རེས་གཟའ་ཟླ་བའི་ཉིན་རྒྱ་ནག་པེ་ཅིན་གྱི་ནུབ་ཕྱོགས་རླངས་འཁོར་ས་ཚིགས་ནས་ཁྲུང་ཆིན་གྱི་རྒྱ་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་འདུག
ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་ཕྱི་དྲོར། རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་ནས་ཡིན་པའི་ཀྲུའུ་ཝང་ཧུའུ་ཟེར་བའི་རྒྱ་མི་ཞིག་གིས། པེ་ཅིན་གྲོང་ཁྱེར་ནུབ་ཕྱོགས་རླངས་འཁོར་ས་ཚིགས་ཀྱི་འཛིན་བྱང་ཉོ་སའི་ཁང་སྟེང་དུ་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། སྐབས་དེར་ཁོང་དང་མཉམ་དུ་ཡོད་པའི་ཁོང་གི་བུ་ཡིས་བརྗོད་པ་ལྟར་ན། དང་ཐོག་ཀྲུན་ཝང་ཧུའུ་ཡིས་ཁང་པའི་སྟེང་དུ་ཡིག་ཆ་གཏོར་འགྲེམས་བྱེད་བཞིན་པའི་སྐབས་སུ། སྐྱེས་པ་ཞིག་ཡོང་ནས་ཁོང་ལ་བསླབ་བྱ་བརྒྱབ་པ་དང་། དེ་ནས་གློ་བུར་དུ་ཁོང་གིས་རང་གི་ལུས་སྟེང་དུ་རླངས་སྣུམ་བླུགས་ཏེ་མེ་སྤར། དེ་མ་ཐག་ཉེ་འཁོར་གྱི་འགྲུལ་བ་དང་ཉེན་རྟོག་པས་མེ་གསོད་འཕྲུལ་ཆས་ཀྱིས་མེ་བསད་དེ་སྨན་ཁང་དུ་བསྐྱལ་ཡོད་པ་དང་། ད་ལྟ་སྲོག་ཉེན་ལས་ཐར་ཙམ་བྱུང་ཡོད་ཀྱང་། སྨན་ཁང་དུ་ཁོང་ལ་ལྟ་རུ་འགྲོ་འདོད་ཀྱང་། ཕ་ཡུལ་གྱི་ས་གནས་ཉེན་རྟོག་ཁང་གིས་དང་ཐོག་ངེད་ཕ་བུ་གཉིས་ཁྲུང་ཆིན་ནས་པེ་ཅིན་ལ་ཆོག་མཆན་མེད་པར་ཕྱིན་པའི་ཉེས་མིང་གཡོག་འཆར་ཡོད་པ་ཐོས་སྟབས། འཛིན་བཟུང་བྱེད་པར་དོགས་ནས་པེ་ཅིན་ནས་འགྲོ་དགོས་ཁེལ་བའི་སྐོར་བརྗོད་འདུག
ཡང་ཁོང་གིས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་སྐོར་བརྗོད་པ་ལྟར་ན། ཀྲུའུ་ཝན་ཧུའུ་དམག་མི་རྒན་པ་ཞིག་ཡིན་ལ། རྒྱ་ནག་དང་ར་ཤི་ཡའི་མུ་ཏིག་གྲུ་ཁའི་(zhen bao dao)དམག་འཁྲུག་ཁྲོད་ཞུགས་མྱོང་ཞིང་། ཕྱིས་སུ་ཁོང་ཁྲུང་ཆིན་གྱི་སྨན་ཁང་ཞིག་གི་འགན་འཛིན་གཞོན་པ་རུ་གནས་སྤོ་བྱས་ཡོད་པ་དང་། ༢༠༠༤ ལོར་དཔལ་འབྱོར་གྱི་རྩོད་རྙོག་ཅིག་གི་ཁྲོད་གཞན་གྱི་མགོ་སྐོར་འོག་ཚུད་ཡོད་འདུག རྗེས་སུ་ཁྲིམས་ཁང་ལ་གཏུག་བཤེར་སྐབས། ཁྲིམས་ཁང་གི་མགོ་ཁྲིད་གཞོན་པ་དང་ཁྲིམས་ཞིབ་མི་སྣ་སོགས་ལ་གཞན་གྱིས་ལྐོག་ངན་སྤྲད་དེ་གལ་གནད་ཆེ་བའི་བདེན་དཔང་ཡིག་ཆ་སོགས་ཚང་མ་མེར་བསྲེགས་བཏང་སྟབས། ཀྲུའུ་ཝན་ཧུའུ་ཡིས་འདས་པའི་ལོ་ ༩ ནང་ཐེངས་ ༢༠༠ ལྷག་ལ་ཞུ་གཏུག་བྱས་ཀྱང་ཕམ་ཁ་བྱུང་བ་མ་ཟད། ཁོང་གི་བུ་ཆེ་བ་སྨྱོན་པར་གྱུར་བ་དང་། བུ་ཆུང་བ་དང་ཆུང་མ་གཉིས་ཁ་བྲལ་དུ་བཅུག་པ་སོགས་ཁོང་གི་ཁྱིམ་ཚང་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་འདུག
ད་ལོའི་ཕྱི་ཟླ་ ༣ པར་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོ་གསར་འདེམས་བྱས་སྟབས། ཀྲུའུ་ཝན་ཧུའུ་གྱིས་རེ་བ་གསར་པ་ཞིག་བཟུང་སྟེ་པེ་ཅིན་དུ་ཕྱིན་ཡོད་ཀྱང་གཏུག་བཤེར་ལ་འབྲས་བུ་གང་ཡང་མ་བྱུང་པར་བརྟེན། ཟླ་ ༣ ཚེས་ ༩ ཉིན་ཁོང་གིས་གནམ་བདེ་སྒོ་མོ་ཆེའི་ཉེ་འགྲམ་དུ་རང་ལུས་མེར་བསྲེགས་གཏོང་རྩིས་བྱས་ཡོད་ཀྱང་། ཉེན་རྟོག་པས་ཤེས་རྟོགས་བྱུང་ཡོད་འདུག ད་ལྟ་ཁོང་ལོ་ ༧༠ ཟིན་ཡོད་སྟབས་པེ་ཅིན་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་མེད་ཀྱང་། ཁྲུང་ཆིན་གྱི་བདེ་འཇགས་ལྟ་སྲུང་མི་སྣས་རྒྱུན་དུ་ཁོང་ལ་ལྟ་རྟོག་བྱེད་ཀྱི་ཡོད་འདུག ཕྱི་ཟླ་ ༥ ཚེས་ ༢༨ ཡས་མས་སུ། ཁོང་ཡང་བསྐྱར་པེ་ཅིན་དུ་ཕྱིན་ཏེ་ཞུ་གཏུག་བྱས་ཡོད་ཀྱང་འབྲས་བུ་མ་ཐོན་པར་རང་ལུས་མེར་བསྲེགས་བཏང་བ་ཞིག་ཡིན་འདུག