ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦།༢༢ སྟེང་། རྒྱ་ནག་ཞཱ་མིན་གྲོང་ཁྱེར་གྱི་མྱུར་བགྲོད་གཞུང་ལམ་སྟེང་། སྤྱི་སྤྱོད་རླངས་འཁོར་ཆེ་བ་ཞིག་ལ་འབར་གས་མེ་སྐྱོན་དོན་རྐྱེན་བྱུང་སྟེ་མི་ ༤༧ འདས་གྲོངས་དང་། གཞན་མི་ ༣༤ ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་སྨན་ཁང་དུ་བསྐྱལ་ཡོད་འདུག
རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ནང་། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིབ་དཔྱོད་པ་དང་སྤྱི་བདེ་མི་སྣ་ས་གནས་སུ་འབྱོར་ཏེ། ས་གནས་ཉེན་རྟོག་ཚན་པ་དང་མཉམ་འབྲེལ་གྱིས་ཞིབ་འཇུག་བྱས་པ་ལྟར་ན། ཐེངས་འདིའི་དོན་རྐྱེན་དེ་ཞཱ་མིན་ས་གནས་ཀྱི་རང་ལོ་ ༥༩ ཡིན་པའི་ཁྲིན་ཧྲོས་ཟེར་བ་ཞིག་ལ་འབྲེལ་བ་ཡོད་པ་དང་། ཁོ་རང་མེ་སྐྱོན་ཁྲོད་འདས་གྲོངས་སུ་ཕྱིན་ཡོད་ཚུལ་ཙམ་ལས། ཁོས་རྒྱུ་མཚན་གང་འདྲ་ཞིག་གི་ཆེད་དུ་ལས་ཀ་དེ་བརྩམས་པ་དང་ཇི་ལྟར་བརྩམས་པ་སོགས་ཀྱི་ཞིབ་ཁྲ་བཀོད་མི་འདུག
ཐེངས་འདིའི་དོན་རྐྱེན་དེ་ནི་རྒྱ་ནག་གི་འཛིན་ཞི་ཅིན་ཕིན་ཨ་རིར་གཞུང་འབྲེལ་གཟིགས་སྐོར་གྱིས་སྲིད་འཛིན་ཨོ་བྷ་མ་དང་ཐུག་འཕྲད་བྱེད་བཞིན་པའི་ཉིན་མོར་འཁེལ་ཡོད་མོད། རྒྱ་ནག་ཞཱིན་ཧྭ་དྲ་བའི་སྟེང་། སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་གཉིས་ཀྱིས་གནས་ཚུལ་དེའི་ཐད་མཛུབ་སྟོན་གནང་ཡོད་སྐོར་བཀོད་འདུག
དོན་རྐྱེན་སློང་མཁན་གྱི་མི་ངོས་འཛིན་ཐུབ་ཡོད་ན་རྒྱུ་མཚན་ག་རེ་ཆེད་དུ་མེ་སྐྱོན་བཟོས་པ་ཅིའི་ཕྱིར་མ་བཤད་པ་རེད། འདིའི་ནང་དུ་གནས་ཚུལ་ཆེན་པོ་ཞིག་སྦེད་སྐུང་བྱས་ཡོད་པ་གསལ་བོ་རེད། རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་གཉིས་ཀྱིས་མེ་སྐྱོན་བྱུང་ཡུལ་དུ་མཛུབ་སྟོན་བྱས་ཡོད་ཟེར་བ་དེ་རྒྱ་ནག་གི་འཆར་ཅན་ལྟ་བུ་རེད། དེ་སྲིད་འཛིན་སྲིད་བློན་གྱིས་བྱེད་དགོས་པ་ཞིག་མ་རེད་ལ་གོང་རིམ་ནས་དེ་ལྟར་བྱེད་དགོས་པའི་བཀོད་ཁྱབ་གཏོང་དགོས་པ་ཞིག་ཀྱང་མ་རེད། གཞུང་འབྲེལ་གསར་ཁང་ཁག་གིས་དེ་ལྟར་དུ་བསྒྲགས་དགོས་པའི་འོས་འགན་ཞིག་རེད།