ཁ་སང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན། ཁམས་རྟའུ་ཉ་མཚོ་དགོན་པར་འཁྲུངས་སྐར་སྲུང་གཙིའི་སྐབས་དམག་མིས་མང་ཚོགས་ནང་མེ་མདའ་བརྒྱབ་སྟེ་ཛ་དྲག་གི་གནས་ཚུལ་བྱུང་ཡོད་པ་དང་། དེ་བཞིན། དཀར་མཛེས་དང་ལི་ཐང་། བྲག་མགོ མདོ་སྨད་མགོ་ལོག་རྟ་བོ་དང་བླ་བྲང་། རྨ་ཆུ། ཆབ་ཆ། སྐུ་འབུམ་དགོན་བཅས་སུ་ཡང་འཁྲུངས་སྐར་སྲུང་གཙི་ཞུས་འདུག
ཁ་སང་ཞོགས་པར་ཁམས་རྟའུ་ཉ་མཚོ་དགོན་གྱི་གྲྭ་བ་དང་དགེ་ལྡན་ཆོས་གླིང་གི་བཙུན་མ་གཙོས་པའི་སེར་སྐྱ་མི་མང་ཚོས་ཡུལ་དེའི་གཞི་བདག་རྨ་ཆེན་སྤོམ་རའི་རྩེར་བསང་གསོལ་ཆེན་པོ་བཏང་སྟེ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་བཞིན་པའི་སྐབས་སུ། རྒྱ་གཞུང་གི་ཉེན་རྟོག་པའི་རླངས་འཁོར་ ༤ དང་། དམག་མིའི་རླངས་འཁུར་ ༧ ཙམ་འབྱོར་ཏེ་བོད་མི་ཚོ་དང་གདོང་ཐུག་བྱུང་སྟེ་ཐོག་མར་མང་ཚོགས་ལ་འཇིགས་སྐུལ་གྱིས་ཕྱིར་ལོག་དགོས་ཚུལ་བརྗོད་སྐབས། མང་ཚོགས་ཀྱིས་རི་མགོར་བསང་བསོལ་གཏོང་བ་ནི་བོད་མིའི་སྲོལ་རྒྱུན་ཞིག་ཡིན་སྐོར་བརྗོད་དེ་ཉན་འཇོག་མ་བྱས་སྟབས་དམག་མིས་མང་ཚོགས་ནང་མེ་མདའ་བརྒྱབ་སྟེ། གྲྭ་བྱང་ཆུབ་རྡོ་རྗེ་དང་ཉ་མཚོན་དགོན་པའི་དགེ་བསྐོས་ཚེ་རིང་དོན་འགྲུབ། བྲག་ཆུང་གྲོང་པ་བཀྲ་ཤིས་རྒྱ་མཚན། ཉ་མཚོན་དགོན་གྱི་རྒན་བཀྲ་ཤིས་བསོད་ནམས། མི་སྐྱ་བཀྲ་ཤིས་དང་སྙན་གྲགས། བཙུན་མ་ཞིག་བཅས་ལ་རྨས་སྐྱོན་བཟོས་ཡོད་པ་དང་། ཨོ་རྒྱན་བཀྲ་ཤིས་(བཀྲ་ཤིས་རྒྱལ་མཚན་ཡང་ཟེར།)ཀྱི་མགོ་ལ་མེ་མདའ་ཕོག་པ་ཚབས་ཆེན་ཡིན་སྟབས་ད་ལྟ་ཁྲིན་ཏུའུ་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་ཀྱིན་ཡོད་པ་དང་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་འདུག
ལི་ཐང་དགོན་ཆེན་དུ་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་དབུས་ཀྱི་བཞུགས་ཁྲིའི་སྟེང་ཞལ་ཕྱེས་ཏེ། ས་གནས་དགོན་གྲོང་གཉིས་ཀྱི་སྐྱ་སེར་མང་ཚོགས་འདུ་འཛོམ་གྱིས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙིའི་མཛད་སྒོ་ཆེན་པོ་ཞིག་ཚོགས་ཡོད་པ་དང་། དེར་འཕྲེད་དར་ཆེན་པོ་ཞིག་གི་སྟེང་དུ་ ༼ འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུ་ཡི་འཁྲུངས་སྐར་སྲུང་རྩི།།༽ཞེས་སོགས་བཀོད་དེ་མངོན་གསལ་དོད་པོས་སྦྱར་འགྲེམས་ཞུས་ཡོད་པ་མ་ཟད། མཛད་སྒོ་དེར་ས་གནས་ཀྱི་གཞས་པ་གཞས་མ་མང་པོ་གདན་ཞུ་ཕུལ་ཡོད་ཀྱང་རྒྱ་གཞུང་གི་ཉེན་རྟོག་པས་འཇིགས་སྐུལ་བྱས་སྟབས་ཁག་ཅིག་ཡོང་ཐུབ་མེད་ཀྱང་། གཞན་མང་པོ་ཞིག་འཁྲུངས་སྐར་མཛད་སྒོར་ཞུགས་ཏེ་གླུ་གཞས་གཏོང་པ་སོགས་བྱས་ཡོད་འདུག
མགོ་ལོག་རྟ་བོ་གྲོང་བརྡལ་དུ་གུ་རུ་རིན་པོ་ཆེ་མཆོག་གི་ལྷ་ཁང་ཆེན་པོ་ཞིག་བཞེངས་སྐྲུན་ལེགས་གྲུབ་བྱུང་ཡོད་པ་དེ། ཁ་སང་ཕྱི་ཚེས་ ༦ ཉིན་ཏེ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན་ཏེ་སྒོ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོ་དེར་ས་གནས་དེའི་དགོན་སྡེ་ཁག་གི་མཁན་སྤྲུལ་སེར་སྐྱ་མང་ཚོགས་འདུ་འཛོམས་དང་། ས་གནས་གཞན་གྱི་གཞས་པ་གཞས་མ་མང་པོ་ཞིག་ཆེད་དུ་གདན་འདྲེན་ཞུས་ཏེ་གླུ་གཞས་འཁྲབ་སྟོན་གྱིས་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་འདུག
དེ་བཞིན། དཀར་མཛེས་དགོན་པའི་ནང་དུའང་གྲྭ་བཙུན་གཙོས་པའི་མང་ཚོགས་ ༢༠༠༠ ལྷག་འདུ་འཛོམས་ཐོག་བསང་གསོལ་ཆེན་པོ་གཏོང་བ་དང་། ༧གོང་ས་མཆོག་གི་ཞབས་རྟེན་གསོལ་འདེབས་འདོན་པ་བཅས་གནང་སྟེ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་འདུག
རྟའུ་ཉ་མཚོ་དགོན་གྲོང་གཉིས་ཀྱིས་རྨ་ཆེན་སྤོམ་རིའི་རྩེར་སྐུའི་འཁྲུངས་སྐུར་སྲུང་གཙི་ཞུས།
རྟའུ་ཉ་མཚོ་དགོན་གྲོང་གཉིས་ཀྱིས་རྨ་ཆེན་སྤོམ་རིའི་རྩེར་སྐུའི་འཁྲུངས་སྐུར་སྲུང་གཙི་ཞུས།
རྟའུ་ཉ་མཚོ་དགོན་གྲོང་གཉིས་ཀྱིས་རྨ་ཆེན་སྤོམ་རིའི་རྩེར་སྐུའི་འཁྲུངས་སྐུར་སྲུང་གཙི་ཞུས།
ལི་ཐང་དགོན་གྲོང་གཉིས་ཀྱི་མང་ཚོགས་ཚོས་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས།
ལི་ཐང་དགོན་གྲོང་གཉིས་ཀྱི་མང་ཚོགས་ཚོས་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས།
ལི་ཐང་དགོན་གྲོང་གཉིས་ཀྱི་མང་ཚོགས་ཚོས་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས།