བོད་མདོ་སྨད་བསང་ཆུ་རྫོང་འབོ་ར་དགོན་དུ་(ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་སྐུལ་སློང་ཚོགས་ཆེན)ཟེར་བ་ཞིག་ཟླ་ ༡ རིང་ཚོགས་བཞིན་ཡོད་འདུག
འདི་གར་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་གང་སར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་ཟེར་བའི་བྱ་འགུལ་རིགས་སྣ་ཚོགས་སྤེལ་བཞིན་ཡོད་པ་ལྟར། འདས་པའི་ཉིན་ ༢ ཙམ་ནས་བཟུང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་འབོ་ར་དགོན་དུ། ཁུལ་དང་རྫོང་། ས་གནས་བཅས་ཀྱི་ལས་བྱེད་མི་སྣ་ ༧༠ ལྷག་ཆེད་མངགས་ཀྱིས་ཟླ་ ༡ རིང་(ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་སྐུལ་སློང་ཚོགས་ཆེན) ཟེར་བའི་རྒྱ་གཞུང་གི་ཆབ་སྲིད་ལྟ་བ་དྲིལ་བསྒྲགས་བྱེད་པའི་ཚོགས་འདུ་ཞིག་བསྡུས་ཡོད་པ་དང་། འབོ་ར་དགོན་དུ་དགེ་འདུན་པ་ ༣༠༠ ཙམ་ཡོད་པ་ཚང་མ་ཚོགས་འདུ་དེར་མཉམ་ཞུགས་བྱེད་དུ་བཅུག་ཡོད་འདུག
གནས་ཚུལ་ནང་བཀོད་པ་ལྟར་ན། ཚོགས་འདུ་དེ་ཕྱི་ལོ་ ༡༩༩༧ ཡས་མས་ནས་མགོ་བརྩམས་ཏེ་ལོ་ལྟར་ཚོགས་ཡོད་པ་དང་། ཉེ་བའི་ལོ་ཤས་ནས་བཟུང་དྲིལ་བསྒྲགས་ཤུགས་ཆེ་རུ་བཏང་སྟེ་ལོ་ལྟར་ཟླ་ ༡ རིང་ཚོགས་འདུ་བསྡུ་བཞིན་ཡོད་སྟབས། དགོན་པའི་རྒྱུན་ལྡན་གྱི་ཆོ་ག་ཕྱག་ལེན་དང་ནང་ཆོས་སློབ་གཉེར་ལ་བར་ཆད་བཟོ་བཞིན་ཡོད་འདུག
ཚོགས་འདུ་དེར་ཞུགས་མཁན་ཞིག་གིས་སོ་སོའི་སེམས་ཚོར་བརྒྱུད་ལམ་ཐོག་སྤེལ་ཡོད་པའི་ནང་། “ དགག་སྒྲུབ་གཉིས་དང་བསམ་ཕྱོགས་གཉིས། ལྟ་ཚུལ་གཉིས་དང་དམིགས་ཡུལ་གཉིས་ཀྱི་འགལ་འདུའི་ཀློང་ནས་ལྟོ་རྒྱབ་དང་ཆུང་མ། བུ་ཕྲུག་དང་ཁྱིམ་ཚང་གཅིག་པུར་བསམ་པའི་མི་ཚོགས་སྐོར་ཞིག་གིས་བསྐོར་ཞིང་བསྲུང་ཡོད་པ་རྟོགས་ཐུབ་པ་མ་ཟད། ཁྲིམས་དང་འགལ་བའི་ཁ་བྲལ་བ་དང་འགད་རྫས་ངོ་མ་ནི་སུ་དང་གང་ཡིན་པ་གསལ་བོ་ཤེས་སོང་། ཚུར་མིག་ལོག་གིས་བཅེར་ན་ཕྱིར་འཛུམ་གྱིས་བསུ་བ་མི་བྱེད་པ་ཆོས་ཉིད་རེད་མོད། འོན་ཀྱང་གདོང་འཛུམ་དང་ལུས་འགྱུར་གྱིས་ནང་སེམས་ཀྱི་ཚབ་བྱེད་ག་ལ་ཐུབ། དེའི་ཕྱིར་ཅི་ཡིན་འདི་ཡིན་མེད་པར་བསྡུས་པའི་དང་བླངས་ཚོགས་འདུ་འདི་རྐྱེན་ངན་གྲོགས་སུ་ཁྱེར་ཡོང་བ་འདྲ། ” ཞེས་སོགས་བྲིས་འདུག
་་་་་ གནས་ཚུལ་ནང་བཀོད་པ་ལྟར་ན། ཚོགས་འདུ་དེ་ཕྱི་ལོ་ ༡༩༩༧ ཡས་མས་ནས་མགོ་བརྩམས་ཏེ་ལོ་ལྟར་ཚོགས་ཡོད་པ་དང་། ཉེ་བའི་ལོ་ཤས་ནས་བཟུང་དྲིལ་བསྒྲགས་ཤུགས་ཆེ་རུ་བཏང་སྟེ་ལོ་ལྟར་ཟླ་ ༡ རིང་ཚོགས་འདུ་བསྡུ་བཞིན་ཡོད་སྟབས། དགོན་པའི་རྒྱུན་ལྡན་གྱི་ཆོ་ག་ཕྱག་ལེན་དང་ནང་ཆོས་སློབ་གཉེར་ལ་བར་ཆད་བཟོ་བཞིན་ཡོད་འདུག ་་་་་་ཟེར།