ཕྱི་ཟླ་ ༧ ཚེས་ ༦ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་སེར་བྱེས་གྲྭ་ཚང་དུ་༧གོང་ས་མཆོག་དབུ་བཞུགས་ཐོག་ཁོང་ཉིད་དགུང་གྲངས་ ༧༨ བཞེས་པའི་གཞུང་འབྲེལ་སྐུའི་འཁྲུངས་སྐར་སྲུང་གཙི་གནང་རྒྱུ་ཡིན་འདུག
གནས་ཚུལ་འབྱོར་བར། ཕྱི་ཚེས་ ༥ ཉིན་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་སེ་རར་ཆིབས་བསྒྱུར་བསྐྱངས་ཏེ་ཕྱི་ཚེས་ ༦ ཉིན་སྐུའི་འཁྲུངས་སྐར་མཛད་སྒོར་དབུ་བཞུགས་གནང་རྒྱུ་ཡིན་པ་དང་། ཉིན་དེར་སྐུ་མགྲོན་གཙོ་བོར་ཀཱར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁབ་བློན་ཆེན་མཆོག་དང་ཡུལ་སྐོར་བློན་ཆེན་པདྨ་མཁའ་འགྲོ་མཆོག འབྲས་ལྗོངས་གཞུང་གི་སྤྱི་ཁྱབ་བློན་ཆེན་མཆོག་བཅས་ཕེབས་གཏན་འཁེལ་ཡོད་འདུག
ཉིན་དེར་སྦེལ་ཀོབ་སེར་སྐྱ་མང་ཚོགས་ཡོངས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་ ‘འཇིག་རྟེན་མུན་སེལ’ ཞེས་པའི་གཟེངས་རྟགས་ཤིག་འབུལ་ལམ་ཞུ་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༧ ནས་ ༡༡ བར་སེར་སྨད་གྲྭ་ཚང་དུ་བྱེས་སྨད་གཉིས་ཀྱི་དགེ་འདུན་པ་ ༥༠༠ བརྒལ་བར་བསྙེན་རྫོགས་ཀྱི་སྡོམ་པ་སྩོལ་རྒྱུ་དང་། དེ་བཞིན། ལུགས་བསམ་བསམ་གྲུབ་གླིང་མི་དམངས་ཚོགས་ཁང་གསར་པ་དབུ་འབྱེད་བཅས་གནང་རྒྱུ་ཡིན་འདུག
གཞན། ཁུལ་དེའི་ས་སྐྱའི་དགོན་པ་དང་བཀྲ་ཤིས་ལྷུན་པོ་དགོན་སོགས་སུ་ཆིབས་བསྒྱུར་དང་། ཕྱི་ཚེས་ ༡༣ ནས་ ༡༤ བར་ཧུན་སུར་རབ་རྒྱས་གླིང་རྫོང་ཆོས་གྲྭ་ཚང་དུ་བཀའ་དབང་སྩོལ་རྒྱུ། དེའི་རྗེས་མོན་གྷོ་འདོད་རྒུ་གླིང་དུ་ཆིབས་བསྒྱུར་གྱིས་ཕྱི་ཚེས་ ༡༦ ནས་ ༢༤ བར་གདན་ས་དགའ་ལྡན་དང་འབྲས་སྤུངས་གཉིས་ཀྱི་དགེ་འདུན་པར་བསྙེན་རྫོགས་ཀྱི་སྡོམ་པ་སྩོལ་གཏན་ཁེལ་ཡོད་འདུག