འདི་ལོའི་ཕྱི་ཟླ་ ༢ བའི་ནང་རྒྱ་གཞུང་གིས་བོད་ནང་གི་རང་ལུས་མེར་བསྲེཊ་སྐོར་ལ་བརྙན་འཕྲིན་ཞིག་བཟོས་ཏེ་རྒྱལ་སྤྱིའི་ནང་བཀྲམས་ཡོད་པ་དང་། དེའི་ནང་བོད་མདོ་སྨད་རྨ་ལྷོ་རེབ་གོང་དུ་ལོ་མང་རིང་དགེ་རྒན་གྱི་ལས་ཀ་བྱས་ཏེ་དེང་སྐབས་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་གནམ་མཁའ་བྱམས་ལགས་ཆེད་དུ་བསྟན་ནས། རྒྱལ་ཁབ་ཀྱི་གླ་ཕོགས་ལེན་བཞིན་པའི་ལས་བྱེད་ཅིག་གིས་རྒྱལ་ཁབ་ལ་ངོ་རྒོལ་བྱེད་བཞིན་ཡོད་པའི་ཉེས་འཛུགས་དྲིལ་བསྒྲགས་ཤུགས་ཆེར་བྱས་ཡོད་པ་མ་ཟད། ཕྱི་ཟླ་ ༤ ཟླ་མགོ་ཙམ་ལ་ས་གནས་མི་དམངས་ཁྲིམས་ཁང་གིས་ཁོང་ལ་རྨ་ལྷོ་རེབ་གོང་དུ་རང་ལུས་མེར་བསྲེཊ་གནང་སྐབས་ཀྱི་འདྲ་པར་ཕྱི་ཕྱོགས་སུ་བཏང་བའི་ཉེས་མིང་འོག་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་འདུག
ཁོང་བཙོན་ཁང་དུ་འགྲོ་སྐབས་ནང་མི་བུ་ཕྲུག་ཚོར། ངས་རྐུན་མ་བརྒྱབ་པ་དང་འཕྲོག་བཅོམ་བྱས་པའི་དབང་གིས་བཙོན་ཁང་དུ་འགྲོ་གྱི་མེད་པར། མི་རིགས་ཀྱི་ཆེད་དུ་བཙོན་དུ་ཚུད་སོང་བ་ཡིན་པས་ཁྱེད་ཚོས་སེམས་ཁུར་གང་ཡང་བྱེད་མི་དགོས། ཞེས་ནང་མིར་སེམས་གསོ་བྱས་ཡོད་ཚུལ་འབྲེལ་ཡོད་མི་སྣས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་འདུག
གནམ་མཁའ་བྱམས་ལགས་ནི་རེབ་གོང་ལྕང་སྐྱ་སྡེ་བ་ནས་ཡིན་པ་དང་། ད་ལྟ་རང་ལོ་ ༥༢ ཙམ་ཡིན་འདུག ཁོང་ ༡༩༨༠ ལོའི་ནང་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། མི་ལོ་ ༣༠ ཙམ་ལ་རྨ་ལྷོ་རེབ་གོང་ས་ཁུལ་གྱི་སློབ་ཆུང་ཁག་གི་དགེ་རྒན་གྱི་ལས་ཀ་བྱས་ཡོད་པ་དང་། ལོ་ཤས་གོང་ལས་འཁྱུར་ངལ་གསོལ་བྱས་ཏེ་རྨ་ལྷོ་ཁུལ་ཐོག་ཏུ་གནས་སྡོད་བྱས་ཡོད་འདུག