གཟའ་མིག་དམར་ཉིན་རྒྱ་ནག་ཧིན་ཡཱང་གྲོང་ཁྱེར་དུ་རླངས་འཁོར་ཞིག་གིས་བརྡབ་སྟེ་མི་གཉིས་བསད་ཡོད་ཀྱང་། རླངས་འཁོར་ཁ་ལོ་བ་དེ་ཕྱུག་བདག་ཞིག་གི་ནང་མི་ཡིན་སྟབས་ཉེན་རྟོག་པས་འགེབ་སྲུང་བྱས་འདུག
ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢ ཡས་མས་སུ། རྒྱ་ནག་ཧྭི་ནན་ཞིང་ཆེན་ཧིན་ཡཱང་གྲོང་ཁྱེར་ཧིན་ཏུང་རྫོང་དུ་རླངས་འཁོར་གྱིས་བརྡབ་སྟེ་མི་ ༢ བསད་ཡོད་པ་དང་། མི་ ༡ ལ་རྨས་སྐྱོན་ཚབས་ཆེན་བཟོས་ཏེ་སྨན་ཁང་དུ་བསྐྱལ་ཡོད་ཅིང་། རླངས་འཁོར་ཁ་ལོ་བ་དེར་ཡང་རྨས་སྐྱོན་ཕོག་ཡོད་འདུག
ས་གནས་མི་མང་གིས་བརྗོད་པ་ལྟར་ན། དོན་རྐྱེན་བྱུང་མ་ཐག་ཉེན་རྟོག་ཁང་ལ་ཡར་ཞུ་བྱས་ཀྱང་དུས་ཐོག་ཏུ་བསླེབ་མེད་པ་མ་ཟད། ཉིན་དེའི་ཕྱི་དྲོར་གནོད་འཚེ་ཕོག་པའི་ཁྱིམ་མི་ཚོ་རླངས་འཁོར་ཁ་ལོ་བ་དེ་འཚོལ་དུ་འགྲོ་སྐབས། ཉེན་རྟོག་ཁང་གིས་ཁ་ལོ་བ་དེར་ནག་ཉེས་ཡོད་པའི་དཔང་རྟགས་ཀྱིས་འདང་མེད་སྟབས། གནས་ཚུལ་བྱུང་སའི་ས་གནས་དེ་རང་ནས་ཁོ་ཀློད་གྲོལ་བཏང་ཟིན་ལུགས་བརྗོད་ཡོད་པ་མ་ཟད། ཕྱི་ཚེས་ ༡༣ ཉིན། རྫོང་སྲིད་གཞུང་གི་མི་སྣ་ཡོང་ནས་གནོད་འཚེ་ཕོག་པའི་ཁྱིམ་མི་འཛིན་བཟུང་བྱས་ཏེ་ཉེན་རྟོག་ཁང་དུ་བསྐྱལ་ཡོད་འདུག
ཉིན་དེའི་ཕྱི་དྲོར་གནོད་འཚེ་ཕོག་པའི་ཁྱིམ་མི་གཉེན་འབྲེལ་ཚོས་“ཉེན་རྟོག་པས་རོགས་རམ་འོག་ཉེས་ཅན་བྲོས་བྱོལ་དུ་བྱིན་འདུག ཚེ་སྲོག་ ༣ ང་ཚོར་ཕྱིར་སྤྲོད་”ཅེས་པའི་འཕྲེད་དར་ཁྱེར་ནས་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་མ་ཟད། རླངས་འཁོར་ཁ་ལོ་བ་དེ་རྒྱ་ནག་ཀུང་ཏུང་ཞིང་ཆེན་གྱི་ངར་ལྕགས་བཟོ་གྲྭ་ཆེན་པོ་ཞིག་གི་སྦྱིན་བདག་གི་ཁྱིམ་མི་ཡིན་པ་དང་། རྒྱ་སྒོར་དུང་ཕྱུར་ལྷག་ཡོད་པའི་ཕྱུག་བདག་ཅིག་ཡིན་ལུགས་སོགས་བརྗོད་འདུག