ཉེ་ཆར་རྒྱ་གཞུང་གིས་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་སློབ་མ་དབང་ཕྱུག་རྡོ་རྗེ་ལགས་ལ་ལོ་ ༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
སྔར་ལོའི་ཕྱི་ཟླ་ ༡༡ ཚེས་ ༩ ཉིན་གྱི་ཕྱི་དྲོར། རྨ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ་དང་རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་། རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། རེབ་གོང་རྫོང་མི་རིགས་སློབ་འབྲིང་སོགས་སློབ་གྲྭ་ཁག་གི་སློབ་མ་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས། “མི་རིགས་འདྲ་མཉམ་བྱ་དགོས།” “བོད་ལ་རང་དབང་དགོས། ” “རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས”སོགས་ཀྱི་སྐད་འབོད་ཁྲོམ་སྐོར་གནང་སྐབས། རྒྱ་གཞུང་ཉེན་རྟོག་པས་སློབ་ཕྲུག་མང་པོར་གཅར་རྡུང་བྱས་ཏེ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། སློབ་མ་མང་པོ་འཛིན་བཟུང་དང་སློབ་སྤྱི་ཁག་ཅིག་གནས་དབྱུང་བཏང་ཡོད་པ་ལྟར། སྐབས་དེར་འཛིན་བཟུང་བྱས་པའི་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་སློབ་མ་དབང་ཕྱུག་རྡོ་རྗེ་ལགས་ལ། ཉེ་ཆར་ས་གནས་ཁྲིམས་ཁང་ཞིག་ནས་སློབ་མའི་ལས་འགུལ་གྱི་སྣེ་འཁྲིད་པའི་ཉེས་མིང་འོག་ལོ་ ༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག གཞན། སྐབས་དེར་འཛིན་བཟུང་བྱས་པའི་སློབ་མ་ཁག་ཅིག་གི་གནས་ཚུལ་ད་ལྟའི་ཆར་གང་འདྲ་ཆགས་ཡོད་མེད་ཤེས་རྟོགས་ཐུབ་ཡོད་མི་འདུག
སློབ་མ་དབང་ཕྱུག་རྡོ་རྗེ་ལགས་ནི་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ཉིན་ཤུལ་ཤང་རོང་བོ་སྡེ་བ་ནས་ཡིན་ཞིང་། ཁོང་འཛིན་བཟུང་བྱེད་སྐབས་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་བའི་སློབ་མ་ཡིན་འདུག