དེ་རིང་སྔ་དྲོར་རྒྱ་ནག་གིས་ཀན་སུའུ་ཞེས་འབོད་པའི་ས་ཁུལ་ཞིག་ཏུ་ས་འགུལ་ཆེན་པོ་བརྒྱབ་སྟེ་ཉུང་མཐར་མི་ ༧༥ ལྷག་རྐྱེན་ལམ་དུ་ཕྱིན་ཡོད་འདུག
རྒྱ་ནག་གི་གསར་ལམ་ཁག་ཅིག་ནང་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་སྔ་དྲོའི་ཆུ་ཚོད་ ༧།༤༥ སྟེང་ཀན་སུའུ་ཞིང་ཆེན་ཏེན་ཞི་གྲོང་ཁྱེར་གྱི་མེན་རྫུང་དང་། ཀྲང་རྫོང་གཉིས་ཀྱི་འབྲེལ་མཚམས་སུ་ཤུགས་ཚད་ ༦།༦ ཅན་གྱི་ས་འགུལ་ཞིག་བྱུང་སྟེ་མི་ ༥༣ རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། མི་ ༣༣༧ ཙམ་ལ་རྨས་སྐྱོན་ཕོག་སྟེ་དྲག་ཆས་ཉེན་རྟོག་དཔུང་དམག་དང་མེ་གསོད་རུ་ཁག་གིས་མྱུར་སྐྱོབ་བྱེད་ཀྱིན་ཡོད་སྐོར་བཀོད་འདུག
བྷེ་བྷེ་སི་(BBC)གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཐེངས་འདིར་ཀན་སུའུ་མངའ་ཁུལ་གྱི་བྱང་ནུབ་ཕྱོགས་སུ་ས་འགུལ་ཤུགས་ཚད་ ༥།༩༨ ཅན་ཞིག་དང་། དེའི་རྗེས་སླར་ཡང་ཤུགས་ཚད་ ༥།༦ ཅན་གཉིས་བསྟུད་མུར་བྱུང་སྟེ་མི་ ༧༥ རྐྱེན་འདས་དང་། གཞི་མི་ ༤༠༠ ལྷག་ལ་རྨས་སྐྱོན་ཕོག་སྟེ་ས་གནས་མི་མང་དང་གཞུང་གི་དམག་མི་མཉམ་རུབ་ཐོག་མྱུར་སྐྱོབ་བྱེད་བཞིན་ཡོད་སྐོར་བཀོད་འདུག
ཐེངས་འདིའི་ས་འགུལ་ཁྲོད་མང་ཚོགས་ཀྱི་ཁང་པ་མང་པོ་ཞིག་གཏོར་ཡོད་པ་མ་ཟད། སློབ་གྲྭ་ཞིག་ལའང་བརྡིབ་སྐྱོན་ཆེན་པོ་བྱུང་ཡོད་འདུག་ལ། ས་འགུལ་དེའི་ཤུགས་རྐྱེན་ཀན་སུའུ་ཡི་ས་གནས་གཞན་དང་ས་འབྲེལ་མཚོ་སྔོན་གྱི་ས་གནས་ཁག་ཅིག་བཅས་སུའང་ཐེབས་ཡོད་འདུག