མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེར་པོ་གསུམ་ཀྱི་མནར་གཅོད།

བོད་ཀྱི་དུས་བབ།
༢༠༡༣/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་ཚོགས་ཀླུ་མཁར་བྱམས། 

སྲོག་འབེན་ལ་འཛུགས་ཏེ་བོད་རང་བཙན་རྩོད་མཁན་གྱི་གྲྭ་བཙུན་དཀྱུས་མ་ཚོར་ཅང་བཤད་ཡ་མེད་མོད། མི་ཞིག་གིས་བོད་རྒྱལ་ཁབ་ག་པར་ཡོད་དྲིས་དུས། ཐག་ཉེ་ས་ནས་བཤད་ན་ཞྭ་སེར་བོ་ཚང་གི་བྱུང་རབས་ནང་འཛུབ་མོ་འཛུགས་དགོས་པ་ནི་གུ་ཡངས་མེད་པའི་གནད་དོན་ཞིག་ཡིན། རེད་དེ། སྐབས་ཐོག་གི་བརྗོད་གཞི་ནི་དེབ་སེར་པོ་དང་གདོང་སེར་པོ་གཉིས་ཡིན་པ་ལས། ཞྭ་སེར་པོ་ཚང་མིན། ཉིན་མོ་དེར་ཡང་གནམ་གྲུ་ས་ངོས་སུ་ཉེ་བར་བཅར་བས་ན། ནམ་རྒྱུན་ལྟར་ལག་དེབ་སེར་པོ་དང་འབྲེལ་བའི་དྲི་བ་ཁག་གིས་ཁོ་བོའི་བྲང་གཞུང་བརྡུང་མགོ་བཙུགས། སྡེ་བ་ལག་འཁྱེར་ཚད་ལྡན་ཅན་གྱི་མགྲོན་པོ་རྣམས་གནམ་ནས་ས་ལ་བབ་མ་ཐག  དོལ་སྒམ་འབབ་སྟེགས་( Bag Zone )ཕྱོགས་སུ་འཐེན་པའི་བགྲོད་རྟགས་དེད་ནས་ཆུ་བཞུར་བཞུར་ངང་མདུན་ལ་གཤར།  ང་ནི་རླུང་བཞིན་གཡོ་བའི་སེམས་ཁམས་དེའི་དབང་གིས་གློག་སྐས་རིང་པོ་དག་ནས་ཅི་ལྟར་བབ་པ་དང་། འགྲུལ་སྐས་མཐོན་པོ་དེ་ཚོར་ཅི་ལྟར་འཛེགས་པའང་ཧ་གོ་མ་སོང་།

ཅིག་ལྟ་དུས་ལུས་བཤེར་ས་ཚུགས་ལ་སླེབས་འདུག དེར་མི་ཀྲུང་ཧ་མི་སེར་རྒྱལ་ཁབ་ཀྱི་འབངས་མི་དང་ཕྱི་གླིང་བ་འགྲོ་ས་ལམ་རྟགས་ཁ་ཁ་ཡོད་པས། ང་རང་ཕྱི་གླིང་བའི་ནང་ཕྱིན་པ་དང་། དེར་འགག་སྒོའི་ལས་བྱེད་ཚོར་ཉམས་ཚོད་ཅིག་བརྟག་རྗེས། ལྟས་ཚོད་ལ་རྒྱ་མོ་བབ་ཆགས་ཤིག་འདུག་པས་ཁོ་མོའི་མདུན་གྱི་གྲལ་ཤུར་ནང་བང་སྒྲིག་ཅིང་།  ཐོག་མ་ནས་ནོར་འཁྲུལ་རྐང་གཅིག་མི་འབྱུང་རྒྱུའི་ཆེད་ཡིག་ཆ་ཁག་སྔོན་ནས་སྟོན་ཆོག་ཆོག་བྱས་པ་དང་། ཕར་ནས་ཤོག་ཟེར་རག་བར་སྒུག་མཚམས་ས་ཐིག་ནང་ལངས་ནས་བསྡད།  སྐད་བཏང་མཚམས་སྣང་མེད་ཡིན་མདོག་གིས་ཕར་ཕྱིན་ནས་འཚམས་འདྲི་དང་བཅས་ལག་དེབ་སེར་པོ་སྒྲོམ་སྒོའི་ནང་ཕར་བསྲིངས། གང་ནས་ཡོང་བ་ཡིན། འགྲོ་དོན་ག་རེ་ཡོད། འབྲེལ་བ་བྱེད་ས་སུ་ཡོད་སོགས་རྣ་བྱང་ལ་སོང་ཡོད་པའི་དྲི་བ་དག་སླེབས་སྐབས། དེ་ལ་འབབ་པའི་ལན་ཞིག་སྔ་ས་ནས་ཡོད་ཀྱང་། དངོས་ནས་བཤད་ན་སྐྱེས་ཡུལ་དང་སྐྱེས་ལོ་ཡན་ཆོད་ཁ་གསལ་བཀོད་ཐུབ་མེད་པའི་ལག་འཁྱེར་རྫོབ་པོ་དེ་མི་ཞིག་གི་ལག་པར་འཇོག་སྐབས། རང་བཞིན་གྱིས་གདོང་བ་ཕྱེད་ཀ་དམར་པོ་ཆགས་འགྲོ་གི  མ་གཞི་ནས་ལག་དེབ་སེར་པོ་ལབ་ན་གནད་དོན་ཅན་གྱི་ཡིག་ཆའི་ཁུངས་ཡིན་སྟབས། མོས་དེ་མཐོང་འཕྲལ་བབ་ཆགས་པའི་གདོང་པ་མདོག་འགྱུར་ཚར་འདུག

དེ་མུར་ཁོ་མོས་ཁྱོད་ལ་རྒྱ་གར་ཉེན་རྟོག་པའི་དག་མཆན་(Police Clean sheet ) ག་པར་ཡོད་ཟེར། ངས་( འོ་རེད་) དེ་ཕ་གའི་གནམ་ཐང་ནས་བསྡུས་འགྲོ་གི་ཡོད་པ་རེད། ཕྱིར་ལོག་ཆོག་པའི་ཐོངས་མཆན་(Return Visa ) ཞུས་ཡོད་པ་དེར་གཟིགས་དང་། ཉིད་ཀྱི་དྲི་བ་དང་ལན་གཉིས་ག་དེ་ཡིས་འཐུས་པ་རེད་བརྗོད་པ་ཡིན། ཚིག་དེ་ཁོ་མོའི་སྣང་བར་མ་སོང་བ་འདྲ། འཁྲིས་ཀྱི་རྒྱ་མོ་དེར་སྐད་ཆ་དྲིས་སོང་། རླུང་རྟ་བརྒྱུག་ནས་རྒྱ་མོ་གཞན་པ་དེས་ཡིག་ཆར་དཀའ་ངལ་མེད་ན་འགྲོ་སྟངས་དེ་རེད་ལབ་ཡོད་ས་རེད། དེ་ནས་ཁོ་མོས་སླར་ཡང་ངའི་ཡིག་ཆར་ཞིབ་བཤེར་བྱས་ཤིང་། དེབ་སེར་པོར་བརྟག་དཔྱད་བྱེད་སྐབས་ནག་ཚོང་བརྒྱག་མཁན་ཞིག་གི་ལག་པར་གནའ་རྫས་ཤོར་བ་བཞིན། གནམ་ལ་འཕྱར་ཏེ་འོད་ངོགས་ནས་བརྟག སྤྲུགས་སྤྲུགས་བཏང་ནས་བར་ན་ཅང་ཟེགས་རྒྱུ་ཡོད་མེད་ལ་བལྟས། མཐར་སྣ་སྒོར་ཁྱེར་ནས་མ་བསྣིམས་ཙམ་ཞིག་བྱས་རྗེས། གཞི་ནས་གློག་གི་བརྟག་ཆས་བར་བཅུག་སོང་། བྱེད་སྟངས་དེས་ང་ཙམ་མ་ཡིན་པར་གཡས་གཡོན་མི་རྣམས་ཀྱང་དོག་མ་བདེ་བ་ཞིག་བཟོས། མཐའ་མར་མོས་འཐད་ལ་མི་འཐད་པའི་ངང་ཐམ་ཀ་བརྒྱབ་ནས་ལག་འཁྱེར་ཚུར་སློག་སོང་།  ཁོ་བོར་མཚོན་ན་གོ་ནོར་གྱི་གོ་རིམ་དེར་ཡ་ལན་སློག་སྟངས་ཉག་གཅིག་དྲན་པ་ནི། ཐོན་ཁར་རྒྱ་རྒན་མར་ཐུགས་རྗེ་ཆེ་མ་ཞུས་པ་ཙམ་ཡིན།

དེ་ནས་ཕྱི་ལོག་ཏུ་ཕྱིན་པའི་ན། འགྲུལ་སྒུག་ཁང་གི་མི་ཚོགས་ཁྲོད་དུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་ཞིག་གིས་ང་ལ་བསྒུགས་ནས་བསྡད་འདུག་ལ།  ངས་ཕར་རྒྱལ་དར་མ་མཐོང་གོང་རྒྱལ་དར་གྱིས་ང་ཚུར་ངོ་རྟགས་ཆོད་སོང་བ་འདྲ་ཞིག་བྱུང་། སྤྱིར་ན་ལྷ་སྒྲུང་དང་འབྲེལ་བའི་རྒྱལ་དར་དེ་ངས་སྔས་མགོའི་མཐོ་སར་བཞག་ནས་ཕྱག་འཚལ་ཞིང་། བྲང་ལ་སྦྱར་ནས་ངུས་མྱོང་། སྡུག་ས་ནས་བཤད་ན་མ་རྒན་ཚེ་ལས་འདས་སྐབས་ཀྱང་ཚོར་བ་དེ་འདྲ་ཁག་སེ་འདུག དེ་བས་རྒྱལ་དར་ལ་སེམས་ཤིག་ཡོད་ན་ང་ངོ་ཤེས་དགོས་པའི་ཚད་ཡིན། གཞན་རྒྱལ་དར་གྱི་འགྲེལ་བཤད་ནི་ཆོས་སྤེལ་མཁན་ཚོའི་ཧམ་བཤད་ཡིན་སྟབས། ཕྱོགས་དེ་ནས་ང་ནི་ཁ་དང་ཁ་སྤུ་ཁ་ཁ་ཡིན་པ་ཞོར་འཕྲོས་ཙམ་མོ།།

ལག་དེབ་སེར་པོ་འདི་ངའི་ཐོབ་ཐང་དངོས་གནས་དེ་ཡིན་ལ། གདོང་བ་སེར་པོ་འདི་ངའི་ལྷན་སྐྱེས་ཀྱི་ཤ་མདངས་ཡིན།  རྒྱལ་ཁབ་བཙོང་བའི་ནག་ཉེས་ཁོ་ནས་མ་གཏོགས་ཞྭ་སེར་བོ་ཚང་ངའི་ཕ་ཆོས་ཡིན། སོང་ཙང་ལག་དེབ་སེར་པོ་དང་། གདོང་བ་སེར་པོ།  ད་དུང་ཞྭ་མོ་སེར་པོ་གསུམ་པོར་ང་སྒེར་ངོས་ནས་ཁ་འཁང་ར་ཞིག་ཡོང་གཞི་མེད་མོད།  ཡུལ་ལུང་སོ་སོའི་ཐོངས་མཆན་སྤྲོད་མཁན་གྱི་ལས་བྱེད་པ་དང་། འགག་སྒོ་སྲུང་མཁན་གྱི་སྐོར་གཡེང་པ་ཚོའི་མདུན་ཅོག་ཐོག  ངའི་ལག་དེབ་སེར་པོ་དང་། ངའི་གདོང་སེར་པོ་འདི་གཉིས་མཉམ་པོར་བཤམས་དུས། གང་ཞིག་ན་ཅིག་ཏག་ཏག་བསྡད་མེད་པ་ལམ་སེང་ཧ་གོ་ཡོང་གི  དེར་བརྟེན་བྱུང་རབས་ཀྱི་ཁ་མཚམས་གང་ཞིག་ནས་རྒྱལ་ཁབ་ནག་གསུབ་ཕྱིན་པར་མནོ་བསམ་གཏོང་སྐབས། སྤྱིར་ན་ཆོས་སྲིད་ཟུང་འབྲེལ། སྒོས་སུ་ཞྭ་སེར་འདི་ཚང་དུས་མཐའི་ཉི་མ་དམར་པོ་ནང་བཞིན་ཅི་འདྲའི་མིག་ལ་འཛེར་བ་ཞིག་རེད། དེས་ཀྱང་ག་ལ་ཚད། ཁ་བ་རི་བ་ཚང་གི་སྣོད་བཅུད་གཉིས་ཀྱི་རླུང་རྟ་མར་ལ་འགྲིབ་བཞིན་པའི་སྐབས་སུ། ཁོ་ཚོ་དྲ་ཇེ་རྒྱས་དང་མགོ་ཇེ་སྐྲང་ཡིན་དོན་ཅི། ད་ནི་གང་ལྟར་ཤོར་པོ་ཞིག་གི་སྐྱེས་པ་བླངས་ཏེ་མི་ཚེ་རྫོགས་གྲབས་འདུག དུས་ཡུན་འདིའི་ནང་ཁུངས་འཁྱོལ་རུང་མ་འཁྱོལ་རུང་ཨུ་ཚུགས་མཐར་སྐྱེལ་བྱས་པ་རེད། སོང་ཙང་ངས་ད་ནས་བཟུང་ལོ་རྒྱུས་ལ་སྨྲེ་ངག་མི་འདོན། ཆོས་རྒྱུད་ལ་བསྐུར་བ་མི་འདེབས། རང་གིས་ཅིག་འཇོན་པ་ནི་ལག་དེབ་སེར་པོ་འདི་ཁྱེར་ཏེ། གདོང་བ་སེར་པོ་འདི་བསྟན་ནས། མུ་མཐུད་བདག་གཞན་ཉིས་ཆར་གྱག་གྱག་བྱེད་རྒྱུ་ཙམ་ཡིན།        

  

རྩོམ་པ་པོས་མཆན:   [ ཁ་སྔོན་ཕྱི་ཟླ་ལྔ་བར་ཐའེ་ཝན་བོད་ཀྱི་མཛའ་གྲོགས་ཚོགས་པ་གཙོས། ཚོགས་པ་ཁག་མཉམ་འབྲེལ་འོག རྒྱལ་ས་ཐའེ་པེ་རུ་<< ཐའེ་ཝན་ཡང་རྩ་སྟོང་དུ་འགྲོ་བའི་རྒྱལ་ཁབ་ཅིག་ལ་མི་འགྱུར་བའི་ཆེད་དུ། ལྷོ་སོག་དང་། ཡུ་གུར། བོད་བཅས་ཀྱི་ཐོག་ན་བློ་སྐྱེད་གང་ཡོིད། >>ཅེས་པའི་བརྗོད་གཞིའི་ཐོག རྒྱལ་སྤྱི་རང་བཞིན་གྱི་ཚོགས་འདུ་ཞིག་འཚོགས་པ་དང་།  ཚོགས་ཐོག་དེར་ལྷོ་སོག་དང་།  ཡུ་གུར་གྱི་འབྲེལ་ཡོད་མི་སྣ་གདན་ཞུས་གནང་འདུག་ལ། ཕྲན་བོད་ཀྱི་མིང་ཐོག་ནས་ཕྱིན།  སྐབས་དེའི་མཐོང་ཐོས་དང་། བརྒྱུད་ལམ་ཁག་གིས་ཡིག་ངག་གཉིས་ཐོག་ནས་བཅར་འདྲི་བྱས་པ་བཅས་གཞིར་བཞགས་སྟེ། སྙན་ཞུའི་རྩོམ་ཡིག་གི་འབྲི་ཐབས་སྤྱད་ནས་རྩོམ་འདི་བྲིས་ཤིང་། རྩོམ་ཡིག་འདི་ནི་དེའི་ནང་གི་ཚན་པ་གཅིག་ཡིན། ]

འབྲེལ་ཡོད་གསར་འགྱུར།

On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༧ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩

མཆན། 7

  1. གངས་དཀར་རྒྱལ་སྲས says:
    ལོ་ 12 སྔོན།

    སེར་བོའི་གདོང་ལ་མ་སུན། སེར་བོའི་གདོང་ལ་སུན་ན། རང་ལ་སུན་པ་ཡིན་འགྲོ། རང་མཚང་སྟོན་པ་ཡིན་འགྲོ། སེར་བོའི་དེབ་ལ་མ་སུན། སེར་བོའི་དེབ་ཀྱི་དྲིན་ན། སེར་བོའི་གདོང་བ་ཅན་ཚོ། ཕྱོགས་ངེས་མེད་ཁྱབ་ཡོད། སེར་བོའི་བསྟན་པར་མ་སུན། སེར་བོའི་བསྟན་པའི་དྲིན་ན། ནུབ་གླིང་མགོ་སེར་ཅན་ཚོའི།། སེམས་པ་དབང་མེད་བཀུག་ཡོད།།
    སེར་བོ་གསུམ་ལ་མ་སུན། སེར་བོ་གསུམ་ལ་སུན་ན། འཚོ་བའི་གནས་ཤིག་མེད་པས། ལམ་ཁ་གཅིག་ལས་མི་འདུག།

    Reply
  2. ཕྱོར་ཚང་། says:
    ལོ་ 12 སྔོན།

    ཉམས་མྱོང་ངོ་མ་རེད། ས་སྣུམ་ཉོ་བྱེད་ཀྱི་ལག་དེབ་ལྟ་བུའི་དེབ་སེར་དེ་འཁུར་ནས་འགག་མཚམས་ཀུན་དུ་དཀའ་ངལ་འཕར་མ་རེ་ཕྲད་པ་ཐེངས་ཁ་ཤས་མིན། མཚམས་རེར་ངོ་མ་འཇིགས་རྟེན་འདིར་ཡོད་པ་ཙམ་ལས། མིའི་གྲས་སུ་མེད་པའི་ཚོར་བའང་སྤྲད་མྱོང་།

    Reply
  3. གནས་ཚང་། says:
    ལོ་ 12 སྔོན།

    གདོང་སེར་པོ་ཕ་མས་གནང་ལེ་རེད། དེབ་སེར་པོ་ཏང་གིས་བཟོས་ལེ་རེད། མགོ་སེར་པོ་མིན་པ་སྔོན་ལས་རེད། ཞྭ་སེར་པོ་གྱོན་དང་གྲོང་ཆོག་གཉེར།

    Reply
  4. སེམས་ཚོར། says:
    ལོ་ 12 སྔོན།

    ༑མདང་ནུབ་ཤར་མར་བྲིས་པའི་མཆན་དེར་སེམས་གཡེངས་པ་ལས་ཡིག་འབྲི་མཛུབ་གནོན་འཁྱོར་བ་རྣམས་དག་བཅོས་འདི་ལྟ་སྟེ།

    དུམ་ཚན་ ༡ པོའི་མཐའ་ཕྲེང་ན། འགྲུལ་པར་ཞེས་པ་འགྲུལ་པར་སྤྲོད་པའི་ཞེས་དགོད་བྱ་ཡིན།

    ༢ ཀྱིས་ལ་ཀྱི། མེགློར་ལ་མེགློཌ། [ཤཱཀྱ་ཐུབ་པ་དང་ཤཱཀ་ཐུབ་དང་ཨུཏྤལ་སོགས་བཞིན། བོད་ཡིག་གི་སྔོན་རྗེས་རྣམ་གཞག་རིགས་སྒྲེ་མི་རུང་བ་སྐད་གཞན་གྱི་དངོས་མིང་རྣམས་སྐད་དེའི་དག་ཆ་ལྟར་འབྲི་བ་སྔ་ནས་དར་ཡོད།] ༑དུམ་ཚན་ ༢ པའི་ཕྲེང་གསུམ་པ་ན། པའི་གནས་སུ། པས།

    ༣ མདོང་ལ་གདོང་། རྒྱུད་ལམ་ཡིན་པར་ཞེས་པའི་གནས་སུ། རྒྱུད་ལམ་ལག་བསྟར་བྱེད་པ། [སྐབས་འདིར་གསར་འགོད་བརྒྱུད་ལམ་ཞེས་པའི་བརྒྱུད་ལམ་གྱི་དོན་མིན་པར། ལས་མི་ཚོས་ལས་ཀ་ཚད་ལྡན་དང་ཁྲིམས་ལྡན་རིམ་ཅན་དུ་བྱེད་སྲོལ་གང་དབྱིན་ཚིག་གི་པོརོསིཇོར་ཞེས་པ་དེའི་དོད་ཡིན།]

    ༦ མཚོད་ལ་མཚོན།

    Reply
  5. སེམས་ཚོར། says:
    ལོ་ 12 སྔོན།

    ༑ཁྱེད་ལ་དེབ་སེར་པོའི་མཐོང་ཆུང་བའི་ཉམས་མྱོང་བྱུང་བ་ཁག་མེད། བོད་མི་དང་རྒྱ་གར་དུ་གནས་སྡོད་པའི་སྐྱབས་བཅོལ་བ་མང་པོར་དཀའ་ངལ་འདི་རྒྱུན་པར་འཕྲད་བཞིན་ཡོད། རྒྱ་གར་གྱི་དེབ་སེར་པོ་དེ་ནི་དེབ་གཟུགས་ཅན་རྒྱལ་སྤྱིའི་ཡུལ་གྲུ་གཞན་གྱི་ངོས་འཛིན་འགྲུལ་དེབ་དང་ཆ་འདྲ་བ་ཡིན། མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་མེད་པའི་འགྲུལ་པར་སྤྲོད་པའི་དེབ་ཀྱང་ཁ་མདོག་སྔོན་པོ་དང་སེར་པོའི་ཁྱད་ཙམ་ལས་རྒྱ་གར་གྱི་དེ་དང་དེབ་ཀྱི་སྤུས་ཀ་བཟོ་དབྱིབས་གཅིག་མཚུངས་འདུག །བལ་ཡུལ་སོགས་ལུང་པ་དཔལ་འབྱོར་ཞན་པ་རྣམས་ཀྱིས་ནི། ཡུལ་མེད་འགྲུལ་པར་ངོས་འཛིན་དེབ་ནི། ཤོག་ཛར་ཞིག་ལ་ཐེལ་ཙེ་ཡོད་ཙམ་རེད།

    ཁྱོད་ཀྱི་དེབ་སེར་ཐད་བརྟག་པ་ནན་བྱས་བྱུང་བ་བོད་པ་སྒེར་ཞིག་ལ་ཕོག་དགོས་དོན་མེད་དེ། སྤྱིར་བཏང་ལོ་མང་སྔོན་ནས་འགྲུལ་པ་མང་པོས་དེབ་སེར་ཚབ་རྫུན་བེད་སྤྱོད་བྱས་པ་དང་། འཕར་མ་ཡོད་ཐོག་དེབ་སེར་བཏོན་པ་སོགས་བཟུང་བ་བྱུང་བས། འདི་ནི་བོད་མི་ལས་མང་བའི་རྒྱ་གར་ནང་སྐྱབས་བཅོལ་བ་གཞན་ཡོད་པ་རྣམས་ཀྱིས་གྲས་ནས་ཀྱང་བེད་སྤྱོད་ལོག་པ་བྱས་པའི་དོ་དམ་ཆེ་རུ་ཕྱིན་པ་མཇྣུཊིལ་ཇ་ལམ་དང་མེགློར་སྐོར་ལམ་དུའང་ཁྱབ་ཡོད་པའི་སྤྱིར་བཏང་ཤེས་བྱའི་གཏམ་ཞིག་ཏུ་གནས།

    དེ་བས་ན། ཕྱོགས་གཅིག་ནས་དེབ་སེར་ལ་བརྟག་པ་ནན་པོ་བྱེད་པའི་སྐབས་དེབ་བཤེར་བྱེད་པོ་རྣམས་ཀྱིས་ལས་ཀའི་རྒྱུད་ལམ་ཡིན་པར་ཤེས་ཏེ་བློ་འཚབ་དང་དོན་ལོག་འགྲེལ་དགོས་དོན་མེད། ཕྱོགས་གཞན་ཞིག་ནས་དེབ་བཤེར་ལས་བྱེད་ཚོར་འཚམས་འདྲི་བྱ་རྒྱུ་དེ་ལས་ཀའི་འབྲེལ་ལམ་གྱི་སྒོ་ནས་མ་འཚམ་པ་ཐལ་བའི་སྐྱོན་ཆར་འགྲོ་ངེས་པ་དང་ཕ་རོལ་པོས་དོགས་པ་བྱེད་པའི་རྐྱེན་དུའང་འགྱུར་སྲིད།

    ཁྱེད་ལ་མི་བདེ་བ་བཟོས་པ་ཚོར་བར་ཐུགས་གསོ་ཞུ་བ་ཡིན། ལར་ནས་དེབ་སེར་པོ་དེ་དང་དགེ་ཆོས་ཀྱིས་གསུང་བའི་མདོང་དམར་དེ་གཉིས་པོ་དཔའ་ཞུམ་དགོས་པའི་གནད་དོན་གང་ཡང་མིན། ང་རྒྱལ་མིན་པའི་དོན་ལྡན་གྱི་སྤོབས་པ་བྱེད་དགོས་པའི་གཞི་ཡིན། དེབ་སེར་ནང་བོད་མི་དང་བོད་ཞེས་མ་འཁོད་རུང་། ཕ་རོལ་པོས་རྩད་གཅོད་ཀྱི་རིམ་པ་ལས་བོད་མི་ཡིན་པ་ཤེས་པར་འགྱུར་བས། བོད་མི་ཞིག་ཡིན་སེམས་པའི་གདེང་སྤོབས་མ་ཞུམ་པ་གནད་ཆེ། ༧གོང་ས་མཆོག་ཀྱང་དེབ་སེར་འདི་ཉིད་ཀྱི་ཐོག་འཛམ་གླིང་ཡུལ་གྲུ་རྣམས་སུ་མཛད་པ་འཕྲིན་ལས་རླབས་ཆེན་མཛད་བཞིན་ལགས། མཁྲིས་ནད་ཅན་ངོ་གདོང་སེར་པོ་ཡོད་པ་ལས། སྔོན་གྱི་དམག་ཆེན་གཉིས་པའི་སྐབས་ཀྱི་ནུབ་གླིང་པས་འགྲེལ་བརྗོད་བྱས་པའི་ཇཱཔཱན་ནས་འོང་དོགས་པའི་སེར་པོའི་ཉེན་ཁ་ཞེས་པའི་ཟེར་བཟློས་བྱས་པས་རང་ཉིད་རང་གིས་དམའ་ལ་འབེབས་པར་ཟད།

    རིང་ལུགས་གང་ཞིག་གི་ཁོངས་གཏོགས་གང་ཟག་སྒེར་གྱིས་དད་པ་སུན་འབྱིན་སོགས་བྱས་པའི་ཡུལ་དུ་གྱུར་ཡོད་ནའང་། དེས་རིང་ལུགས་ཡོངས་རྫོགས་ལ་དབྱུག་པ་ལེབ་འཕྱར་བྱེད་པ་ཆེས་ནོར་བ་ཡིན་ལ་ལས་ངན་ཚབ་ཆེ། ཁྱེད་སྒེར་ལ་ཕམ་ཉེས་བྱུང་བ་དེ་གནས་དོན་ཡོད་ཚད་དང་སྦྱོར་ཏེ་སྐུར་བ་འདེབས་པ་ནི་ཧ་ཅང་ཐལ་ཆེ།

    ༑ཁྱེད་ཀྱིས་སྔས་ལ་བཞག་སྟེ་རྒྱལ་དར་དེའི་འོག་ངུས་པ་ལ་ལྷག་པའི་རྒྱལ་དར་དེའི་འོག་རང་སྲོག་བློས་བཏང་མཛད་པ་བརྒྱ་ཕྲག་དུ་མ་བྱུང་ཡོད། རྒྱ་མིས་བོད་དབུས་སུ་རྒྱལ་དར་དམར་པོ་འཁྱེར་བཞིན་བཙན་འཛུལ་བྱས་པའི་སྔ་རོལ་མདོ་སྟོད་ཆབ་མདོ་སོགས་སུ་རང་རེའི་རྒྱལ་དར་དེ་འཁྱེར་བཞིན་རྒྱར་འཐབ་སྟེ་སྲོག་ཤོར་བ་བགྲང་དུ་མེད། བོད་ཀྱི་རྒྱལ་དར་འདི་ནི་ཕྱི་ལོ་ ༡༩༥༩ སྔ་རོལ་བོད་མ་ཤོར་བའི་སྐབས་ནས་ཡོད། གངས་སེང་ཟུང་དེ་ཁྱེད་ཀྱིས་བཤད་པ་ལྟར་ལྷ་སྒྲུང་ཧམ་བཤད་ལྟ་བུ་ཡིན་མོད་ཀྱང་། རྒྱལ་ཁབ་གཞན་གྱི་རྒྱལ་དར་མང་པོར་མཚུངས་བསྡུར་བྱས་ན་འོ་ཅག་གི་རྒྱལ་དར་འདིའི་གཡུ་རལ་མཆེ་སྡེར་བརྗིད་པའི་མི་འཇིགས་གདོང་ལྔ་རྣམ་པར་འགྱིངས་པའི་ཆ་འདི་ནི། དབྱིོན་ཇིའི་རྒྱལ་རྟགས་ཀྱི་སེང་གེ་སྦྲུལ་འདྲ་བ་དེ་ལས་དངོས་པོའི་གནས་ཚོད་དང་འཚམ་ཆེ་བ་དང་། དབྱིན་ཇིའི་རྒྱལ་དར་གྱི་རྒྱ་གྲམ་མཚམས་བཅད་དང་བཅས་པ་གང་གནའ་བོའི་ཆོས་ཀྱི་དམག་བརྒྱབ་པའི་སྐབས་ནས་དར་བ་དང་ཆོས་དམག་གི་མཚོན་དོན་དེ་འདྲ་མིན་པར། བཟང་ཕྱོགས་ཀྱི་བསླབ་བྱ་ལྡན་པས་མངོན་པར་འཕགས། རྒྱལ་དར་དང་རྒྱལ་རྟགས་རྣམས་ནི་དེང་རབས་སྤྱི་གྲོས་ཀྱི་རང་དབང་བའི་ལུང་པ་ཡིན་པའི་རྟགས་ཙམ་ལས། དེ་རྣམས་ཀྱི་ངོས་གསལ་བའི་དཔེ་རིས་ཀྱི་མཚོན་དོན་ཐད་བལྟས་ཚེ། ལོ་ཉིས་བརྒྱ་ཚུ་རོལ་གྱི་རྒྱལ་དར་མང་ཆེ་བ་ནི་ཁོ་མདོག་གསུམ་ཅན་གཅིག་མཚུངས་ཡིན་པ་མངོན་གསལ་ཙམ་ལས། གནའ་ནས་ཡོད་པའི་རྒྱལ་ཁབ་ཕལ་ཆེ་བའི་རྒྱལ་དར་མཚོད་དོན་དང་རྒྱལ་རྟགས་རྣམས་ནི། དམག་འཁྲུགས་དང་འཚེ་བའི་རྣམ་པ་ཅན་དང་། རྒྱལ་རྟགས་ཁོངས་དུད་འགྲོ་ལྷ་སྒྲུང་ལས་ཀྱང་འདས་པ་མང་།

    ༑ཐལ་ཆེ་བའི་བསམ་ཚུལ་དེ་ཚོ་ཁྱེད་ཀྱིས་འཛེམ་མེད་བཤད་པའི་ལྐོག་ཤོད་མིན་པར་མདུན་ཤོད་བྱེད་པ་ཙམ་གྱི་ཆ་ནས་བསྔགས་བརྗོད་ཡོད། ཡི་གེའི་ཐད་དེང་སང་མང་པོ་ཞིག་གིས་བརྡ་དག་ཚིག་མཛོད་ནང་ཡོད་ཚད་སྐབས་ཐོབ་ཡིན་མིན་ལ་མ་བལྟོས་པར་བེད་སྤྱོད་བྱེད་པའི་རྟགས་སུ། བཅར་ཞེས་འགྲོ་སྐྱོད་ཀྱི་དོན་དང་གཅིག་མཚུངས་ཡིན་པར་བསམས་ཏེ་གནམ་གྲུ་རིན་པོ་ཆེའི་སྐུ་མདུན་དུ་བཅར་བ་ལྟ་བུའི་དོན་དུ་བེད་སྤྱོད་བྱེད་པ་དང་། བསྲིངས་པ་ནི་དུས་ཡུན་རིང་དུ་བཏང་བའི་དོན་ཙམ་ལས་། ཚིག་མཛོད་དུ་ལག་པ་བརྐྱང་བའི་དོན་དང་ཡི་གེ་བསྐུར་བའི་དོན་གཉིས་པོ་ལའང་འཇུག་པ་བཤད་པ་མཐོང་སྟེ། བསྐུར་བ་དང་སྤྲད་པ་གཉིས་དོན་གཅིག་ཏུ་འཁྲུལ་ཏེ་སྤྲད་པའི་དོན་དུ་བེད་སྤྱོད་བྱེད་པ་སྣང་བ་འདི་དག་ནི། སྲོལ་རྒྱུན་གནའ་བོའི་མེས་པོ་རྣམས་ཀྱི་ཡིག་སྲོལ་ལས་ཉམས་པ་དང་། ཚིག་དེ་ལྡན་གྱི་གླེགས་བམ་རྣམས་ཀྱང་བཀླག་ཨེ་ཡོད་སྙམ་པའི་དོགས་པ་སློང་། ཚིག་མཛོད་ནང་གི་ཚིག་རིགས་གང་མང་རྙེད་ཐུབ་ངལ་བ་བྱེད་པ་བཟང་ཡང་། སྐབས་ཐོབ་བེད་སྤྱོད་དུ་ཡོད་པ་སོགས་ཤེས་པ་གལ་ཆེ། ཞར་བྱུང་དུ་ཐུགས་ཕན་གསོ་བའི་ཆེད་ཞུས་པ་ཡིན།

    མ་འོངས་པ་ན་ཁྱེད་ཀྱི་འགྲུལ་བཞུད་ཆུ་བཞུར་བཞུར་ཡོང་བའི་རེ་བ་ཡོད། བཀྲིས་བདེ་ལེགས།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    ངོ་མདོག་སེར་མདངས་རིགས་རྒྱུད་རྟགས། ལག་དེབ་སེར་པོ་སྐྱབས་བཅོལ་རྟགས།
    ཞྭ་མོ་སེར་པོ་ཆོས་ཀྱི་རྟགས། དེ་གསུམ་འདོར་ཐབས་མེད་པའི་རྟགས།
    འཁང་ར་མ་བྱེད་སེམས་མ་ཕམ། ལོ་རྒྱུས་འཁོར་ལོ་གནས་གཅིག་མིན།
    རང་བཙན་ལམ་ཡིག་བྲིས་པ་ལྟར། རང་བཙན་འཐབ་རྩོད་དཔའ་མ་ཞུམ།

    Reply
  7. རྡོ འཇམ་ཚུལ། says:
    ལོ་ 12 སྔོན།

    སྤྱིར་ན་བཤད་འདོད་མེད་ལ་འདྲི་འདོད་ཀྱང་མེད། འོན་ཀྱང་བསམ་མ་ཤེས་པའི་ཟུར་ཁ་ཅན་དེས་ང་འདུག་གི་བཅུགས་མ་སོང་། དེ་ནི་འདི་ལྟར་གོང་དུ་མི་ཞིག་གིས་བོད་རྒྱལ་ཁབ་ག་པར་ཡོད་དྲིས་དུས། ཐག་ཉེ་ས་ནས་བཤད་ན་ཞྭ་སེར་བོ་ཚང་གི་བྱུང་རབས་ནང་འཛུབ་མོ་འཛུགས་དགོས་པ་ནི་གུ་ཡངས་མེད་པའི་གནད་དོན་ཞིག་ཡིན་ཞེས་ཟེར། ཡང་འོག་ནས་རྒྱལ་ཁབ་བཙོང་བའི་ནག་ཉེས་ཁོ་ནས་མ་གཏོགས་ཞྭ་སེར་བོ་ཚང་ངའི་ཕ་ཆོས་ཡིན་ཞེས་ཟེར། གནོད་དོན་དེ་གཉིས་ཀྱི་བར་ནས་རྒྱལ་ཁབ་བཙོང་ཞེས་པའི་བརྗོད་དོན་གྱིས་སྟོང་བའི་ཚིག་གི་ནག་ཉེས་དེ་སུ་ལ་འགེལ་འདོད་པ་ཡིན། སྤྱིར་ན་གང་ཞིག་བཙུང་ན་ཆེ་ཆུང་ལ་མ་ལྟོས་པར་ཚུརཡོང་འབབ་ཅིག་ཡོད་དགོས་པ་ཁྱོད་ཀྱི་བཤད་ཚུལ་ལྟར་གུ་ཡང་མེད་པའི་གནད་དོན་ཞིག་ཡིན། འོ་ན་ཁྱོད་ཀྱི་སེམས་ནང་གི་མ་རུང་བ་རྒྱལ་ཁབ་བཙུང་མཁན་དེ་ལ་ཡོང་འབབ་ཅི་བྱུང་དང་དགྱ་བོད་གང་གི་ཡུལ་དུ་འཚོ་བཞིན་པ་བཤད་རོགས་གནོངས་ཞེས་རེ་སྐུལ་ཡིན་སྐུ་མཁྱེན། གང་ལྟར་མི་དེ་བཙན་བྱོལ་བ་ཞིག་མིན་པ་གནས་ལུགས་ཀྱིས་ཐག་བཅད་འདུག གང་ཡིན་ཞེ་ན་རང་གི་རྒྱལ་ཁབ་དགྱ་ལ་བཙུང་ནས་དགྱ་ཡི་ཁྲིམས་འོག་ནས་འབྲོ་དགོས་དོན་མེད་ལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese