༄༅། །རྒྱ་ཆེའི་གསར་གཟིགས་རྣམ་པ་ལྷན་རྒྱས་ཀྱི་སྙན་ལམ་དུ་གསོལ་རྒྱུར། བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༩༥ ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༣༠ འཁོད་ཤོག་མདུན་ངོས་སུ་ཧིན་སྒོར་འབུལ་ལྔ་ལྷག་ལྐོག་ཟ་བྱས་འདུག་ཞེས་པའི་ཐད་གསལ་བཤད་སྙིང་བསྡུས་ཙམ་ཞུ་རྒྱུར། དངུལ་འབོར་འབུམ་ལྷ་ལྷག་དེ་ལྟར་ལས་བྱེད་འགའ་ལ་འཕར་ཐོལ་སོང་བ་བཅས་ཚང་མ་ཕྱོགས་གཅིག་ཏུ་བསྡོམས་པའི་དངུལ་འབོར་ཡིན་པ་ལས་འགན་འཛིན་ཁོ་ནའི་ངོས་ནས་སྒྲུབ་འབུལ་ཞུ་དགོས་པའི་དངུལ་འབོར་མ་ཡིན། སྐབས་དེར་གུས་རང་ཉིད་ནས་ལྐོག་ཟ་བྱ་སེམས་ཀྱི་ཀུན་སློང་ངན་པ་ཉལ་བའི་རྨི་ལམ་དུའང་མེད་པ་དེ་ལྟར་ཡང་། ལས་དོན་བྱེད་ཕྱོགས་མ་ཤེས་པའི་དབང་གིས་ནོར་འཛོལ་བྱུང་བར་བརྟེན། ཡ་རབས་བཟང་སྤྱོད་ལམ་ནས་ནོར་འཁྲུལ་ངོས་ལེན་ཞུས་པ་དང་ཆབས་ཅིག་རང་ངོས་ནས་དངུལ་འབབ་ཕྱིར་སྒྲུབ་ཞུ་དགོས་ཆ་ཚང་རྩིས་གཙང་སྒྲུབ་འབུལ་ཞུས་རྗེས་རང་ངོས་ནས་ལས་གནས་ནས་རྩ་དགོངས་ཞུས་པ་ཡིན། ད་ཆ་གུས་ངོས་ནས་འབུལ་ཆད་རྩིས་གཙང་ཞུ་དགོས་གང་ཡང་མེད། གཞི་རྩའི་བོད་ཕྲུག་ཁྱིམ་སྡེར་ཆ་མཚོན་ནའང་། རང་ཉིད་ཙམ་མ་ཡིན་པར་བོད་ཕྲུག་རྣམས་ཀྱི་མ་འོངས་མདུན་ལམ་དང་འབྲེལ་བའི་སློབ་སྦྱོང་གི་གོ་སྐབས་རིན་ཐང་བྲལ་བ་གནང་བཞིན་པར་དུས་དང་རྣམ་པ་ཀུན་ཏུ་བཀྲིན་དྲན་ཤེས་ཞུ་ཡུལ་ཙམ་དུ་མ་ཟད་རང་ཉིད་མི་ལོ་བཅུ་ལྷག་རིང་བོད་ཁྱིམ་དུ་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་བཟང་པོ་ཐོབ་པར་བཀྲིན་བསམ་ཤེས་ཞུ་བཞིན་ཡོད་ཅིང་། ད་ལན་གྱི་གནས་ཚུལ་འདིའི་ཐད་མ་ཤེས་རྨོངས་སྒྲིབ་དང་ལས་འབྲེལ་བྲེལ་ཟིང་ངང་ཧབ་ཧོབ་ནོར་འཁྲུལ་བྱུང་བ་ཞིག་ཡིན་པ་ལས་ཆེད་མངགས་སྤྱི་དངུལ་ཟ་སེམས་ཀྱི་ཀུན་སློང་ངན་པའི་གཞན་དབང་འོག་ཤེས་བཞིན་དུ་ཁྱད་གསོད་ཞུས་པ་ཞིག་རྩ་བ་ནས་མིན་ངེས་ལགས་པ་དངོས་ཡོད་གསལ་བཤད་སྙིང་བསྡུས་སུ།
གུས་མིག་དམར་ལྷུན་གྲུབ་ནས་འཚམས་འདྲི་དང་སྦྲགས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༩ ལ།།