མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམངས་གཙོ་དང་བཙན་བྱོལ་གཉིས་བར་ལྟ་གྲུབ་ཐོག་ནས་འགལ་ཟླ་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ངྷ་ས་གངས་སྐྱིད་ཁྲིམས་ཞིབ་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང་། ཚོགས་འདུ་དབུ་འཛུགས་ཐོག་སྲིད་སྐྱོང་མཆོག་གིས་འཛམ་གླིང་གི་བཙན་བྱོལ་སྒྲིག་འཛུགས་ཁག་དང་དམངས་གཙོ་གཉིས་བར་འགལ་བ་ཡོད་ཀྱང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་འཛིན་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད་ཟེར།

དེ་རིང་ཞོགས་པ་ཆུ་ཚོད་ ༩ ཐོག་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཚོགས་ཁང་དུ་ཉིན་གསུམ་རིང་གི་༼བོད་མིའི་ཁྲིམས་ལུགས་རིག་པ་བའི་ལྷན་ཚོགས༽ཐེངས་དང་པོ་འཚོགས་མགོ་ཚུགས་ཡོད་པ་དང་། ལྷན་ཚོགས་ཀྱི་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕེབས་འདུག ལྷན་ཚོགས་དེའི་གྲོས་གཞི་གཉིས་ནི།  ༡༽ སྤྱི་སྒེར་ཐུན་མོང་ནས་འགན་ཁུར་ཤུགས་སྣོན་སྔར་ལྷག་བརྒྱབ་སྟེ་བོད་མིའི་ཁྲིམས་ལུགས་རིག་པ་བ་གང་མང་སྐྱེད་སྲེང་གིས། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་། བོད་མིའི་སྒྲིག་འཛུགས་ནང་ཞབས་འདེགས་ཞུ་ཐུབ་པའི་ཐབས་ལམ་ཇི་ཡོད། ༢༽ བོད་མིའི་ཁྲིམས་ལུགས་རིག་པ་བ་རྣམ་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་བོད་ཀྱི་རྩ་དོན་ཐོག་ནུས་པ་ལྡན་པའི་ལས་དོན་སྤེལ་ཕྱིར་བོད་མིའི་ཁྲིམས་རྩོད་པའི་ཚོགས་པ་ཞིག་འཛུགས་རྒྱུ་གཉིས་ཀྱི་ཐད་བགྲོ་གླེང་གྲོས་བསྡུར་གནང་རྒྱུ་ཡིན་འདུག

མཛད་སྒོའི་ཐོག་མར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གིས་ལྷན་ཚོགས་དབུ་འབྱེད་ཀྱི་ངོ་སྤྲོད་གསུང་བཤད་གནང་པའི་ནང་། ལྷན་ཚོགས་འདི་འཚོགས་དགོས་པའི་རྒྱབ་ལྗོངས་ནི་ ༢༠༠༥ ལོར་ཁོང་གིས་ཁྲིམས་ཞིབ་པའི་ལས་ཁུར་དམ་འབུལ་སྐབས། ༧གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་མི་ཡུལ་ཁྲིམས་སློབ་ཐོན་པའི་ཚོགས་པ་ཞིག་བྱུང་ན་བོད་མི་དང་ཡུལ་མི་ཉམ་ཐག་ལ་རོགས་ཕན་བྱ་ཐུབ་ཚེ་ཡག་པོ་ཡོད་སྐོར་གསུངས་པར་བརྟེན། ༢༠༡༠ ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་བོད་རིགས་ཁྲིམས་ལུགས་སློབ་ཐོན་པ་དང་སློབ་གཉེར་བ་འཚོལ་ཞིབ་བྱས་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་སུ་རྒྱ་གར་ནང་བཙན་བྱོལ་བོད་མིའི་ས་གནས་ཁྲིོམས་ཞིབ་པ་དང་། གཞུང་དང་གཞུང་འབྲེལ་མིན་པའི་ལས་ཁུངས་ཁག་ཏུ་ལས་ཀ་བྱེད་བཞིན་པ། རྒྱ་གར་གྱི་སྒེར་གཉེར་སྡེ་ཁག་གི་སློབ་སྟོན་པ་དང་ཁྲིམས་རྩོད་པ་བཅས་ ༢༩ དང་མཐོ་སློབ་འགྲིམ་བཞིན་པའི་ཁྲིམས་ལུགས་སློབ་གཉེར་བ་ ༢༧ བཅས་ཁྱོན་ ༥༦ ཡོད་པ་ལས། ༤༡ མཉམ་ཞུགས་བྱུང་ཡོད་ཚུལ་དང་། གཞན་ཨ་རི་དང་ཁེ་ན་ཌ། སུད་སི། དབྱིན་ཡུལ། ཧྥ་རན་སི། སི་པེན། ཨོ་སི་ཀྲོ་ལི་ཡ་བཅས་ཀྱི་ནང་ཁྱོན་བོད་རིགས་ཁྲིམས་ལུགས་སློབ་ཐོན་པ་དང་སློབ་གཉེར་བ་ ༤༣ ཡོད་པ་བཙལ་འཚོལ་བྱུང་ཡོད་ཀྱང་འགྲོ་གྲོན་དང་དུས་ཚོད་ཀྱི་དབང་གིས་ཁོང་ཚོ་ལྷན་ཚོགས་ལ་མགྲོན་འབོད་གནང་ཐུབ་མེད་པར་གསུངས་སོང་།

ཁོང་གིས་ “རྒྱ་གར་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་རིགས་གཅིག་རྐང་འཛིན་གྱི་ཤེས་ཡོན་གོ་སྐབས་ཐོབ་པ་རང་རིགས་ན་གཞོན་གང་མང་ཡོད་པ་རྣམས་ཀྱི་ཆེད་ལས་ནུས་སྟོབས་བོད་སྤྱི་བའི་རྩ་དོན་ཐོག་སྤུངས་རྒྱུའི་སྡིངས་ཆ་བསྐྲུན་ཐབས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ལྷན་ཚོགས་འདི་སྐོང་པ་དང་། ལྷན་ཚོགས་འདི་བརྒྱུད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རང་རིགས་ཁྲིམས་ལུགས་རིག་པ་བ་རྣམས་ལ་ཆེ་མཐོང་གི་རྣམ་པ་སྟོན་ཐབས་དང་། ཡུལ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཤེས་ཡོན་ཐོག་རིགས་གཅིག་རྐང་འཛིན་པ་གང་མང་སྐྱེད་སྲིང་ཡོང་ཐབས། བོད་མིའི་ཁྲིམས་ལུགས་རིག་པ་བ་རྣམས་ཀྱིས་ཆེད་ལས་ཀྱི་ནུས་སྟོབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་བོད་ཀྱི་རྩ་དོན་ཐོག་ཞབས་འདེགས་བསྒྲུབ་ཐབས་ཇི་ཡོད་བཅས་ལ་གོ་བསྡུར་བགྲོ་གླེང་གནང་སྟེ། ཚོགས་བཅར་བའི་རྣམ་དཔྱོད་ལྷན་ཚོགས་འདིའི་ཐོག་སྤུངས་ཐུབ་ན། གྲུབ་དོན་སྙན་ཐོ་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཆགས་སོ་སོར་འབུལ་གཏོང་དང་། མཇུག་སྐྱོང་གི་བྱེད་སྒོ་ཁག་ཁུངས་སོ་སོར་ལག་བསྟར་ཡོང་ཐབས་ལ་འབད་བརྩོན་ཞུ་རྒྱུ་ཡིན་” ཞེས་གསུངས་སོང་།

ཁོང་གིས་མུ་མཐུན་ “བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་རིམ་པའི་ཁྲིམས་ཞིབ་པ་དང་། ཁྲིམས་དྲུང་། འབྲེལ་ཆགས་ལས་བྱེད་རྣམས་རིམ་བཞིན་ཁྲིམས་ལུགས་ཀྱི་ཤེས་ཡོན་ལྡན་པ་ཤ་སྟག་ཡོང་རྒྱུ་ང་ཚོའི་མཐར་ཐུག་གི་དགོས་མཁོ་ཡིན་ལ་རེ་བའང་ཡིན། དམངས་གཙོའི་ལམ་ལུགས་ཀྱི་ཀ་བ་ནི་ཁྲིམས་ཀྱིས་དབང་སྒྱུར་ཡིན་ཞིང་། ཁྲིམས་ཀྱིས་དབང་སྒྱུར་གྱི་གཞི་མ་ཁྲིམས་ལུགས་ཡིན། ཁྲིམས་ལུགས་རིག་པ་བའི་རིགས་གཅིག་རྐང་འཛིན་ནི་ཆེད་ལས་གཞན་ལས་ཁྱད་དུ་འཕགས་པ་མ་ཟད། དམངས་གཙོའི་ལམ་སྲོལ་ཉམས་ལེན་བྱེད་མཁན་གྱི་སྤྱི་ཚོགས་ལ་མཚོན་ན། ཁྲིམས་ལུགས་རིག་པ་བའི་ནུས་སྟོབས་ནི་དེ་བས་ཀྱང་རྩ་འགངས་ཆེན་པོ་ཡིན་”ཞེས་དང་། ཡང་ “བོད་མིའི་ཁྲིམས་ལུགས་རིག་པ་བ་རྣམ་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་བོད་ཀྱི་རྩ་དོན་ཐོག་ནུས་པ་ལྡན་པའི་ལས་དོན་སྤེལ་རྒྱུའི་སྡིངས་ཆ། གཞུང་འབྲེལ་མ་ཡིན་པའི་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ཞིག་རིམ་བཞིན་འཛུགས་ཐུབ་པའི་སྐོར་ལ་ཚང་མས་ཐུགས་ཁུར་ཆེ་བཞེས་གནང་བའི་རེ་འདུན་ཞུ་རྒྱུ་ཡིན་”ཞེས་འབོད་སྐུལ་གནང་སོང་།

དེའི་རྗེས་སྲིད་སྐྱོང་མཆོག་གིས་ “དེ་རིང་ངས་གནད་དོན་གསུམ་གྱི་སྐོར་ནས་ཞུས་ན་བསམ་སོང་། བོད་པའི་རྩ་དོན་དང་འབྲེལ་བའི་ཐོག་ནས་བཤད་ན། ཁྲིམས་ལུགས་སློབ་སྦྱོང་བྱེད་རྒྱུ་གནད་འགག་ཆེན་པོ་ཆགས་ཡོད། དཔེར་ན། རྒྱ་གར་རང་བཙན་རྩོད་པའི་སྐབས་གྷན་ངྷེ་དང་ནའེ་རོ་གཉིས་ཀས་ཁྲིམས་སློབ་སྦྱོང་བྱས་པ་རེད། ཨ་རི་ཡིན་ན་མཚན་སྙན་གྲགས་ཆེ་བ་ཨ་བྷི་རཱ་ཧམ་ལེན་ཀོན་( abraham Lincoln)་དང་ད་ལྟའི་སྲིད་འཛིན་ཨོ་བྷ་མ། ཧེ་ལ་རེ་ཁུ་ལེན་ཊོན་སོགས་ཁྲིམས་ལ་སློབ་སྦྱོང་བྱས་མྱོང་མཁན་རྐྱང་ཆགས་ཡོད་རེད། གྲོས་ཚོགས་ཁག་མང་ཆེ་བའི་འཐུས་མི་མང་ཆེ་བ་ཁྲིམས་ལ་སློབ་སྦྱོང་བྱས་མྱོང་མཁན་ཆགས་ཡོད། ཁྲིམས་ལ་སློབ་སྦྱོང་ཟིན་པའི་རྗེས་རྩ་ཁྲིམས་དང་ཁྲིམས་མགོ་ཚོས་ཀྱི་ཡོད་པའི་གནད་འགག་ལ་བརྟེན་ནས་རང་བཞིན་གྱིས་ལུང་པ་ཁག་གི་གྲོས་ཚོགས་ནང་ཞབས་ཞུ་སྒྲུབ་མཁན་མང་ཆེ་བ་ཁྲིམས་རྩོད་པ་ཆགས་ཡོང་གི་ཡོད་རེད། དེ་འགྲོ་སྟངས་རེད། དེར་བརྟེན། སྤྱི་ཡོངས་ཀྱི་ཐོག་ནས་མགོ་ཁྲིད་མཁན་ཡིན་ན་འདྲ། གྲོས་ཚོགས་ནང་ཕྱག་ལས་གནང་མཁན་ཡིན་ན་འདྲ། ཁྲིམས་ཞིབ་ཁང་ཨ་ཅང་ཅང་། ཁྲིམས་ལ་སློབ་སྦྱོང་བྱེད་མཁན་མང་པོ་ཡོང་སྟེ། ཁྲིམས་ཀྱི་ལག་འཁྱེར་དེ་ཡོད་ཚར་བའི་རྗེས་ལ་ཏན་ཏན་བོད་ཀྱི་རྩ་དོན་དང་འབྲེལ་བའི་ཐོག་ནས་ཐུགས་ཕན་གསོ་བའི་ཞབས་ཞུ་བསྒྲུབ་ཐུབ་པའི་ཆ་རྐྱེན་གཙོ་ཆེ་བ་གཅིག་ཁྲིམས་ཀྱི་ལག་འཁྱེར་གལ་ཆེན་པོ་ཡིན་པ་གསལ་བོ་ཆགས་ཡོད་རེད་” ཅེས་གསུངས་སོང་།།

ཁོང་གིས་མུ་མཐུད་ “ཡིན་ནའང་བོད་པའི་རྩ་དོན་དང་འབྲེལ་བའི་ཐོག་ནས་དམིགས་བསལ་གནད་འགག་ཅིག་ག་རེ་ཆགས་ཡོད་རེད་ཟེར་ན། ༧གོང་ས་མཆོག་གི་འཆར་སྣང་གཞི་བཟུང་བཙན་བྱོལ་ནང་ལ་དམངས་གཙོ་དགོས་ཀྱི་འདུག་ཟེར་ཡོང་པའི་སྐབས་ལ། ལྟ་གྲུབ་ཀྱི་ཐོག་ནས་འགལ་ཟླ་འགྲོ་ཡི་ཡོད་པའི་རྣམ་པ་ཞིག་ཡོད་འཐོན་ཡོང་གི་ཡོད། གང་ཡིན་ཟེར་ན། འཛམ་གླིང་ཐོག་བཙན་བྱོལ་སྒྲིག་འཛུགས་མང་ཆེ་བར་གཟིགས་དང་། མང་ཆེ་བའི་ནང་དམངས་གཙོ་ལག་ལེན་བསྟར་བཞག་པ་ཡོད་མ་རེད། ལོ་རྒྱུས་ཐོག་ནས་ཀྱང་ཕལ་ཆེར་ཡོད་མ་རེད། དེ་གང་ཡིན་ཞེ་ན། དམངས་གཙོ་དང་བཙན་བྱོལ་གཉིས་བར་ལ་ལྟ་གྲུབ་ཐོག་ནས་འགལ་ཟླ་ཞིག་རང་བཞིན་གྱིས་འགྲོ་བསྡད་ཡོད་པ་རེད། བཙན་བྱོལ་ལ་ཡོད་པའི་སྒྲིག་འཛུགས་གང་འདྲ་ཞིག་ཡིན་ཡང་རྩ་དོན་རྩོད་མཁན་ཞིག་ཡིན་སྟབས། རྩ་དོན་རྩོད་མཁན་ལ་ཆིག་སྒྲིག་དང་མགོ་ཁྲིད་གཅིག འབོད་སྒྲ་གཅིག (Unity, Single leader, single voice ) དགོས་པ་དེ་གསལ་བོ་རེད། བཙན་བྱོལ་ལ་ཡོང་དགོས་དོན་ཡང་ཆིག་སྒྲིལ་དང་མགོ་ཁྲིད་གཅིག འབོད་སྒྲ་གཅིག་བྱས་ཏེ་ཕེབས་དགོས་ཀྱི་ཡོད་པ་རེད། དམངས་གཙོ་ལ་གཟིགས་ཡོང་དུས་ཆིག་སྒྲིལ་ལ་ལྟ་གྲུབ་འདྲ་མིན་སྣ་ཚོགས་དགོས་ཀྱི་ཡོད་པ་རེད། མགོ་ཁྲིད་གཅིག་ལ་ཕྱོགས་འགལ་ཚོགས་པ་ཡིན་གཅིག་མིན་གཅིག་དགོས་ཀྱི་ཡོད་རེད། འབོད་སྒྲ་གཅིག་ལ་གཏམ་བརྗོད་རང་དབང་དགོས་ཀྱི་ཡོད་པ་རེད། དེར་བརྟེན། དམངས་གཙོ་ཟེར་བ་དང་རྩ་དོན་རྩོད་མཁན་གྱི་སྒྲིག་འཛུགས་གཉིས་བར་ལ་ལྟ་གྲུབ་ཐོག་ནས་རང་བཞིན་གྱི་འགལ་ཟླ་ཆགས་འགྲོ་ཡི་ཡོད་རེད། ང་ཚོའི་བོད་མིའི་སྒྲིག་འཛུགས་འདི་དམངས་གཙོའི་ལམ་ལུགས་ཡིན་ཟེར་པ་དེ་གཞན་དང་མ་འདྲ་བ་ཞིག་ཡིན། ཐུན་མོང་མ་ཡིན་པ་ཞིག་ཡིན་ཟེར་པ་དེ་དངོས་ནས་རང་མཚོན་ཐུབ་ཀྱི་ཡོད། ཐུན་མོང་མ་ཡིན་པ་ལ་ཡག་པོ་ཞེ་དྲག་ཅིག་ཡིན་པའི་གོ་བ་ཞིག་བཤད་ཀྱི་ཡོད་རེད་དེ། དེ་རྩོད་གཞི་རེད། ཡིན་ནའང་ཐུན་མོང་མ་ཡིན་པ་ཞིག་ཏན་ཏན་ཆགས་ཡོང་གི་ཡོད་རེད། གང་ཡིན་ཟེར་ན། བཙན་བྱོལ་གཞུང་མང་པོ་ཞེ་དྲག་ཡོད་རེད་དེ། ཁོ་ཚོ་མང་ཆེ་བར་དམངས་གཙོའི་ལམ་ལུགས་ཐོག མི་མང་གིས་འོས་བླུགས་ཏེ་སྲིད་སྐྱོང་དང་། ཁྲིམས་ཞིབ་པ། གྲོས་ཚོགས་ཡོད་བསྡད་པ་ཧ་ཅང་དཀོན་པོ་རེད། གང་ཡིན་ཟེར་ན་རང་བཞིན་གྱིས་འགལ་ཟླ་ཆགས་འགྲོ་ཡི་ཡོད་རེད། ལྟ་གྲུབ་ཐོག་ནས་འགལ་ཟླ་ཡོད་སྟབས་རིམ་པས་ང་ཚོའི་བཙན་བྱོལ་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་སྟངས་ཐད་ནས་ཀྱང་འགལ་ཟླ་འགྲོ་སྲིད་པ་ཞིག་རེད། འགལ་ཟླ་ཡོང་པའི་སྐབས་སུ་ལྕི་ཡང་གཞལ་ཏེ་རྩ་དོན་རྩོད་རྒྱུ་གལ་ཆེ་བ་རེད་འདུག་གམ། ཡང་ན་དམངས་གཙོ་གལ་ཆེ་བ་འདུག་བགྲོ་གླེང་ཞིག་རང་བཞིན་གྱིས་ཡོང་གི་རེད། གཞི་རྩའི་དམངས་གཙོ་རྩ་ཆེན་པོ་དང་གལ་ཆེན་པོ་ཞེ་དྲག་རེད། ལག་ལེན་བསྟར་དགོས་ཀྱི་ཡོད་རེད། ཡིན་ནའང་རྩ་དོན་གལ་ཆེན་པོ་ཞེ་དྲག་རེད། དེ་གཉིས་ཀྱི་ས་མཚམས་གང་དུ་གནས་དང་མ་གནས་རྣམ་པ་ཚོ་ཁྲིམས་ལ་སློབ་སྦྱོང་ཡོད་མཁན་རྐྱང་ཡིན་དུས་ཐུགས་ཞིབ་གནང་རོགས། གཅིག་བྱས་ན་ད་རེབ་ཀྱི་བགྲོ་གླེང་ཐོག་འདི་གལ་ཆེ་བ་རེད་དང་དེ་གལ་ཆུང་བ་རེད་ཅེས་གསུང་ཆོག་གི་རེད་ ”ཅེས་གསུངས་སོང་།

ཡང་ཁོང་གིས་ “རྒྱལ་སྤྱིའི་ཐོག་ནས་ཁྲིམས་རྩོད་པ་གནང་དགོས་དོན་གལ་ཆེན་པོ་ག་རེ་རེད་ཟེར་ན། བོད་དོན་དང་འབྲེལ་བའི་ཐོག་ནས་ཁྲིམས་ཀྱི་སྒང་ལ་རྩོམ་དང་དེབ་འབྲི་མཁན་བོད་མིའི་ནང་ལ་དཀོན་པོ་ཞེ་དྲག་རེད། ད་ཆར་ཁྲིམས་རྩོད་པ་དང་ཁྲིམས་སློབ་སྦྱོང་བྱེད་མཁན་ ༡༠༠ མ་ཟིན་ཙམ་འདུག འདི་དག་ནང་དུའང་རྩོམ་དང་དེབ་འབྲི་མཁན་དཀོན་པོ་ཆགས་འདུག དེར་བརྟེན། རང་བཞིན་གྱིས་རྣམ་པ་ཚོར་འགན་ཡོད་པ་མ་ཟད་འགན་ཆེན་པོ་ཞིག་ཡོད་པ་རེད། ལོ་ ༥༠ ནང་ཁྲིམས་རྩོད་པ་བརྒྱ་ཙམ་བྱུང་ཡོད་པ་དེ་མི་འབོར་ལ་དཔག་ན་ཧ་ལས་པའི་ཉུང་ཉུང་མ་རེད། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་གསུངས་པ་ཞེས་ན་མང་དུ་གཏོང་ཐབས་གསུང་གི་འདུག མང་ཉུང་གང་ལྟར་ཐུགས་ཕན་གསོ་བ་ཞིག་ཡོང་རྒྱུར་ད་ལྟའི་བར་རྣམ་པ་ཚོས་འབད་བརྩོན་གནང་གི་ཡོད་རེད་ལ་གནང་རྒྱུ་གལ་ཆེན་པོ་རེད། རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྡིངས་ཆ་མང་པོ་ཞིག་ང་ཚོ་ལ་རག་ཡོང་གི་ཡོད་པ་རེད། ཡིན་ནའང་ཕར་བཀའ་མོལ་གནང་གི་བཅར་དགོས་དུས། མཛུབ་མོ་བཙུགས་ནས་གཏོང་དགོས་པ་འདྲ་བོ་ཆགས་བསྡད་ཡོད”ཅེས་གསུངས་སོང་།

མཐར་ཁོང་གིས་ “ང་ཚོའི་སྤྱི་ཚོགས་ནང་ཁུལ་དང་འབྲེལ་བ་ཡོད་པའི་ཐོག་ནས། རྣམ་པ་ཚོས་ཁྲིམས་ཀྱི་ཚོགས་པ་འཛུགས་པའམ་ཡང་ན་དྲ་ཐོག་ནས་འབྲེལ་ལམ་འཛིན་པ་གང་ལྟར། མི་མང་ལ་ཐུགས་ཕན་སོས་པའི་ཞབས་ཞུ་བསྒྲུབ་ཐུབ་ངེས་རེད་བསམ་གྱི་འདུག ང་ཚོའི་མི་རབས་རྒན་པའི་སྐབས་ལ་ཡ་རབས་སྤྱོད་བཟང་ཡིན་སྟབས། རྒྱ་གར་ནང་ཁྲིམས་འགལ་བྱེད་མཁན་དང་བཙོན་ཁང་ནང་འགྲོ་མཁན་བརྒྱ་ཆ་ཉུང་ཤས་ཆགས་ཡོད། ང་ཚོ་མི་རབས་གསར་པའི་སྐབས་སུ་ངྷ་རམ་ས་ལ་དང་ལྡི་ལི་སོགས་སུ་བོད་མི་ཞིག་བཙོན་ཁང་དུ་ཡར་ཚུད་འདུག་མར་ཐོན་འདུག་ཟེར་པ་རེ་ཟུང་ཡོང་གི་འདུག སྤྱི་སྒེར་ག་འདྲ་ཞིག་གི་ཐོག་ནས་ནོར་འཁྲུལ་བྱས་ཏེ་ཁྲིམས་ཁང་དང་བཙོན་ཁང་དུ་བསླེབས་པ་ཡིན་ན། བོད་མི་ཞིག་ཡིན་པའི་ཆ་ནས་ཕྱག་རོགས་གནང་དགོས་ཀྱི་ཡོད་པ་རེད། ཕྱག་རོགས་སུས་གནང་ཐུབ་པ་རེད་ཟེར་ན་ཁྲིམས་ཀྱི་ལག་འཁྱེར་ཡོད་མཁན་ཚོས་གནང་ཐུབ་ཀྱི་ཡོད་སྟབས། དེ་ཐུགས་ལ་འཇོག་རོགས།”ཞེས་གསུངས་སོང་།

མཛད་སྒོའི་རྗེས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ལམ་ལུགས་སྐོར་དང་འཛིན་སྐྱོང་གི་འགྲོ་སྟངས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བྱུང་རིམ་དང་འགན་དབང་། ལས་དོན་བྱེད་ཕྱོགས་ངོ་སྤྲོད་དང་། ཉིན་རྒྱབ་ནས་བརྗོད་གཞིའི་ཐོག་བགྲོ་གླེང་མགོ་འཛུགས་གནང་ཡོད་པ་དང་། སང་ཞོགས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་རྗེས། མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་ཚེས་ ༣༠ ཉིན་ཚོགས་ཆུང་ཁག་གི་སྙན་ཐོ་ཕྱོགས་སྡོམ་གྱིས་ལྷན་ཚོགས་ཐོག་དོན་ཚན་རེ་རེ་བཞིན་གཏན་འབེབས་གནང་རྒྱུ་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འཚམས་འདྲི་མཛད། བོད་ཀྱི་དུས་བབ་ཀྱིས་སྐུ་པར་སྒྲིག་སྦྱོར་བྱས། ༢༠༢༥།༦།༥
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འཚམས་འདྲི་མཛད།

སྐར་མ ༢༠ སྔོན་ལ།
President Donald Trump gestures after speaking during a summer soiree on the South Lawn of the White House, Wednesday, June 4, 2025, in Washington
Mobile App

ཊོམ་ཕུ་གཞུང་གིས་རྒྱལ་ཁབ་བཅུ་གཉིས་ཀྱི་མི་སེར་ཨ་རིར་ཡོང་རྒྱུ་གཏན་འགོག་བྱ་རྒྱུ་ཡིན་འདུག 

སྐར་མ ༥༦ སྔོན་ལ།
1140,760,0,0.45,-1
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་དྭགས་སུ་ཆིབས་སྒྱུར་བསྐྱང་རྒྱུར་དམིགས་བསལ་གཏན་འཁེལ་གང་ཡང་མི་འདུག

ཆུ་ཚོད་ ༣ སྔོན་ལ།
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༥།༦།༤
Mobile App

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་གྲོས་ཆོད་དོན་ཚན་ ༦ གཏན་འབེབས་བྱུང་།

ཆུ་ཚོད་ ༢༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གསུམ་གྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

ལྷོ་ཀོ་རི་ཡས་སྲིད་འཛིན་གསར་པ་བདམས།

ཆུ་ཚོད་ ༢༣ སྔོན་ལ།

མཆན། 4

  1. ཧོར་བུ་ཡེ་ཤེས says:
    ལོ་ 12 སྔོན།

    སྲིད་སྐྱོང་མཆོག་གི་ངོ་མ་གསལ་པོ་གསུངས་འདུག །དམངས་གཙོ་ཡང་དག་ཅིག་དགོས་ན་རང་དབང་གཙང་མ་རང་ལ་དབང་བའི་་ལུང་པ་ཞིག་དགོས་པ་གསལ་པོ་སྟོན་འདུག །ཐུགས་ཆཻ །ཁྱེད་ཀྱིས་གསུངས་པ་ལོས་བདེན།

    Reply
  2. འབྲུག་གྲགས་རྒྱལ་པོ། says:
    ལོ་ 12 སྔོན།

    སྲོད་སྐྱོང་མཆོག་གིས་གསུངས་པ་དེ་ཡང་དག་པའི་གསུང་རེད། མང་གཙོ་ཡང་དག་པ་ཞིག་ཡོང་བར་རང་གི་ལུང་པའམ་རྒྱལ་ཁབ་ཅིག་ངེས་པར་དགོས་པ་ཡིན། ང་ཚོ་བཙན་བྱོལ་དུ་ཡོད་རིང་མང་གཙོའི་ལམ་སྲོལ་ལ་སྦྱོང་བརྡར་ལྟ་བུ་ལོ་མང་རིང་གནང་བ་དང་། ད་ཆ་བཙན་བྱོལ་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ཐད་མང་གཙོ་ཡང་དག་པ་ལྟ་བུ་ཞིག་ཡོད། འོན་ཀྱང་མང་གཙོའི་མཚན་ཉིད་ཆ་ཚང་བ་ཞིག་ཡོང་བར་རང་གི་རྒྱལ་ཁབ་ངེས་པར་དུ་དགོས།

    Reply
  3. རྒྱལ་མཚན་ཚེ་རིང་། says:
    ལོ་ 12 སྔོན།

    སྲིད་སྐྱོང་མཆོག་གིས། “བོད་པར་དམངས་གཙོ་གལ་ཆེན་རེད་དམ། བོད་པའི་རྩ་དོན་འཐབ་རྩོད་འགལ་ཆེན་རེད” ཅེས་དོགས་འདྲི་ཞིག་གནང་འདུག
    དྲི་བ་འདིའི་ཤུགས་སུ་རྩ་དོན་བསྒྲུབ་དགོས་ན་དམངས་གཙོ་ཡང་དག་པ་ཞིག་ཡོང་ཐབས་མེད་པ་དང་། དམངས་གཙོའི་ལམ་སྲོལ་ཡང་དག་པ་ཞིག་འཕེལ་རྒྱས་སུ་གཏོང་བར་རྩ་དོན་འཐབ་རྩོད་ཡོང་ཐབས་མེད་པ་བསྟན་འདུག

    Reply
  4. བསྟན་པ་དོན་གྲུབ། says:
    ལོ་ 12 སྔོན།

    སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཙན་བྱོལ་བ་ཞིག་ཡིན་ན་དམངས་གཙོ་ཡོང་ཐབས་ཡོད་པ་མ་རེད། བཙན་བྱོལ་བ་ཞིག་ཡིན་ན་རྩ་དོན་རྩོད་མཁན་ཞིག་ཡིན་ཡིན་པ་རེད། རྩ་དོན་རྩོད་མཁན་ཞིག་ཡིན་ན་ཆིག་སྒྲིག་དང་མགོ་ཁྲིད་གཅིག འབོད་སྒྲ་གཅིག་གལ་ཆེན་པོ་རེད། དམངས་གཙོ་ནི་ཆིག་སྒྲིལ་ལ་ལྟ་གྲུབ་འདྲ་མིན་སྣ་ཚོགས་དགོས་པ་དང་། མགོ་ཁྲིད་གཅིག་ལ་ཕྱོགས་འགལ་ཚོགས་པ་ངེས་པར་དུ་དགོས། འབོད་སྒྲ་གཅིག་ལ་གཏམ་བརྗོད་རང་དབང་དགོས། དེར་བརྟེན། དམངས་གཙོ་ཟེར་བ་དང་རྩ་དོན་རྩོད་མཁན་གྱི་སྒྲིག་འཛུགས་གཉིས་བར་ལ་ལྟ་གྲུབ་ཐོག་ནས་རང་བཞིན་གྱིས་འགལ་ཟླ་ཆགས་འགྲོ་བཞིན་ཡོད་ཟེར་བ་དེ་ཕྱོགས་གཅིག་ལས་གཞན་དེ་ལ་རྒྱུས་མངའ་ཆེན་པོ་མེད་པའི་རྟགས་སྟོན་གྱི་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese