞེས་པ་དེ་ང་ཚོ་སྐུ་ཚབ་བྱས་ཏེ་འདིར་ཚོགས་ཆེན་སྟེང་མང་ཚོགས་ཀྱི་མངོན་འདོད་ཞུས་པ་རེད། དེར་སྦྱངས་བཤད་བྱ་དགོས་རེད། འོན་ཀྱང་། ང་ཚོར་མངོན་འདོད་ཞུ་ས་མེད་པར་བརྟེན་ཕྱི་ལ་ཐོན་པ་རེད། དངོས་ནས་བཤད་ན་ཉིན་དང་པོའི་བརྗོད་གཞི་དེ་ཉིན་གཅིག་གཉིས་འགྲོ་དགོས་པའི་གལ་ཆེན་ཞིག་ཆགས་ཡོད། ཁོ་ཚོས་ཆུ་ཚོད་ ༢ ནང་ཐག་གཅད་བཞག་པ་རེད། གཞོན་ནུའི་ལངས་ཕྱོགས་ལ་འགྱུར་པ་བཏང་པ་ཡིན་ན། ང་ཚོས་སྔར་རྒྱུན་བཞིན་གཞོན་ནུའི་ལས་དོན་ཚང་མར་མཉམ་ཞུགས་བྱ་འདོད་ཡོད། དེ་མིན་ཕྱིར་ཐོན་རྒྱུ་ལས་ལྷག་ཡོད་མ་རེད།

གསར་འགོད་པ།་བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༦ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༧ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༡ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 17

  1. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    གཞོན་ནུའི་ཚོགས་མི་དང་མི་སྒེར་སུ་ཡིན་རུང་བླ་མ་དང་སྲིད་གཉིས་ཁ་ཁ་ཕྱེ་ཐུབ་པ་གནང་རོགས་ཞུ་རྒྱུ་ཡིན
    གལ་སྲིད་ད་དུང་བླ་མས་བཀའ་བསྒྲུབ་དགོས་ཟེར་བསྡོད་ན་དེ་ནི་སྲིད་དབང་སྒེ་བཅོད་པ་ཞིག་ལ་འགྱུར་འགྲོ་ལས་དམངས་གཙོ་ཞིག་ག་ན་ཡིན །དེ་ལུགས་ཐུགས་ལ་འཇོག་རྒྱུ་དང་མི་རྒན་སུ་ཡིན་རུང་ལེགས་ཆ་རྣམས་ལ་སློབ་སྦྱོང་བྱེད་པ་ལས་དེ་ངོས་པ་ལག་ལས་དགོས་ཟེར་ན་ཅུང་འགྲིག་ཨེ་ཡོང་ངམ །

    Reply
  2. མེ་རིའི་ངར་མ། says:
    ལོ་ 13 སྔོན།

    མངའ་རིས་འཕྲིན་ལས། ཁྱོད་ཁ་བདེ་པོ་མ་ཤོད། ༧ གོང་ས་མཆོག་གིས་འཛམ་གླིང་གི་རྒྱལ་ཁབ་མང་པོར་ཕྱག་གཉིས་ཐལ་མོ་སྦྱར་ནས་ངའི་བོད་མི་སྐྱབས་བཅོལ་བ་ཚོར་མཐུན་འགྱུར་རོགས་རམ་གནང་རོགས་ཞུས་ནས་ལོ་རྒན་བརྒྱད་ཅུ་མ་སླེབས་ཙམ་དུ་དཀའ་ཚེགས་གང་མང་རྒྱབ་པ་རེད། ད་བཙན་བྱོལ་ནང་གི་བོད་མི་གང་མང་ཞིག་གིས་རང་གི་མདུན་ལམ་ཡག་ཙམ་བྱུངབས་ད་ཁ་བདེ་པོ་བཤད་པ་འདི་ཚོར་འགྲོ་བ་མིའི་ཀུན་སྤྱོད་ཟེར་བ་མེད་པ་མངོན་གསལ་རེད། ང་ཚོར་དམངས་གཙོ་གནང་མཁན་༧གོང་ས་མཆོག་རེད། ཁོང་གིས་དེ་བྱེད་དེ་་བྱེད་ཆོག་གི་མ་རེད་ནམ་ཡང་གསུངས་སྲིད་ཀྱི་མ་རེད། ཁྱོད་བློ་བདེ་པོར་བསྡོད།

    Reply
  3. མངའ་རིས་འཕྲིན་ལས། says:
    ལོ་ 13 སྔོན།

    གང་ལྟར་ལྷོ་ཕྱོགས་གཞོན་ནུ་ཚོགས་མི་ཁག་གཅིག་གིས་ཞབས་འདྲེན་བཞག་འདུག་ཚང་མའི་ངོ་གདོང་ལ་ཐལ་བ་འདེབས་རྒྱུ་རང་རེད། གཞོན་ནུ་ཚོགས་པ་ནི་གཞིས་བྱེས་གཉིས་ཀྱི་རེ་བའི་དམིགས་ཡུལ་ཆབ་སྲིད་ཚོགས་པ་གལ་ཆེ་ཤོས་དེ་རེད། ད་ཆ་ཚོགས་པ་དེའི་ཚོགས་ཆེན་སྟེང་རང་རིགས་བརྒྱ་ཕྲག་ལྷག་བོད་མི་རིགས་ཀྱི་བདེ་དོན་ཆེད་རང་སྲོག་བློས་གཏོང་གནང་བའི་ཐད་ཁོ་ཚོས་དམིགས་ཡུལ་དང་མཐུན་པ། ཁོ་ཚོས་དམིགས་འདུན་དང་མཐུན་པའི་ལས་འགུལ་སྤེལ་ཕྱོགས་ཐད་བཤད་རྒྱུ་མེད་པར། མི་དགོས་བཙན་བྱོལ་ནང་གི་བླ་ཆེན་དང་དཔོན་ཆེན་ཁག་གཅིག་གི་དགོངས་པར་འགྲོ་དང་མ་འགྲོ་གླེང་བསྡད་པ་མ་གཏོགས་གཞིས་ལུས་བོད་མི་ལ་བསམ་བློ་མ་འཁོར་པ་དེ་ངོ་ཚ་དགོས་པའི་ལས་ཀ་རང་རེད། ད་ནི་བཟུང་གཞོན་ནུས་སྔར་བཞིན་མི་རེ་བཟུང་དང་ཆོས་ལུགས་རེ་བཟུང་གི་སྣང་བ་འགྲོ་དང་མི་འགྲོ་མི་ལྟ་བར། གཞིས་བྱེས་གཉིས་ཀྱི་བོད་མི་རིགས་ཀྱི་བདེ་དོན་ཁོ་ན་ལ་དགོངས་པ་བཞེས་ནས་ཕྱག་ལས་སྔར་བཞིན་གནང་རོགས་ཞུ་རྒྱུ་ཡིན།

    Reply
  4. མངའ་རིས་འཕྲིན་ལས། says:
    ལོ་ 13 སྔོན།

    རང་རེ་བཙན་བྱོལ་པ་རྣམས་རང་དབང་མང་གཙོ་ཡིན། རྒྱ་ནག་ནི་དམངས་གཙོ་གཅིག་སྡུད་རེད། དེ་གཉིས་ཀྱི་ཁྱད་པར་ནི་གཞུང་དང་གཞུང་འཛིན་ལ་སྐྱོན་བརྗོད་བྱེད་པ། སོ་སོ་རང་ཉིད་ཀྱི་ལྟ་བ་བཤད་རྒྱུར་སྨྲ་བརྗོད་རང་དབང་སོགས་ཚུད་ཡོད། གཞན་ནི་དེ་ལས་ལྡོག་པ་རེད།

    Reply
  5. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 13 སྔོན།

    ས་གནས་བརྒྱད་ཀྱི་ཚོགས་མི་རྣམས་ལ་མཁྲེགས་འཛིན་ཆེ་བ་ལས་བོད་པའི་སྐྱིད་སྡུག་ལ་བསམ་བློ་རྩ་ནས་བཏང་མིན་འདུག།
    གཞོན་ནུས་རང་གི་ལངས་ཕྱོགས་དོར་བ་ནི་བོད་པའི་ཕམ་ཁ་ཞིག་རེད།

    Reply
  6. མེ་རིའི་ངར་མ། says:
    ལོ་ 13 སྔོན།

    རང་དབང་ལུང་པའི་ནང་ང་ཚོ་དམངས་གཙོའི་ལམ་ལ་གནས་ཚུལ་གང་ཡང་ཡོང་སྲིད།
    མ་གཞི་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རང་བཙན་གྱི་ལང་ཕྱོགས་ལ་འགྱུར་བ་གཏོང་མི་དགོས་པ་གང་ཡང་མེད། ཚོགས་པའི་མིང་ལ་གཞོན་ནུ་ལྷན་ཚོགས་ཟེར་བ་ལས་རང་བཙན་ལྷན་ཚོགས་འམ་བོད་རྒྱལ་ཁབ་རང་བཙན་ཚོགས་པ་ཟེར་མིང་ཡོད་མ་རེད། ཚོགས་དྲུང་དང་ཚོགས་འདུར་སྟངས་འཛིན་གནང་མཁན་གིས་ཚོགས་ཞུགས་པ་ཚོར་དགོངས་ཚུལ་བཤད་མ་བཅུག་པ་ནི་ངོ་མ་བློ་ཕམ་རེད་ལ་དམངས་གཙོའི་འགྲོ་སྟངས་དེ་བས་ཀྱང་མ་རེང། ཚོགས་མི་མི་ཉུང་བ་ཞིག་ཕྱིར་འཐོན་མེད་ཀྱང་ཐེ་ཚོམ་ངང་བཞུགས་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་རེད། ། གཞོན་ལྷན་ཡང་དམངས་གཙོའི་ཐོག་འགྲོ་དགོས་གལ་ཆེ།

    Reply
  7. ཤིག། says:
    ལོ་ 13 སྔོན།

    གསར་ོའགོད་པའི་
    ཁྲི་ཟུར་ོམཆོག་གི་༧གོང་ས་མཆོག་དགོངས་པ་སྐྲུགས་རྐྱེན་༤་བརྗོད་གཞི་བཀོད་པ་ཙམ་ལས་དོན་དངོས་བརྗོད་བྱའི་ནང་ཁོད་མི་འདུག་པའི་གསར་འའགྱུར་ཁ་གསལ་མི་འདུག།

    ཕྱིར་འཐོན་པའི་ས་གནས་བརྒྱད་གྱི་ཚོགས་མི་ཚོས་གལ་སྲིད་གཞོན་ནུ་ཚོགས་པ་དེ་མཐུ་ཐུད་གནས་མ་ཐུབ་པ་དང་དབུས་རྒྱུན་གསར་འདེམས་པ་ཐུབ་ཚེ་ཁྲི་ཟུར་མཆོག་གི་གསུངས་པ་ལྟར་༧གོང་ས་མཆོག་ལ་མིང་ཆལ་ཡོངས་ཉེན་ཡོད་པ་སྔ་ས་བསམ་བློ་མ་འཁོར་པ་སྐྱོ་བོ་རེད་ལ་ཁྱེད་རྣམ་ནས་༧གོང་ས་མཆོག་གི་བཀའ་སློབ་ལ་ཁག་ཀུར་ནས་ལངས་ཕྱོགས་འདོར་བ་ཡིན་ན་མང་གཙོ་ཡང་དག་གི་འགྲོ་བཏང་ཞིག་ཀྱང་མ་ཐོངས།

    Reply
  8. གནས་ཚང་། says:
    ལོ་ 13 སྔོན།

    ད་འགྲིག་བཞག ལྷ་མིའི་རྣམ་འདྲེན་གང་གི་བཞེད་དོན་འགྲུབ་སོང་བ་རེད། ལྷ་དགོངས་དྭངས་གསལ་ཡོང་ཤག་རེད། ཡིན་ནའི། བོད་ནང་ནས་འདི་ལྟར་བསྡད་མི་སྲིད་པ་ཞིག་རེད།

    Reply
  9. ཤག་སྒང་པ། says:
    ལོ་ 13 སྔོན།

    གསར་འགྱུར་འཁྲུག་ཏུ་འགྲོ་རིམ་བཞིན་གསར་འགོད་པའི་ཡིག་ནོར་ཡང་མང་དུ་འགྲོ་གིན་འདུག་པས་ངེས་པར་ཡིད་གཟབ་དགོས་པ་རེད། ཇི་ཙམ་གྱི་བྲེལ་ཡང་ཡིག་ནོར་རྩ་ནས་འབྲི་མི་ཉེན།

    གཞོན་ནུའི་ལངས་ཕྱོགས་དང་འབྲེལ་བའི་གསར་འགྱུར་འདིས་ས་གནས་ཁག་ཏུ་འཁྲུག་ཏུ་ཅིི་འགྲོ་རེད།

    སྲང་གཞུང་ཁག་ཁུག་ཚང་མར་ཚོ་ཁག་ཚོ་ཁག་ཏུ་གྱེས་ནས་ཕན་ཚུལ་བགྲོ་གླེང་བྱེད་ཀྱིན་མཐོང་།

    ཡིན་ནའང་ཡ་མཚན་ཆེ་ཤོས་ནི། གཞོན་སྐྱེས་ཀྱི་ཁྲོད་དུ་བོད་རང་བཙན་རྩ་བ་ནས་དོར་མི་རུང་ཟེར་ཐུབ་ཙམ་ལས། ལམ་དབུ་མ་དང་། རང་བཙན་གཙང་མ་ཟེར་ན་གང་འདྲ་ཞིག་ཡིན་པ་དང་། དེའི་རྒྱབ་མདུན་གྱི་གནས་ཚུལ་རྩ་ནས་ཤེས་ཀྱི་མི་འདུག་པས། མ་འོངས་པར་སྒྲིག་འཛུགས་གཉིས་ནས་གཞོན་སྐྱེས་རྣམས་ལ་ཟབ་སྦྱོང་གོ་རྟོགས་མང་ཙམ་སྤེལ་དགོས་པ་ནི་ཛ་དྲག་ཆེ་ཤོས་ཀྱི་གནས་ཚུལ་ཞིག་ཡིན་འདུག

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    གཞོན་ལྷན་གལ་སྲིད་དབུ་མར་བཞུགས་པ་ཡིན་ན་ཡང་། ༸གོང་ས་མཆོག་གི་བཀའ་ལ་བརྟེན་ནས་བཞུགས་ན་ནོར་བ་རེད། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་མཐུན་ཐབས་བྱས་ནས་དབུ་མར་འཇུག་ན་ཡང་ནོར་བ་རེད། འོནད་ཀྱང་། གཞོན་ནུ་རང་གི་སྔ་གྱི་སྲོལ་རྒྱུན་ལྟར་རང་བཙན་གྱི་ལྟ་བ་འཁྲེགས་བཟུང་བྱས་ནས་ཕན་ཐོགས་མེད་པ་མཐོང་བཞིན་དུ། གཞོན་ལྷན་དབུ་མར་མ་བཞུགས་ན་དེ་བས་ཀྱང་ནོར་བ་རེད་དོ།།

    Reply
  11. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ༣༠༽ ཀརྡོ་གཉེར་ཕྱག་པ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༣༡ གི་ཆུ་ཚོད་ ༢༢ སྐར་མ་ ༡༡
    གཞོན་ལྷན་གལ་སྲིད་དབུ་མར་བཞུགས་པ་ཡིན་ན་ཡང་། ༸གོང་ས་མཆོག་གི་བཀའ་ལ་བརྟེན་ནས་བཞུགས་ན་ནོར་བ་རེད། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་མཐུན་ཐབས་བྱས་ནས་དབུ་མར་འཇུག་ན་ཡང་ནོར་བ་རེད། འོནད་ཀྱང་། གཞོན་ནུ་རང་གི་སྔ་གྱི་སྲོལ་རྒྱུན་ལྟར་རང་བཙན་གྱི་ལྟ་འཁྲེགས་བཟུང་བྱས་ནས་ཕན་ཐོགས་མེད་པ་དང་མཐོང་བཞིན་དུ། གཞོན་ལྷན་དབུ་མར་མ་བཞུགས་ན་དེ་བས་ཀྱང་ང་ཀྱང་ནོར་བ་རེད་དོ།།

    Reply
  12. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    གཞོན་ནུའི་ལང་ཕྱོགས་དབུ་མར་བསྒྱུར་ཚེ། གཞོན་ལྷན་དགོས་དོན་མི་འདུག བཙན་བྱོལ་སྒྲིག་འཛུགས་ཡོད་ཡོད་པ་རེད། གོང་གསལ་གདམ་ག་ཚོགས་པ་བཞིན་སྒོ་རྒྱོབས། ཟམ་གདོང་བླ་རྒན་མང་པོ་མ་གསུང་སྔར་ཁྱེད་རང་གིས་བཤད་པ་ལ་བསམ་བློ་ཐོངས། ཐེངས་ཤིག་ཕལ་ཆེར་རྡ་སའི་རྒྱ་གར་བའི་གསར་འགོད་པ་ཞིག་ངོ་ཤར། དེ་ལ་ཁོང་གིས། མ་འོོངས་པར་ང་རང་ཆབ་སྲིད་ཀྱི་ལས་ཀ་འདི་ལས་ཡོལ་མཚམས། མེ་ཏོག་གླིང་ཁ་ཞིག་ལ་ཆུ་བླུག་ནས་མེ་ཏོག་སྐྱེད་སྤེལ་དང་ལྷོད་དལ་ངང་སྡོད་རྒྱུ་དང་། བར་བར་ལ་དེབ་འདྲ་རྩོམ་བྲིས་བྱས་ནས་བསྡད་རྒྱུ་ཡིན་ཞེས་གསུང་འདུག་དེ་ཡིད་ལ་དྲན་པར་གྱིས། ༧སྐྱབས་མགོན་རིན་པོ་ཆེ་ཡིནའང་ཆབ་སྲིད་རྩིས་སྤྲོད་ཟིན་པས་ལྷོད་བཞུགས་མཛད་ན་ལེགས་ཆ་ཆེ་བས་ཐུགས་དབུས་བསྟི་བ་ཞུ།

    Reply
  13. བཙན་ནག་པས། says:
    ལོ་ 13 སྔོན།

    གཞོན་ནུ་ཡིན་ཟེར་ན་ངོ་ཚ་ཡས་རང་རེད། ལོ་ལ་ཆ་བཞག་ན་སྤོ་རྒན་ལོ་ལྔ་བཅུ་དྲུག་བཅུ་ཟིན་ཀྱང་ད་དུང་གཞོན་ནུ་ཡིན་ཟེར། ལྟ་བ་ལ་ཆ་བཞག་ན་གུ་ཡང་གིས་བསམ་པ་རྩ་བ་ནས་མེད་པར་རང་ལྟ་མཆོག་འཛིན་ཁོ་ན་བྱེད་མཁན་ཤ་གཅིག་རེད། གཟིགས་དང་ཕྱི་ལ་དོན་ཡོངས་མཁན་ནས་མང་ཆེ་བ་སྤོ་ཏོ་རེད་འདུག འདི་དག་ལ་གཞོན་ནུ་ཟེར་ན་སྤོ་ཏོ་ང་ཡང་ཕོ་གསར་ཡིན་བགྱི་རེད། ཧཧཧཧཧཧ

    Reply
  14. སྦྲ་ནག says:
    ལོ་ 13 སྔོན།

    ད་ལན་ཚོགས་ཆེན་ནས་ཕྱིར་ཐོན་མཁན་རྣམ་ལ་༧་གོང་ས་མཆོག་ལ་མཚས་སྨད་བཟོ་འདོད་ཀྱི་ཀུན་སློང་ཡོད་མེད་མི་ཤེས་ཀྱང་གཞོན་ནུའི་ཚོགས་ཆེན་ལ་བར་ཆད་འདྲ་བྱུང་ན་༧་གོང་ས་མཆོག་ལ་མཚན་ཤས་སུ་མི་འགྲོ་བའི་ངེས་པ་མེད་སྟབས་དེའི་འགན་དེ་དག་ཚོགས་ཐོག་ནས་ཐོན་མཁན་དག་གི་ཕྲག་ཏུ་བབ་ཡོད།

    Reply
  15. མགོ་ལོག་ཟླ་བྷེ། says:
    ལོ་ 13 སྔོན།

    གཞོན་ནུ་ལྷན་ཚོགས་ལ་གྲོས་སུ་བཏབ་པ་ཁ་ཚ་དགོས་གཏུགས་མ།

    འདིར་ཚིག་ཉུང་ངུའི་སྒོ་ནས་གོ་བདེ་བར་ཞུ་རྒྱུར། དུས་དང་གནས་སྐབས་ལ་དཔག་ནས་བཤད་ན།
    ང་ཚོའི་སྒྲིག་འཛུགས་གཞུང་གི་ཆབ་སྲིད་ལང་ཕྱོགས་ནི་ལམ་དབུ་མ་ཉག་གཅིག་ལ་ཡིད་ཆེས་བརྟན་པོའི་ངང་། བོད་ཁུལ་སྣོད་བཅུད་ཡོངས་རྫོགས་གཅིག་ཏུ་སྒྲིལ་བའི་ཆེས་ཚད་མཐོའི་རང་སྲིད་རང་སྐྱོང་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབད་ཅིང་སྐྱོད་རྒྱུ་ནི་ཅི་ནས་ཀྱང་གལ་ཆེ་བ་ནང་བཞིན། རང་བཙན་གཙང་མ་རྩོད་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྒེར་སྤྱི་དང་། སྐབས་བབ་གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་གཙང་མའི་འཐབ་རྩོད་རྒྱུན་སྐྱོང་བྱེད་རྒྱུ་ནི་གོང་དང་གཅིག་མཚུངས་ཀྱི་གནད་འགག་གལ་བོ་ཆེ་ཞིག་ཏུ་མཐོང་ཡོད།
    ལང་ཕྱོགས་ལ་འགྱུར་བ་ཟེར་བ་དེའི་གོ་བ་རང་བཙན་བློས་གཏོང་ལ་གོ་གི་ཡོད་ན།དེ་ནི་ནོར་འཁྲུལ་ཚབ་པོ་ཆེ་ཞིག་ཡིན་ལ། ཉི་མ་དེ་ནས་བཟུང་གཞོན་ལྷན་ནི་ལས་མེད་ཕོ་ལྷག་འབའ་ཞིག་ལས་ཅི་ཡང་མེད།
    རེད་དེ་གཤམ་གསལ་དོན་ཚན་འགའ་ལ་དོ་སྣང་ཆེན་པོ་བྱེད་རྒྱུར་སྐུལ་གྱིན་ཡོད།
    ༼༡༽༧གོང་ས་མཆོག་སྐུ་སྒེར་དང་།སྒྲིག་འཛུགས་གཞུང་།དེའི་ལང་ཕྱོགས་ལམ་དབུ་མ་དང་བཅས་པ་ལ།མཚོན་ཁ་ནང་སྐོར་གྱིས་མ་ཉེས་ཁ་ཡོག་དང་།མ་གོ་ལོག་འགྲེལ། སྒྲོ་འདོགས་སྐུར་འདེབས་སོགས་རྩ་བ་ནས་མི་བྱེད་རྒྱུ་དང་། དེ་རིགས་བྱེད་མཁན་གྱི་གཞོན་ནུའི་ཚོགས་མི་བྱུང་ན་ཕྱིར་འཕུད་ཀྱི་ཡོངས་ཁྱབ་གསལ་བསྒྲག་བྱེད་རྒྱུ།
    ༼༢༽ སྒྲིག་འཛུགས་གཞུང་གིས་ལས་འགུལ་ཆེ་ཕྲ་སྤེལ་རིགས་ལ ། གཞོན་ནུའི་ཚོགས་མི་སྒེར་བ་མཉམ་ཞུགས་བྱས་ཡོད་ནའང་། སྐབས་དེར་གཞུང་གི་ལང་ཕྱོགས་ལ་བརྩི་བཀུར་ཐོག་འབོད་ཚིག་སོགས་དབུ་མའི་ལམ་དང་བསྟུན་དགོས་པ་ལས།( བོད་རང་བཙན་གཙང་ཡིན)སོགས་སྐབས་འཚོལ་རིང་ལུགས་བྱེད་མི་རུང་།
    ༼༣༽རང་བཙན་འཐབ་རྩོད་ཀྱི་དགོས་པ་རྒྱུ་མཚན་གསལ་པོར་ངེས་ཐོག ཐབས་ལམ་སྣ་མང་ཅན་དང་།ཤེས་རབ་ཅན། གསར་གཏོད་ཅན ། ཞི་བ་ཅན། ཆེ་མཐོང་ཅན། མིག་རྒྱང་ཅན། སྟུན་མཁས་ཅན་བཅས་བྱེད་དགོས་རྒྱུ།

    ༼༤༽རང་བཙན་མི་སྤྲོད་མཁན་དེ་སུ་ཡིན་མིན་ངོས་ཟིན་པའི་ཐོག་ནས།འཐབ་རྩོད་བྱེད་སའི་ཁ་ཕྱོགས་ཕྱི་ནང་མ་ནོར་བ་བྱེད་རྒྱུ་བཅས་དཔྱད་གཞི་ཙམ་ལ་ཕུལ་བ་ལགས།

    Reply
  16. འཇིགས་བྲལ་བསྟན་འཛིན། says:
    ལོ་ 13 སྔོན།

    དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཟམ་གདོང་རིན་པོ་ཆེས།
    གལ་སྲིད་མ་འོངས་པར་༧གོང་ས་མཆོག་གིས་བཀའ་ཕེབས་པ་དང་དགོངས་པ་དཀྲུག་པ་དེའི་ཐད་ནས་ས་གནས་ཁག་ཁ་ཤས་ཤིག་གིས་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་ཟེར་པ་དེ་འདྲ་དང་། ཡོང་རྒྱུ་བསྡད་པའི་གཞོན་ནུའི་དབུས་རྒྱུན་གསར་པ་འདེམས་ཡ་ལག་ལེན་བསྟར་མ་ཐུབ་པ་ཡིན་ན། དེའི་མིང་ཆལ་ཟེར་ན་འདྲ་དོ་ཕོག་དེ་༧གོང་ས་མཆོག་ལ་ཕོག་མི་སྲིད་པ་མ་རེད། དེར་བརྟེན་གཞོན་ནུའི་ལངས་ཕྱོགས་དང་ལྟ་གྲུབ་བརྟན་པོར་བསྡད་པའི་ཐོག་ནས་མུ་མཐུད་ཕེབས་ཐུབ་ན་ཡག་པོ་ཡོད་པ་རེད་ཅེས་པའི་བཀའ་སློབ་ཕེབས་བྱུང་ཞེས་བརྗོད་བྱུང་ཟེར།

    Reply
  17. བསྟན་ཆོས། says:
    ལོ་ 13 སྔོན།

    སྤྱི་འཐུས་༡༢ ཀྱིས་བསོད་སྟོབས་རྩེད་ཆོས་བྱས་པ་བཞིན་ཧོང་སོར་གཞོན་ནུ་འགས་རྒྱུན་ལས་ལ་སྤོར་བཅུ་ལོག རྒྱུན་ཚབ་ཚོས་དབུས་གཞོན་ལ་རྙོག་དྲ་སློང་གི་ཡོད་ཀྱང་། བསོད་སྟོབས་ལ་ཁ་གཡར་བ་དང་གཅིག་མཚུངས་རེད་མི་འདུག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese