ཁ་སང་མཚོ་ལྷོ་ཁུལ་གྱི་སྲིད་གྲོས་དང་ཆོས་ལུགས་མི་སྣའི་ཚོགས་འདུ་ཞིག་ཚོགས་ཏེ་རང་འགུལ་ཐོག་ཏཱ་ལའི་བླ་མའི་སྐུ་པར་སྒྲིག་གཤོམ་མི་བྱེད་རྒྱུ་དང་མ་འོངས་པར་དེ་རིགས་ཀྱི་དཀྲོག་གཏམ་ཡང་མི་བཟོ་རྒྱུའི་ཁེ་ལེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ཁ་སང་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་མཚོ་སྔོན་མཙོ་ལྷོ་ཁུལ་སྲིད་གྲོས་ཀྱི་གོ་སྒྲིག་འོག་ཚོགས་འདུ་ཞིག་བསྐོངས་ཡོད་པ་དང་། ཚོགས་ཐོག་ཏུ་ཉེ་ལམ་རྒྱ་ནག་དབུས་སྲིད་གྲོས་ཀྱི་མགོ་གཙོ་ཡིས་
གནས་ཚུལ་དེའི་སྐོར་རྒྱ་ནག་གཞུང་འབྲེལ་མཚོ་སྔོན་དྲ་བའི་སྟེང་བཀོད་པའི་ནང་། ཚོགས་འདུའི་ཐོག་མཚོ་ལྷོ་ཁུལ་སྲིད་གྲོས་ཀྱི་མགོ་གཙོ་གཞོན་པ་དང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱ་བཟའ་བློ་གསལ་རྒྱ་མཚོ་ཟེར་བ་ཞིག་གིས་གཏམ་བཤད་སྤེལ་བ་ལུང་འདྲེན་བྱས་དོན། “ཐེངས་འདིར་ཁུལ་སྲིད་གྲོས་ཀྱིས་ཆེད་དུ་རྩ་འཛུགས་བྱས་ཏེ། བློ་མཐུན་ཡོས་ཀྲིན་ཧྲུན་གྱིས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་། ཞིང་ཆེན་ཏང་ཨུའི་མིག་སྔར་གྱི་གཏན་འཇགས་བྱ་བའི་འཐབ་ཇུས་དང་བཀོད་སྒྲིག་དགོངས་དོན་ཁག་དང་གཅིག་མཐུན་ཡིན་པས། ང་ཧ་ཅང་འཐད་པ་ཡིན་ཞིང་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་ངེས་ཡིན། ངས་ཁུལ་སྲིད་གྲོས་གཞུང་ལས་ཁང་དང་། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལས་བྱེད་མི་སྣ་ཁྲིད་དེ་ཀོས་ནན་རྫོང་དང་། ཐུན་ཏེ་རྫོང་། ཞིན་ཧེ་རྫོང་བཅས་ལ་སོང་ནས་བོད་ཁུལ་འཆམ་མཐུན་བདེ་འཇགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བའི་ཁྲོད། རང་ཉིད་ཀྱིས་ཞིང་ཆེན་ཡོངས་ཀྱི་བོད་ཁུལ་བདེ་འཇགས་སྲུང་སྐྱོབ་བྱ་བའི་བཞུགས་མོལ་ཚོགས་འདུ་དང་། བོད་ཁུལ་འཆམ་མཐུན་བདེ་འཇགས་དྲིལ་སྒྲོག་སློབ་གསོ་བྱ་བའི་ཚོགས་འདུའི་དགོངས་དོན་ལ་གོ་བ་ལེན་ཕྱོགས་ཀྱི་ཆ་ནས་མི་འདང་བ་དང་། ཁྱད་པར་དུ་ཏཱ་ལའི་ཚོགས་ཁག་དང་འབྲེལ་བའི་སྐོར་གྱི་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དག་གསལ་མ་བྱུང་བས། སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་ཡང་དག་པར་སྣེ་སྟོན་མ་བྱས་པས་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས། དེར་ང་རང་ཉིད་ལ་འགན་ཁུར་ཆེན་པོ་ཡོད” ཅེས་བརྗོད་སོང་ཟེར།
གཏམ་བཤད་མུ་མཐུད་ལུང་འདྲེན་བྱས་དོན། ” ང་རང་ཉིད་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་ཆ་ནས་བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གིས་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་བའི་ཐད་ཀྱི་ལངས་ཕྱོགས་དང་། ཁ་བྲལ་དང་སིམ་འཛུལ་སྟོབས་ཤུགས་ལ་ངོ་རྒོལ་བྱེད་པའི་འཐབ་ཇུས་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པ་དང་། ཁྱད་པར་དུ་ཏཱ་ལའི་ཚོགས་ཁག་ཐད་ཀྱི་འཐབ་འཛིང་ཁྲོད་ལངས་ཕྱོགས་བརྟན་པོ་དང་། དར་ཆ་མངོན་གསལ་བྱས་ཏེ་རང་འགུལ་གྱིས་ཏང་ཀྲུང་དབྱང་། ཞིང་ཆེན། ཁུལ་ཨུ་དང་ཚད་མཐོ་བའི་ངང་གཅིག་མཐུན་བྱས་ནས། ཚད་ལྡན་གྱི་འགོ་ཁྲིད་ལས་བྱེད་དང་ཆོས་ལུགས་ལས་རིགས་པའི་མི་སྣ་ཞིག་བྱེད་རྒྱུའི་ཆོད་སེམས་ཡོད། དགོན་པའི་དོ་དམ་ནན་འཛིན་བྱས་ནས་གྲྭ་བཙུན་གྱི་སྲིད་ཇུས་བཅའ་ཁྲིམས་དྲིལ་སྒྲོག་སློབ་གསོའི་ཐད་ཤུགས་སྣོན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཁ་བྲལ་དང་སིམ་འཛུལ་བྱ་འགུལ་ལ་ངོ་རྒོལ་བྱེད་རྒྱུ། རང་ཉིད་ཀྱི་དགོན་པར་ཏཱ་ལའི་འདྲ་པར་མི་བཤམས་པ་དང་། ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པར་ཏཱ་ལའི་འདྲ་པར་བཤམས་མི་ཆོག་པའི་རེ་བ་བཏོན་ཏེ། རྒྱལ་གཅེས་རིང་ལུགས་དང་། སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་པ་དང་། ‘ཁས་ལེན་བཞི’ཡི་འདུ་ཤེས་ཤུགས་སྣོན་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་བསྟུན་པ། རང་འགུལ་གྱིས་ཏང་གི་འགོ་ཁྲིད། མེས་རྒྱལ་གཅིག་གྱུར། མི་རིགས་མཐུན་སྒྲིལ་ལ་བརྩི་སྲུང་བྱས་ཏེ་མཚོ་ལྷོའི་བདེ་འཇགས་འཕེལ་རྒྱས་ཁྲོད་ བྱས་རྗེས་འཇོག་རྒྱུ།” ཞེས་བརྗོད་ཡོད་སྐོར་བཀོད་འདུག
གསར་འགྱུར་དེའི་མཇུག་ཏུ། ཚོགས་ཞུགས་ཀྱི་བློ་མཐུན་གཞན་རྣམས་ཀྱིས་གཏམ་བཤད་གནང་དུས་གཅིག་མཐུན་གྱིས་ བསྟན་དོན། ཏང་ཀྲུང་དབྱང་གིས་ཏཱ་ལའི་ངོ་བོ་གཏན་ཁེལ་བྱས་པར་བློ་བརྟན་འགྱུར་མེད་ཀྱིས་ རྒྱབ་སྐྱོར་བྱེད་པ་དང་། ཁ་བྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བྱེད་ཕྱོགས་ དང་སྲིད་ཇུས་ཁག་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པ། ནམ་ཡིན་ཡང་ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་བཅས་ལ་ཚད་མཐོན་པོས་གཅིག་གྱུར་བྱེད་རྒྱུ་ཡིན་ཞིང་། རང་འགུལ་གྱིས་དཀྲོག་གཏམ་ལ་མི་ཉན་པ་དང་། དཀྲོག་གཏམ་མི་སྒྲོག་པ། དཀྲོག་གཏམ་མི་བཟོ་བར་དར་ཆ་གསལ་སྒྲེང་གིས་རྒྱལ་ཁབ་ཕྱི་ནང་གི་དགྲར་འཛིན་ སྟོབས་ཤུགས་ཀྱི་ཁ་བྲལ་དང་སིམ་འཛུལ། གཏོར་བརླག་གཏོང་བའི་བྱ་འགུལ་ལ་བློ་བརྟན་འགྱུར་མེད་ཀྱིས་འཐབ་རྩོད་བྱེད་རྒྱུ་ ཡིན། སྲིད་གྲོས་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། གཞི་རིམ་དང་མང་ཚོགས་ཁྲོད་དུ་ཏང་གི་སྲིད་ཇུས་བྱེད་ཕྱོགས་དང་སྲིད་ཇུས་རྒྱ་ ཆེན་པོར་སྒྲོག་འགྲེལ་བྱེད་ཅིང་། ཏང་དང་སྲིད་གཞུང་གི་གསུང་སྐད་ཡང་དག་པར་བརྒྱུད་སྒྲོག་བྱས་ཏེ། ལས་བྱེད་མང་ཚོགས་ཀྱི་བསམ་བློའི་ངོས་ཟིན་དེ་ཀྲུང་དབྱང་གིས་མིག་སྔའི་ཁ་བྲལ་ལ་ ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་ཁ་ཚོན་བཅད་པའི་སྟེང་དངོས་གནས་གཅིག་ གྱུར་བྱེད་པ་དང་། ཀྲུང་དབྱང་གིས་ཏ་ལཱའི་ཚོགས་ཁག་ལ་འཐབ་རྩོད་བྱེད་པའི་བྱེད་ཕྱོགས་ཇུས་ཐབས་དང་ སྤྱིའི་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ནས། ཁ་བྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་ཀྱི་རང་ འགུལ་རང་བཞིན་དང་བརྟན་བརླིང་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། ཞེས་སོགས་བཀོད་འདུག
ཁ་བརྡའི་དྲ་རྒྱར།
མེ་མདའ་རྒྱ་གཞུང་ལ་མང་ཡང་བདེན་ཁ་བོད་པ་ལ་མང་།
ལོག་སྨྲ་ཚར་གཅོད།
གུས་ནས་ཏང་ཀྲུང་དབྱངས་ཀྱིས་༧གོང་ས་མཆོག་དང་བཙན་བྱོལ་བོད་མི་རྣམས་ལ་ངན་ཁག་གཡོག་པའི་ཡིག་ཆ་ལ་ལོག་སྨྲ་ཚར་དུ་གཅོད་པའི་གཏམ་ཞིག་མི་སྨྲ་ཀ་མེད་བྱུང་།
ཏང་ཀྲུང་དབྱངས། དར་ཆ་གསལ་པོས་ཏཱ་ལའི་ཁ་བྲལ་ལ་ངོ་རྒོལ། བློ་བརྟན་འགྱུར་མེད་ཀྱིས་བཅར་རྡུང་དྲག་པོ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་དར་སྤེལ། བརྟན་བརླིང་སྲུང་སྐྱོབ་དང་། ཡུན་རིང་བདེ་འགོད་ཡོང་བར་བྱེད་དགོས་ཟེར།
ལོག་སྨྲ་ཚར་གཅོད། གཏམ་དེ་ཚོ་གུང་ཁྲན་གྱིས་བོད་ནང་ཁ་ན་ན་དང་ལྕེ་དིག་དིག་གི་བར་དུ་བཤད་ཀྱང་ཕན་ནུས་གང་ཡང་མ་ཐོན་པ་རྒྱལ་བ་རིན་པོ་ཆེ་དང་ཁ་བྲལ་ལ་ངོ་རྒོལ་བྱེད་རྒྱུའི་ཚབ་ལ་ང་ཚོའི་བོད་མི་རྣམས་ཀྱིས་བོད་ལ་རང་དབང་དང་རྒྱལ་བ་རིན་པོ་ཆེ་བོད་ལ་མྱུར་དུ་གདན་ཞུ་བྱེད་དགོས་ཅེས་མི་དམངས་ཀྱི་དགོས་འདུན་ངོ་མ་དེ་བསྟན་ཡོང་དུས་ཁྱེད་ཚོས་དྲག་གནོན་གྱིས་གསོད་རྡུང་བཙན་བཀག་གི་བྱ་བ་ལས་གཞན་ཅི་བྱ་གཏོལ་མེད་དུ་གྱུར་ཡོད། མི་རིགས་མཐུན་སྒྲིལ། བརྟན་བརླིང་སྲུང་སྐྱོབ་དང་ཡུན་རིང་བདེ་འགོད་ཟེར་བ་ཡོང་ས་རེད་དམ། ཁྱེད་ཚོས་གུང་ཁྲན་ཏང་གིས་ང་ཚོའི་བོད་ཀྱི་ས་འོག་གཏེར་ཁ་ཡོངས་རྫོགས་རྔོག་ཁྱེར་བྱས། ས་སྟེང་གི་ཤིང་ནགས་ཚང་མ་བཅད། རང་བྱུང་གི་ཁོར་ཡུག་རྣམས་ཀྱང་འབག་བཙོག་བཟོས། སྐྱབས་གནས་ཀྱི་བླ་ཆེན་ཚང་མ་ཕྱིར་འབུད་བཏང། ཤུལ་ལུས་ཀྱི་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་། བསམ་ཡོད་ཀྱི་ཡུལ་མི་ཐམས་ཅད་བཙན་དུ་བཀག བསམ་མེད་ཀྱི་བོད་མི་རྣམས་ལ་དཔོན་མིང་སྟོང་པ་རེ་བཏགས། དགོན་པ་དང་ལྷ་ཁང་ཚང་མ་གྱང་རོར་བསྒྱུར། ནང་རྟེན་རྩ་ཆེན་གྱི་དངོས་པོ་རྣམས་རྒྱ་ནག་ཏུ་ཁྱེར། སྡིག་ཉེས་དེ་དག་གིས་རྐྱེན་པས་བོད་པའི་སེམས་ཀྱི་རྨ་ཁ་ནམ་ཡང་གསོ་ཐབས་མེད་པར་གྱུར་ཟིན་པས་ཁྱེད་ཚོས་ཧམ་པ་དང་དྲག་པོ་ཁོ་ནའི་ལམ་ནས་བོད་མིར་ངོ་རྒོལ་འགོག་ཐབས་ཀྱི་རེ་ངན་བཅངས་ཡོད་ཀྱང་དུས་ནམ་ཡང་འགྲུབ་མི་སྲིད། བོད་མི་རིགས་ཀྱི་སེམས་ཁམས་འདི་མི་རབས་ནས་མི་རབས་རྒྱུད་ནང་བསྟན་གྱིས་ཡོངས་སུ་བཅོས་ཟིན་པའི་རིག་པ་དངས་གསལ་ཡིན་པས་དངུལ་རྔན་དང་རྒྱལ་གཅེས་སློབ་གསོ་ཟེར་བའི་ངན་སྐུལ་གྱིས་ནམ་ཡང་བསླུ་མི་ཐུབ། ཁྱེད་ཚོས་བོད་མི་ཉུང་ཤས་ལས་མང་ཆེ་བ་གུང་ཁྲན་ལ་དགའ་བཞིན་ཡོད་ཟེར་བ་དང་ཞིང་བྲན་ཁྲི་ཚོ་རྒྱ་ལ་ཡར་ལང་གི་བཅིང་གྲོལ་ཐོབ་ཡོད་པས་ཀྲུང་གོ་ལ་བློ་གཏོད་བཅོལ་གྱིན་ཡོད་ཟེར་བ་སོགས་ངོ་མ་བདེན་ན་དེ་སྔོན་༸གོང་ས་མཆོག་ནས་བོད་ནང་ལ་བོད་མི་ཚོར་རང་དབང་ཡོད་པའི་ཐོག་ནས་འདེམས་ཤོག་འཕེན་དང་བོད་ནང་གི་བོད་པ་རྒྱ་ཆ་དྲུག་ཅུ་ཡན་གྱིས་ཀྲུང་གོ་དང་ཏང་གི་སྲིད་ཇུས་ལ་དགའ་ཞེན་ཆེ་བ་ཡིན་པར་ཐོན་སོང་ན་ང་ཚོའི་ངོས་ནས་བོད་ཀྱི་གནད་དོན་ལ་རྩོད་རྙོག་དུས་ནམ་མི་བྱེད་ཅེས་གསུངས་སྐབས་རང་དབང་ཡོད་པའི་ཐོག་ནས་བོད་མི་རྣམས་འདེབས་ཤོག་འཕེན་བཅུག་མ་ཕོད་པ་དེ་ཅི་ཡིན་ནམ།
ཏང་ཀྲུང་དབྱངས། ཏཱ་ལའི་ཚོགས་ཁག་གིས་རང་ལུས་མེར་སྲེག་གཏོང་བར་ངན་སྐུལ་བྱས་པའི་སྐོར་ལ་རྒྱལ་ནང་གི་སྤྱི་ཚོགས་ལས་རིགས་ཁག་སོ་སོས་ངོ་རྒོལ་དྲག་པོ་བྱས་པ་རེད་ཟེར།
ལོག་སྨྲ་ཚར་གཅོད། ཁྱེད་ཚོའི་སྤྱི་ཚོགས་ལས་རིགས་ཁག་གི་ལས་མི་ལ་སྲིད་དབང་སྒེར་སྤྱོད་བྱེད་མཁན་གུང་ཁྲན་གྱིས་བཀའ་གང་གནང་ལས་རང་ལ་སྨྲ་བརྗོད་ཀྱི་རང་དབང་མེད་པས་གལ་སྲིད་རང་གི་འདོད་པ་བཤད་ན་གླ་ཕོག་དང་གོ་གནས་ཤོར་འགྲོ་བས་ཁོང་ཚོས་ངོ་རྒོལ་ཡིན་ཁུལ་བྱས་ཀྱང་སེམས་གཏིང་ནས་ཡིན་པར་ཇི་ལྟར་བསྒྲུབ་ཏེ་བསྒྲུབ་མི་ནུས་སོ།
ཏང་ཀྲུང་དབྱངས། ཕྱི་རྒྱལ་གྱི་སྨྱན་སྦྱོར་ཁག་ཅིག་གིས་ཀྱང་དེར་དོ་སྣང་དང་དོགས་པ་ཟ་བཞིན་ཡོད་པ་དང་། དྲ་དམངས་རྣམས་ཀྱིས་ཏཱ་ལའི་ཚོགས་ཁག་གི་མི་ཆོས་དང་འགལ་བའི་སྡིག་སྤྱོད་ལ་སྐྱོན་བརྗོད་དྲག་པོ་གཏོང་བཞིན་ཡོད། གནོན་ཤུགས་ཆེན་པོ་དང་འཕྲད་པར་བརྟེན། ཟླ་༣ཚེས་༡༠ཉིན་གྱི་རྡ་རམ་ས་ལའི་འདུ་ཚོགས་ཁྲོད། ཏཱ་ལའི་ཡིས་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་ཕོད་པ་རེད་ཟེར།
ལོག་སྨྲ་ཚར་གཅོད། ཁྱེད་ཚོས་བྲིས་པའི་ཚིག་དེ་དག་གོ་ལྡོག་ནས་བཤད་ན་དོན་ལ་གནས་པ་ཞིག་ཆགས་འགྲོ་སྟེ། ཕྱི་རྒྱལ་གྱི་སྨྱན་སྦྱོར་ཁག་ཅིག་གིས་ཀྱང་རྒྱ་ནག་གུང་ཁྲན་ཚོགས་པས་སྲིད་དབང་སྒེར་འཛིན་བྱས་སྟེ་མི་ལོ་དྲུག་ཅུ་ལྷག་རིང་མི་དམངས་ལ་དྲག་གནོན་བྱས་དང་བྱེད་བཞིན་པར་དོ་སྣང་དང་སྲིད་བྱུས་ནོར་འཁྲུལ་ཅན་དེ་གསལ་པོར་བཟོ་འདོད་ཡོད་པ་དང་། འཛམ་གླིང་མི་དམངས་དང་དྲ་དམངས་རྣམས་ཀྱིས་གུང་ཁྲན་ཚོགས་ཁག་གི་མི་ཆོས་དང་འགལ་བའི་སྡིག་སྤྱོད་ལ་སྐྱོན་བརྗོད་དྲག་པོ་གཏོང་བཞིན་ཡོད། དེ་འདྲའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་གནོན་ཤུགས་ཆེན་པོ་འཕྲད་བཞིན་པ་ནི་རྒྱ་ནག་གི་མགོ་ཁྲིད་ཚོས་ཕྱི་ཕྱོགས་སུ་འགྲོ་སྐབས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དང་སྨྲ་བརྗོད་གསར་འགོད་རང་དབང་སོགས་ཀྱི་སྐོར་བྲིས་སྐབས་ངོ་ཚ་ཁ་སྐྱེངས་ཀྱིས་གཡོ་སྒྱུར་མི་བདེན་རྫུན་སྒྲིག་ཁོ་ན་ལས་བདེན་གཏམ་ཚིག་གཅིག་ཀྱང་བཤད་རྒྱུ་མེད་པ་དེ་གང་བྱས་པ་རེད་དམ། དོན་ངོ་མ་ནི་༸གོང་ས་མཆོག་ནས་ལོ་ཤས་ནང་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་གང་ཡང་མ་གསུངས་པ་དེས་ང་ཚོའི་བཙན་བྱོལ་བོད་མི་ཚོས་རང་དབང་དམངས་གཙོ་ཚད་ལྡན་ཞིག་ལོངས་སུ་སྤྱོད་བཞིན་པ་དང་མི་དམངས་ཀྱིས་བསྐོས་པའི་དབུ་ཁྲིད་ལ་ཉིད་ཀྱི་སྐུ་དབང་ཡོངས་སུ་རྩིས་སྤྲོད་ཀྱིས་བོད་ཀྱི་གནད་དོན་དེ་བོད་མི་ས་ཡ་དྲུག་གི་གནད་དོན་ལས་༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཞིག་མིན་པ་དང་དེ་ཡང་མི་རབས་མི་རབས་བར་རྒྱུན་ཆད་མེད་པ་གནས་རྒྱུ་ཡིན་པའི་ལན་བརྡ་གསལ་པོ་ཞིག་གུང་ཁྲན་ཚོགས་པར་སྤྲོད་པ་ཡིན་པར་ཤེས་དགོས།
ཏང་ཀྲུང་དབྱངས། ཏཱ་ལའི་ཡིས་རྒྱ་གར་རྡ་རམ་ས་ལར་རང་སྲེག་གཏོང་མཁན་རྣམས་ལ་བསྔོ་བ་སྨོན་ལམ་རྒྱག་པའི་ཚོགས་འཚོགས་ཤིང་། མགོ་ཁྲིད་ནས་ཟས་བཅད་ཉིན་གཅིག་བྱས་ཏེ་རང་སྲེག་མཁན་རྣམས་ལ་རྒྱབ་སྐྱོར་བྱེད་པ་མཚོན་པ་རེད་ཟེར།
ལོག་སྨྲ་ཚར་གཅོད། འོ་ན་ང་ཚོས་བོད་མདོ་ཁམས་སྐྱེ་རྒུར་རང་བྱུང་གི་ས་ཡོམ་གྱིས་གོད་ཆག་ཕོག་པའི་སྐབས་དང་དེ་བཞིན་ཐེ་ཝན་དང་ཉིན་ཧོང་ཆི་ལི་སོགས་སུ་རང་བྱུང་གི་འབྱུང་བས་གནོད་འཚེ་ཕོག་དུས་སུའང་༸གོང་ས་མཆོག་དབུར་བཞུག་ཐོག་སྨོན་ལམ་རྒྱ་ཆེན་ཚོགས་ཡོད་པས་དེ་དག་ཀྱང་རང་བྱུང་གི་གནོད་འཚེ་ས་ཡོམ་སོགས་མང་ཙམ་རྒྱོབས་ཤོག་ཅེས་ངན་སྐུལ་བྱས་པར་མཚོན་པ་རེད་ཅེས་ཁྱེད་ཀྱིས་བཤད་ཐུབ་བམ། ང་ཚོ་ནང་པའི་ཆོས་ཉམས་ལེན་བྱེད་མཁན་རྣམས་ནི་ས་ཕྱོགས་གང་དུ་འགྲོ་བ་སུ་དང་གང་ལ་མི་དང་མི་མིན་གྱིས་གནོད་འཚེས་རྐྱེན་པས་དཀའ་སྡུག་མྱོང་སྐབས་བསྔོ་བ་སྨོན་ལམ་བྱེད་རྒྱུ་དེ་ནི་ང་ཚོའི་སྐབས་བབས་ཀྱི་འགན་འཁྲི་ཡིན་པས་དེ་ལ་གལ་སྲིད་ཆབ་སྲིད་ཀྱི་གནད་དོན་བཟོ་བ་དང་ངན་སྐུལ་རེད་ཅེས་འཁྱོག་བཤད་བྱེད་ན་བོད་རྒྱུད་ནང་བསྟན་གྱི་གོ་དོན་མ་རྟོགས་ཅིང་དེ་ལ་མཐོང་ཆུང་བྱས་པ་ཡིན་པ་གསལ་པོར་མཚོན་ཐུབ།
ཏང་ཀྲུང་དབྱངས། ཏཱ་ལའི་ཐའེ་ཝན་སྐུ་ཚབ་དོན་གཅོད་ཀྱིས་ནང་བསྟན་གྱི་ལྟ་བའི་སྟེང་ནས་བཤད་ན་ཁོང་ཚོའི་བྱ་སྤྱོད་འདི་རིགས་ནི་རང་ལུས་ཞུ་འབུལ་གྱི་བྱ་སྤྱོད་ལ་གཏོགས་ཤིང་། དེ་ནི་ཧ་ཅང་རླབས་ཆེན་དང་གཞན་ཕན་གྱི་བློས་གཏོང་བྱ་སྤྱོད་ཅིག་ཡིན་པས། ངོ་བོའི་སྟེང་ནས་ནང་བསྟན་གྱི་དགོངས་པ་དང་མི་འགལ་ཞིང་། བློས་གཏོང་བསམ་བློ་ཞིག་ཡིན་ཞེས་བཤད་པ་རེད་ཟེར།
ལོག་སྨྲ་ཚར་གཅོད། བོད་མི་ས་ཡ་དྲུག་གི་རང་དབང་བདེ་དོན་དང་འཛམ་གླིང་ཞི་བདེ་ཡི་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་བ་ནི་ཆབ་སྲིད་ནས་བཤད་ན་རྒྱལ་གཅེས་དཔའ་བོ་དཔའ་མོ་དང་ཆོས་ཕྱོགས་ནས་བཤད་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའི་རླབས་ཆེན་གྱི་སྤྱོད་པ་ཞིག་ཡིན་པ་ཤེས་ཡོན་ཅན་སུས་ཀྱང་རྟོགས་ཐུབ། ཆོས་མེད་གུང་ཁྲན་ལ་ཆོས་ཀྱི་གོ་རྟོགས་དང་དེ་ལ་གུས་བཀུར་བརྩི་མཐོང་གང་ཡང་མེད་བཞིན་དུ་ནང་ཆོས་ཀྱི་བྱེད་སྒོ་ཚང་མ་ཆབ་སྲིད་དུ་བོད་སྤྱོད་བྱེད་གང་ཐུབ་བྱས་ཏེ་རང་ལུས་མེར་སྲེག་བྱེད་མཁན་ཚང་མ་དགེ་འདུན་གྱི་འདུལ་ཁྲིམས་དང་ནང་བསྟན་གྱི་བསླབ་བྱ་དང་འགལ་ཚུལ་བརྗོད་ཡོད། དེ་ནི་ནང་ཆོས་ཀྱི་གནད་དོན་མ་རྟོགས་པ་སྟེ་འདུལ་བའི་གཞུང་རྣམས་ལས་གཞན་གནོད་གཞི་དང་བཅས་པ་ལས་ལོག་པའི་འདོད་པའི་གཟུགས་ཅན་ཞིག་འདུལ་ཁྲིམས་ཀྱི་དོན་དུ་གསུངས་པ་ལས་གཞན་དོན་བྱས་པ་འདུལ་ཁྲིམས་སམ་ནང་བསྟན་དང་འགལ་ཚུལ་གསུངས་པའི་ཚིག་གཅིག་ཀྱང་མེད། བདག་ཅག་གི་སྟོན་པས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་སྟག་མོར་ལུས་སྦྱིན་གནང་བ་སོགས་དང་འཕགས་པ་རྟག་ཏུ་ངུ་ཡིས་རང་ལུས་ཤ་རུས་བཙོངས་ཏེ་ཆོས་འཕགས་ལ་བསྙེན་བཀུར་བྱས་པ་སོགས་ཇི་སྙེད་ཅིག་ཡོད་པ་རྣམས་ནང་ཆོས་དང་འགལ་ཚུལ་ཁྱེད་ཚོས་ཇི་ལྟར་བརྗོད་ཐུབ། མདོར་ན་ཁྱེད་ཚོ་གུང་ཁྲན་གྱི་བཀའ་གང་གནང་ཉན་ན་ནང་བསྟན་དང་མཐུན་ལ་དེ་ལ་མི་བརྩི་ན་ནང་བསྟན་དང་འགལ་ཚུལ་ཞིག་བརྗོད་ཀྱི་འདུག་མོད་བོད་མི་རིགས་ལ་ཆ་མཚོན་ན་མི་ལོ་སྟོང་ཕྲག་གོང་ནས་ནང་བསྟན་ལ་མཁྱེན་རྒྱ་ཕུལ་དུ་བྱུང་བ་ཡོད་པས་ཀླ་ཀློ་གུང་ཁྲན་གྱིས་རྫུན་བཟོས་ལ་སུས་ཀྱང་མགོ་བོ་རྨོངས་མི་སྲིད།
ཏང་ཀྲུང་དབྱངས། ཏཱ་ལའི་ཚོགས་ཁག་གིས་རང་སྲེག་གཏོང་བར་ཡག་བརྗོད་དང་། དེར་སྐུལ་བའི་གླེང་བརྗོད་ཀྱི་ཁོར་ཡུག་གཏོད་པའི་དམིགས་ཡུལ་ནི་ཉེས་མེད་ཀྱི་ཚེ་སྲོག་དེ་དག་གཏའ་མར་བཞག་ནས། ཀྲུང་གོར་གླིང་ཆེན་ཨ་ཧྥེ་རི་ཁ་དང་ཨེ་ཤ་ཡ་ནུབ་མའི་རྒྱལ་ཁབ་ཁག་ལྟར་སྤྱི་ཚོགས་ཟིང་འཁྲུག་འབྱུང་བའི་རེ་ངན་བཅངས་ཀྱི་ཡོད་པ་རེད་ཟེར།
ལོག་སྨྲ་ཚར་གཅོད། ཀྲུང་གོའི་སྤྱི་ཚོགས་སུ་ཟིང་འཁྲུག་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་ནང་འགྲོ་བ་མི་རྣམས་ལ་རང་ཆོས་སུ་ཡོད་པའི་གཞི་རྩའི་ཐོབ་ཐང་དང་གསར་འགོད་རང་དབང་སྨྲ་བརྗོད་རང་དབང་བསམ་བློའི་རང་དབང་སོགས་བཙན་འཕྲོག་གིས་མགོ་ཁྲིད་ཚོས་གཞུང་དངུལ་ལྐོག་ཟ་བྱས་དྲགས་པ་དང་མི་དམངས་ཀྱི་སྲིད་དབང་བདག་བཟུང་གིས་མཁྲེགས་འཛིན་གྱི་ལྟ་བས་མི་དམངས་ལ་དྲག་གནོན་བྱས་ཆེ་དྲགས་པ་རྣམས་ཡིན་གྱི་༸གོང་ས་མཆོག་ནས་བྱས་པ་ག་ནས་ཡིན། ལར་ནས་རིང་པོར་མི་ཐོག་པ་རྒྱ་ནག་གུང་ཁྲན་ཚོགས་པའི་ལག་ན་ཡོད་པའི་སྲིད་དབང་དེ་མི་དམངས་ལ་ཤོར་གྱི་ཡིན་པ་ནི་འཛམ་གླིང་གི་མཁས་པ་ཚང་མས་ངེས་ཟིན་པས་ན་ཁྱེད་ཚོས་རྒན་པོ་འཆི་ཁར་སྡུག་སྐད་མང་ཞེས་པའི་དཔེ་ལྟར་སྡུག་སྐད་རྒྱབ་རྒྱུ་ལས་ངོ་གནོང་མི་དགོས་པའི་སྤོབས་པ་ཞིག་ནམ་ཡང་ཡོད་མི་སྲིད།
ཏང་ཀྲུང་དབྱངས། ཏག་ཏག་ཏཱ་ལའི་ཚོགས་ཁག་གིས་ནུས་ཤུགས་ཡོད་དགུར་བརྟེན་ནས་ངན་སྐུལ་བྱས་པར་བརྟེན། བོད་ཁུལ་གྱི་ས་ཆ་ཉུང་ཤས་ལ་ཟླ་བ་འགའ་ཤས་རིང་རྒྱུན་ཆད་མེད་པར་རང་སྲེག་དོན་རྐྱེན་བྱུང་ནས། ཉེས་མེད་ཀྱི་ན་ཆུང་འགའི་ཚེ་སྲོག་བརླག་པ་རེད། རང་སྲེག་ནི་རྣམ་པ་འགྱུར་བའི་དྲག་སྤྱོད་མ་ཡིན་པར། དེ་ནི་ཏཱ་ལའི་ཚོགས་ཁག་གིས་ཉེས་མེད་ཀྱི་རང་སྲེག་མཁན་རྣམས་ལ་མངོན་སུམ་འཛེམ་མེད་ངང་དྲག་སྤྱོད་སྤེལ་བ་རེད་ཟེར།
ལོག་སྨྲ་ཚར་གཅོད། ང་ཚོས་ཕྱི་ཕྱོགས་ནས་སྐུལ་མ་བྱེད་མི་དགོས་པ་བོད་ནང་ཡོད་པའི་བོད་མི་རྣམས་ནི་རང་མི་རིགས་ཀྱི་ལ་རྒྱ་དང་སྙིང་སྟོབས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པས་༡༩༥༩ ལོ་ནས་ད་བར་དགྲ་བོ་རྒྱ་དམར་གྱིས་དྲག་སྤྱོད་སྡུག་བརྩུབ་འོག་མི་བཟོད་པའི་སྡུག་བསྔལ་གྱིས་ཚེ་སྲོག་གི་འགྲོ་སོང་བཏང་ཏེ་ཡར་ལང་གི་འབོད་སྒྲ་ནི་རྒྱུན་ཆད་མྱོང་མེད་ལ་འབྱུང་འགྱུར་ཡང་རང་དབང་གི་སྐྱ་རེངས་གསར་པ་ཞིག་མ་ཤར་གྱི་བར་དུ་རྒྱུན་ཆད་མི་སྲིད། བོད་ནང་གི་བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་དང་གཅེས་པའི་ཚེ་སྲོག་གི་འགྲོ་སོང་བཏང་ཏེ་ཡར་ལང་གི་ངོ་རྒོལ་བྱེད་དགོས་པའི་རྒྱུ་རྐྱེན་ཐུགས་ས་ནི་རྒྱ་དམར་གཞུང་གིས་བོད་ཀྱི་རང་དབང་བཙོན་འཕྲོག་བྱས་པ་དང་མི་རིགས་རིག་གནས་དང་བཅས་པ་རྩ་རླག་ཏུ་བཏང་དང་གཏོང་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་ཇུས་དེ་དང་ཧམ་སེམས་ཅན་གྱི་གཡོ་སྒྱུར་དེ་ཡིན་ལ་དེ་ལ་ང་ཚོས་སྐུལ་མ་བྱེད་དགོས་པ་མ་ཡིན་ཏེ། གང་ཞིག་གིས་འགྲོ་བའི་སྲོག་ཆགས་སུ་ལའང་ཐུབ་ཚོད་དང་བཙན་པོས་དབང་ཡོད་བཤད་ཚེ་གཞན་གྱིས་སྐུལ་མ་བྱེད་མི་དགོས་པ་སྲོག་ཆགས་དེས་རང་ནུས་གང་ཡོད་ཀྱིས་ཡར་ལན་བྱེད་ཡོང་བ་ནི་སྲོག་ཆགས་ཀུན་ཀྱི་རང་གཤེས་སུ་གྲུབ་པ་ཞིག་ཡིན་པས་ཁྱེད་ཚོས་བཤད་པ་ནི་སྲོག་ཆགས་རིག་པའི་གཞུང་ལུགས་དང་ཡང་མི་མཐུན་ནོ། མདོར་ན་གང་དུ་བཙན་གནོན་ཡོད་ས་དེར་ངོ་རྒོལ་ཡོད་པ་ནི་སྐྱེ་ལྡན་གྱི་དངོས་པོ་སྤྱིའི་གཤིས་ལུགས་ཡིན་ལ་བོད་མི་རིགས་འདི་ནི་ལ་རྒྱའི་སྙིང་སྟོབས་དང་ཆོས་སེམས་ཆེ་བས་རང་མི་རིགས་གི་རང་དབང་དང་ཆོས་རིག་སྲུང་སྐྱོབ་ཀྱི་ཆེད་དུ་བསྐལ་པ་བརྒྱ་ཕྲག་གི་བར་འཐབ་རྒོལ་བྱེད་དགོས་བྱུང་ཡང་ཕྱིར་འཐེན་དུས་ནམ་ཡང་བྱེད་མི་སྲིད།
ཁ་བརྡས་སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༦ ལ་ སྣ་ཚོགས་ཀྱི་གྲས་སུ་བཀོད། |
འདི་ནའང་གསར་འགྱུར་གོང་གི་དེ་དང་འདྲ་བོ་ཞིག་འདུག (ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་ཁོ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལ་སོང་ནས་བྱ་བ་ར་རྟོག་ཞིབ་བྱས། ཁོས་ཁུལ་དང་རྫོང་གི་འབྲེལ་ཡོད་འགན་འཁུར་པ་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་མཉམ་དུ་བཞུགས་མོལ་བྱེད་སྐབས་བཤད་རྒྱུར། དགོན་པའི་དོ་དམ་བྱ་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱེད་པ་གཉིས་ཟུང་སྦྲེལ་བྱེད་པ་མ་ཟད། དེང་སྐབས་སྤེལ་བའི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་དང་ཟུང་སྦྲེལ་དམ་པོ་བྱས་ཏེ། བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་པའི་དོ་དམ་ལ་སྔར་ལས་ཤུགས་སྣོན་པ་དང་དོ་དམ་ནུས་པ་ཇེ་ཆེར་གཏོང་དགོས་པར་མ་ཟད། ཁ་བྲལ་གཏོང་མཁན་ལ་ངོ་རྒོལ་བྱས་ནས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།
བསྟན་ཁོ་ཡིས་བཤད་རྒྱུར། དགོན་པའི་དོ་དམ་ལ་ཤུགས་སྣོན་རྒྱུ་ནི་དུས་སྐབས་གསར་བར་བོད་ཁུལ་གྱི་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ལས་འགན་གཙོ་བོ་ཡིན་ལ། དུས་སྐབས་གསར་བར་ཁ་བྲལ་གཏོང་མཁན་ལ་ངོ་རྒོལ་བྱེད་པའི་དགོས་མཁོ་ཡིན་པ་དང་། མགོ་ཚུགས་ས་གསར་བ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་པའི་ལས་འགན་དང་པོ་ཡིན་པར་མ་ཟད། དུས་སྐབས་གསར་བའི་ནང་མང་ཚོགས་ལ་ཞབས་ཕྱི་སྒྲུབ་པ་དང་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་བྱ་བ་གཙོ་བོ་ཞིག་ཀྱང་ཡིན། དངོས་གཉེར་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་དང་ཡུལ་བབ་དང་བསྟུན་དགོས་ལ། རྩ་དོན་གསལ་བོར་ཤེས་པར་བྱས་ཏེ། དམིགས་ཡུལ་ཡོད་པའི་སྒོ་ནས་དགོན་པའི་དོ་དམ་རྣམ་པ་དངོས་འབེབས་བཟང་བོ་བྱེད་པ་དང་། ཤུགས་ཆེན་པོས་འཆམ་མཐུན་དགོན་པའི་གསར་སྐྲུན་བྱ་འགུལ་སྤེལ་ནས། ཁྲིམས་དང་མཐུན་ཞིང་དོ་དམ་ལམ་ལུགས་དམ་པ། འཆམ་མཐུན་ཡིན་པ་བཅས་ཀྱི་དགོན་པའི་དོ་དམ་ནང་རྐྱེན་འཛུགས་སྐྲུན་བྱེད་དགོས་ཟེར།
བསྟན་ཁོ་ཡིས་བཤད་རྒྱུར། ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་ཏཱ་ལའི་ཚོགས་ཁག་ལ་སྤྱོད་པའི་སྲིད་ཇུས་ནི་ནམ་ཡང་གསལ་བོ་ཡིན་ལ་འགྱུར་བ་མེད། ཏཱ་ལའི་ཚོགས་ཁག་ནི་བོད་ལྗོངས་རྙིང་བའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་ཞིང་བྲན་གྲལ་རིམ་གྱི་ཤུལ་བཞག་སྟོབས་ཤུགས་ཀྱི་འཐུས་ཚབ་དང་། རྒྱལ་སྤྱིའི་དགྲར་འཛིན་སྟོབས་ཤུགས་ཀྱིས་རྒྱབ་སྐྱོར་དང་བཀོལ་སྤྱོད་བྱེད་པ། བོད་ལྗོངས་དང་ཞིང་ཆེན་བཞི་ཡི་བོད་ཁུལ་གྱི་འཕེལ་རྒྱས་དང་བརྟན་འཇགས་ལ་གཏོར་བརླག་བྱེད་པ་དང་། བོད་ལྗོངས་རང་བཙན་བྱེད་འདོད་པའི་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་སྡེ་ཚོགས་ཤིག་ཡིན། ཏང་དང་རྒྱལ་ཁབ་ཀྱིས་ཏཱ་ལའི་ཚོགས་ཁག་ལ་འཐབ་རྩོད་བྱེད་པའི་བྱེད་ཕྱོགས་ལ་འགྱུར་བ་མེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཏང་ནང་དུ་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་བས་མེས་རྒྱལ་ཁ་བྲལ་གཏོང་བའི་ངོ་བོ་མངོན་གསལ་དུ་ཐེར་འདོན་བྱེད་པའི་ཆབ་སྲིད་ཀྱི་རེ་བར་ནམ་ཡང་འགྱུར་བ་མེད་ལ། རྒྱ་ཆེའི་བོད་ཁུལ་གྱི་མང་ཚོགས་ཀྱིས་ཁས་ལེན་བཞི་ཇེ་དྲག་ཏུ་གཏོང་བ་དང་ཁ་བྲལ་གཏོར་བརླག་ལ་ངོ་རྒོལ་བྱེད་པའི་གཞི་རྩའི་རེ་བར་ནམ་ཡང་འགྱུར་བ་མེད་པར་མ་ཟད། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་མི་སྣར་སྣེ་ཁྲིད་བྱས་ཏེ་ཆབ་སྲིད་ཐད་ནས་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་བ་དང་བར་ཐག་གསལ་བོ་འབྱེད་པའི་བྱ་བའི་རེ་བར་ནམ་ཡང་འགྱུར་བ་མེད། ང་ཚོས་ངེས་པར་དུ་ལངས་ཕྱོགས་གསལ་ཞིང་རང་འགུལ་དབང་ཆ་ཁོང་དུ་ཆུད་པར་བྱེད་པ་དང་། མི་སེམས་འགུག་པ། རྨང་གཞི་བརྟན་པ་བཅས་ཀྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། འཐབ་རྩོད་ཀྱི་རང་འགུལ་དབང་ཆ་གསལ་བོར་ཤེས་པར་བྱེད་དགོས་ཟེར།
བསྟན་ཁོ་ཡིས་བཤད་རྒྱུར། ངེས་པར་དུ་ལངས་ཕྱོགས་བརྟན་པོའི་སྒོ་ནས་ཏཱ་ལའི་ཚོགས་ཁག་ལ་འཐབ་རྩོད་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྒྱལ་ཁབ་གཅིག་གྱུར་དང་བོད་ཁུལ་འཆམ་མཐུན་དང་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་དགོས། ཏཱ་ལའི་སྐུ་ཕྲེང་བཅུ་བཞི་བས་དུས་ཡུན་རིང་བོར་མེས་རྒྱལ་ཁ་བྲལ་གྱི་བྱ་འགུལ་སྤེལ་བ་དེས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་ལ་རྒྱབ་འགལ་བྱས་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྲོལ་རྒྱུན་དང་རྒྱབ་འགལ་བྱས་ཤིང་། ཁོས་བཏོན་པའི་བོད་ཁུལ་ཆེན་པོ་ཚད་མཐོན་པོའི་རང་སྐྱོང་བྱེད་རྒྱུ་དམིགས་འབེན་ཡིན་པའི་དབུ་མའི་ལམ་ནི་ཀྲུང་གོའི་རྩ་ཁྲིམས་དང་ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དང་རྩ་བ་ནས་འགལ་ཡོད། བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱི་མི་སྣས་ཆབ་སྲིད་ཐད་ནས་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་བ་དང་བར་ཐག་འབྱེད་པར་སྣེ་ཁྲིད་བྱེད་པ་དང་སློབ་གསོ་གཏོང་དགོས་ལ། བློ་ཐག་རྦད་ཆོད་སྒོས་མེས་རྒྱལ་ཁ་བྲལ་དུ་གཏོང་བ་དང་ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ཡོད་ཚད་ལ་ངོ་རྒོལ་བྱེད་དགོས། བོད་ཁུལ་གྱི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ཆབ་སྲིད་དང་བསམ་བློ། བྱ་སྤྱོད་བཅས་ཀྱི་ཐད་ནས་ནམ་ཡང་ཏང་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་གཅིག་གྱུར་བྱེད་རྒྱུ་སྲུང་འཛིན་བྱས་ཏེ། དུས་སྐབས་གསར་བར་བོད་ཁུལ་གྱི་བྱ་བའི་མཛུབ་སྟོན་བསམ་བློ་ལ་འགྱུར་བ་མེད་པར་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་གིས་ཏཱ་ལའི་དང་ཏཱ་ལའི་ཚོགས་ཁག་ལ་སྤྱོད་པའི་སྲིད་ཇུས་ལ་འགྱུར་བ་མེད་པ་རྒྱུན་འཁྱོངས་བྱེད་པ། ཀྲུང་དབྱང་གིས་ཏཱ་ལའི་ཚོགས་ཁག་ལ་འཐབ་རྩོད་བྱེད་པའི་གཞི་རྩའི་བྱེད་ཕྱོགས་ལ་འགྱུར་བ་མེད་པ་རྒྱུན་འཁྱོངས་བྱེད་དགོས། ཏང་ནང་ཁུལ་དུ་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་བས་མེས་རྒྱལ་ཁ་བྲལ་གཏོང་བའི་ངོ་བོ་མངོན་གསལ་སྒོས་ཐེར་འདོན་བྱས་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་དེ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་རྒྱབ་རྟེན་གཙོ་བོ་ཞིག་ཏུ་འགྱུར་བར་བྱེད་དགོས་པ་དང་། ཏང་ཡོན་ལས་བྱེད་པ་དེ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འགྱུར་མེད་སྟོབས་ཤུགས་སུ་འགྱུར་བར་བྱེད་དགོས་ཟེར། )
དེ་རིང་མཚོ་སྔོན་ཟི་ལང་ནས་ཀྱང་ཚོགས་འདུ་དེ་འདྲ་ཞིག་ཚོགས་ཏེ་རྒྱ་ནག་དབུས་སྲིད་གྲོས་ཀྱི་མགོ་འཁྲིད་ཀྱི་གཏམ་བཤད་དགོངས་དོན་བརྒྱུད་བསྒྲགས་བྱས་ཡོད་ཚུལ་འདུག གནས་ཚུལ་དེ་འོག་ཏུ་བཀོད་ཡོད།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་མི་སྣ་གཙོ་བོ་དང་། བོད་རིག་པའི་ཆེད་མཁས་པ་རྣམས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ནན་ཏན་སྒོས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་གྱིས་མགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས་པ་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་། གཟིམ་ཁང་ཚང་གཉིས་བཞུགས་མོལ་ཚོགས་འདུར་ཞུགས།
རིན་ཆེན་རྒྱལ་གྱིས་བསྟན་དོན། ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་ལས་ང་ཚོ་ཏང་གིས་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་བར་འཛིན་པའི་དུས་རྒྱུན་གྱི་བྱེད་ཕྱོགས་དང་སྲིད་ཇུས་བསྐྱར་བསྒྲགས་བྱས་ལ། དེར་དངོས་ཡོད་རང་བཞིན་དང་དམིགས་ཡུལ་རང་བཞིན་ཧ་ཅང་དྲག་པོ་ལྡན་པས། ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་དང་། བོད་རིག་པའི་ལས་རིགས་ཀྱིས་ངེས་པར་དུ་དེར་སློབ་སྦྱོང་བཟང་བོ་བྱེད་པ་དང་། གོ་བ་ཟབ་མོ་ལེན་པ། ལག་བསྟར་ནན་མོ་བཅས་བྱེད་དགོས་ཟེར།
རིན་ཆེན་རྒྱལ་གྱིས་ནན་གྱིས་བསྟན་དོན། རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་མི་སྣ་གཙོ་བོ་དང་བོད་རིག་པའི་ཆེད་མཁས་པ་རྣམས་ཀྱིས་ངེས་པར་དུ་མག་མོག་གི་ངོས་ཟིན་སེལ་ནས། ཏཱ་ལའི་སྐུ་ཕྲེང་བཅུ་བཞི་བས་དུས་རྒྱུན་དུ་མེས་རྒྱལ་ཁ་བྲལ་དུ་གཏོང་བའི་བྱ་འགུལ་སྤེལ་བ་དེ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་འགལ་བ་མ་ཟད། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྲོལ་རྒྱུན་དང་འགལ་བར་ངོས་འཛིན་ཟབ་མོ་བྱེད་དགོས་པ་དང་། ཏཱ་ལའི་སྐུ་ཕྲེང་བཅུ་བཞི་བས་བཏོན་པའི“བོད་ཁམས་ཆེན་མོ་ཚད་མཐོའི་རང་སྐྱོང”བྱེད་པ་དམིགས་ཡུལ་ཡིན་པའི“དབུ་མའི་ལམ”ནི་ཀྲུང་གོའི་རྩ་ཁྲིམས་དང་ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དང་ཡོངས་སུ་འགལ་བར་ངོས་འཛིན་ཟབ་མོ་བྱེད་དགོས་ལ། ཀྲུང་དབྱང་གིས་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་བར་འཛིན་པའི་སྲིད་ཇུས་ནི་འགྱུར་བ་མེད་པར་གསལ་བོ་ཡིན་ལ། ཏཱ་ལའི་ཡིས་བོད་ལྗོངས་གནའ་ནས་བཟུང་སྟེ་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན་པ་དང་། “བོད་རང་བཙན”གྱི་ལངས་ཕྱོགས་དོར་ཏེ། མེས་རྒྱལ་ཁ་བྲལ་དུ་གཏོང་བའི་བྱ་འགུལ་སྤེལ་མཚམས་བཞག་ཚེ། ད་གཟོད་ཀྲུང་དབྱང་བར་གྱི་འབྲེལ་བ་ཇེ་བཟང་དུ་གཏོང་བའི་སྐོར་གླེང་ཆོག་པར་ངོས་འཛིན་ཟབ་མོ་བྱེད་དགོས་ཟེར།
རིན་ཆེན་རྒྱལ་གྱིས་ནན་གྱིས་བསྟན་དོན། རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་མི་སྣ་གཙོ་བོ་དང་བོད་རིག་པའི་ཆེད་མཁས་པ་རྣམས་ཀྱིས་ནམ་ཡིན་ཡང་ཀླད་པ་གསལ་བོ་བྱས་ནས། བསམ་བློའི་སྟེང་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ཏཱ་ལའི་ཚོགས་ཁག་ལ་དུས་རྒྱུན་དུ་སྤྱོད་པའི་བྱེད་ཕྱོགས་སྲིད་ཇུས་ལ་གོ་བ་ཟབ་མོ་ལེན་པ་དང་དེ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་དགོས་ལ། ཆབ་སྲིད་ཀྱི་ཐད་ནས་ཏཱ་ལའི་ཚོགས་ཁག་བར་དུ་བག་ཐག་གསལ་བོར་འབྱེད་པ་དང་། ལངས་ཕྱོགས་གསལ་བོའི་སྒོ་ནས་ཏཱ་ལའི་ཚོགས་ཁག་དང་འཐབ་འཛིང་བྱས་ཏེ། བློ་ཐག་རྦད་ཆོད་ཀྱི་སྒོ་ནས་མེས་རྒྱལ་ཁ་བྲལ་དུ་གཏོང་བ་དང་། ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་དགོས་ཟེར།
རིན་ཆེན་རྒྱལ་གྱིས་རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་མི་སྣ་གཙོ་བོ་དང་བོད་རིག་པའི་ཆེད་མཁས་པ་རྣམས་ཀྱིས་ཞིང་ཆེན་ཡོངས་ནས་སྤེལ་བཞིན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱེད་པའི་བྱ་འགུལ་སྤེལ་བའི་ཁྲོད་དུ་ཞུགས་ནས། བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བ་དང་། རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་བར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།
ད་ཡིན་ནའི་རྩ་ཁྲིམས་འོག་གི་ཕྱག་ལས་གནང་སྟངས་ངོ་མ་དེ་སྟོན་བཞིན་པས། ཚང་མ་ལོས་མ་ནོར་བ་ཞིག་གོ་ཐུབ་པར་རེ་བ་ཡོད། སྒོས་སུ་བློ་མཐུན་ལྷན་རྒྱས་ནས་མཁྱེན་པ་གནང་རོགས།