མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགའ་ལྡན་ཕོ་བྲང་དང་དབུ་མའི་ལམ་གཉིས་ཁ་ཁ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་བཅོ་ལྔ་པའི་ཐོག གཞོན་ནུའི་རང་བཙན་ལངས་ཕྱོགས་ལ་འགྱུར་བ་གཏོང་མིན་ཐོག་དགོངས་ཚུལ་མི་མཐུན་པ་བྱུང་སྟེ། གཞོན་ནུའི་ས་གནས་ཁག་ཅིག་ཚོགས་ཆེན་ལས་ཕྱིར་ཐོན་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་སྟབས། སྐབས་བཅུ་བཞི་བའི་གཞོན་ནུའི་སློབ་སྟོན་པ་རྒན་ལྷ་བཟང་ཚེ་རིང་ལགས་སུ་བཅར་འདྲི་ཞུས་ཡོད།

དྲི་བ། རྒན་ལགས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སློབ་སྟོན་པར་བཞུགས་པའི་གནས་ཚུལ་ཞིག་འདུག དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

ལན། གཞོན་ལྷན་གྱི་སློབ་སྟོན་པར་བསྐོ་བའི་ལམ་སྲོལ་དེ་གཅིག་ནས་གཞོན་ནུའི་སྒྲིག་འཛུགས་ངོས་ནས་གང་ཟག་དེར་མཐོང་དང་བརྩི་བཀུར་ཡོད་པར་ངོས་འཛིན་བྱེད་པ་ཞིག་དང་། གཉིས་ནས་དུས་རྒྱུན་གྱི་ལས་ཀའི་ཐད་ནས་ང་ཚོ་རྒྱུན་ལས་རྙིང་པ་ཚོ་གཞོན་ནུའི་ཚོགས་མི་རྒན་རབས་པ་ཡིན་སྟབས་ཉམས་མྱོང་གི་ཐོག་ནས་སྐབས་རེར་ལམ་སྟོན་ཞུ་ཆེད་དང་། ལྷག་པར་དུ་དཀའ་ངལ་འདྲ་འཕྲད་སྐབས་ཕན་ཐོགས་ཕྲན་བུ་རེ་བྱུང་ན་སྙམ་ནས་སློབ་སྟོན་པར་བསྐོ་བཞིན་ཡོད་པ་རེད། རྒྱུན་ལས་རྙིང་པའི་སྐབས་སུ་ང་སློབ་སྟོན་པ་གནང་རོགས་ཞེས་འབོད་སྐུལ་གནང་སོང་། ང་འདྲ་བོ་སྤྱི་ཚོགས་ནང་མཐོང་ཚུལ་ཤུགས་ཆེན་པོ་ཡོད་མཁན་ཞིག་གཞོན་ནུའི་སྒྲིག་འཛུགས་རྩ་ཆེན་པོ་འདིའི་སློབ་སྟོན་པར་མ་བསྐོ་རོགས། ལས་ཀ་ག་རེར་བཀོལ་ན་ངས་ཐུབ་ཚོད་ཀྱིས་ཤུགས་རྒྱག་དགོས་ལབ་ཡིན། འོན་ཀྱང་ཁོང་ཚོས་ཨུ་ཚུགས་བརྒྱབ་པ་བཞིན་ཁས་ལེན་བྱས་པ་ཡིན། ད་རྒྱུན་ལས་རྙིང་པ་འཁྱོལ་བ་ཡིན་སྟབས་སློབ་སྟོན་པའང་རང་བཞིན་གྱིས་འཁྱོལ་ཚར་བ་རེད།

དྲི་བ། གཞོན་ནུའི་འགན་འཛིན་ལྷན་ཚོགས་སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་ཞེས་གྲོས་ཆོད་བཞག་པ་སོགས་ལ་ད་རེབ་དགོངས་སེལ་ཞུས་པའི་ཐད་གཟིགས་ཚུལ་གང་འདྲ་ཡོད་དམ།   

ལན། བོད་གཞུང་གི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་གྲོས་ཆོད་བཞག་པ་དེའི་ཐད་ང་ཚོའི་མགོ་ཁྲིད་རྣམ་པ་ཚོ་དང་། ལྷག་པར་དུ་མང་ཚོགས་ནང་ལའང་བསམ་ཚུལ་ཡོང་གི་ཡོད་རེད། ང་ཚོ་དམངས་གཙོ་ཡིན་ལབ་ཀྱི་ཡོད་རེད། གཞོན་ནུའི་ངོས་ནས་ང་ཚོ་དམངས་གཙོ་ཡིན་པ་རང་ལ་ཡིད་ཆེས་བྱས་ཏེ། དམངས་གཙོའི་སྤྱི་ཚོགས་ནང་གཞུང་གི་སྲིད་བྱུས་སོ་སོའི་བློར་ལ་མ་མཐུན་པ་དང་འདོད་པ་མེད་པ་ཡོད་ན་འགྱུར་བ་གཏོང་རྒྱུར་ཐབས་ཤེས་བྱེད་ཆོག་གི་རེད། དེ་ལ་དགོངས་དག་ཞུ་དགོས་པའི་གནས་ཚུལ་ཞིག་མཐོང་མ་སོང་། དེ་བཞིན། དགའ་ལྡན་ཕོ་བྲང་གི་མཚན་བྱང་བརྗེ་བསྒྱུར་ལ་གཞོན་ནུས་མོས་མཐུན་མ་བྱས་པ་དེ་ཡང་། ལོ་རྒྱུས་ཐོག་གནད་འགག་ཅིག་ཆགས་ཡོད། གང་ཡིན་ཟེར་ན། གཞུང་འདི་བཙན་བྱོལ་དུ་གནས་པའི་བོད་གཞུང་རེད་མ་གཏོགས་བཙན་བྱོལ་མི་མང་གི་གཞུང་མ་རེད། ད་ལྟ་ང་ཚོས་རྩོད་བཞིན་པ་འདི་དེ་སྔོན་བོད་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཡིན། དེ་ཡིན་པའི་ཁུངས་སྐྱེལ་གཅིག་ང་ཚོའི་གཞུང་དགའ་ལྡན་ཕོ་བྲང་རེད། འདིའི་མིང་ལོ་རྒྱུས་ཀྱི་ཐོག་ནས་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་སྟབས། འདི་ལ་བདག་པོ་རྒྱག་གི་ཡིན་ཟེར་པ་དེ་འགྲིག་བསྡད་ཡོད་རེད། དེར་དགོངས་དག་ཞུ་དགོས་པ་ཞིག་ངས་མཐོང་གི་མེད། དགའ་ལྡན་ཕོ་བྲང་དང་དབུ་མའི་ལམ་གཉིས་རྦད་དེ་ཁ་ཁ་རེད། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དབུ་ཁྲིད་གནང་པའི་ལམ་སྲོལ་དང་དེའི་མིང་བྱང་ཕྱིར་བསྡུ་གནང་གི་ཡིན་གསུང་ན་དེ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་སྐུ་དབང་རེད། འོན་ཀྱང་། དབུ་མའི་ལམ་འདི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་པའི་གནད་དོན་ཞིག་གི་སྟེང་ལ་ལམ་སྟོན་བྱེད་པའི་སྲིད་བྱུས་ཤིག་ཡིན་སྟབས། བོད་རྒྱལ་ཁབ་ཀྱི་ཤི་དང་གསོན་ལ་ཐུག་པའི་གནད་དོན་ཞིག་ཡིན་དུས་མི་མང་ལ་འབྲེལ་བ་ཆགས་ཡོད་རེད། དེར་བརྟེན་བློ་མཐུན་པས་རྒྱབ་སྐྱོར་བྱེད་ཆོག་གི་རེད་ལ། བློ་མི་མཐུན་པས་སྐྱོན་འཛུགས་ཀྱང་བྱེད་ཆོག་གི་རེད་དྲན་ཡོད།

དྲི་བ། གཞོན་ལྷན་གྱི་སྒྲིག་གཞིའི་མགོར་༧གོང་ས་མཆོག་གི་བཀའ་དགོངས་འོག་འགྲོ་རྒྱུ་ཡིན་ཟེར་བ་དང་། དེའི་འོག་ཏུ་རང་བཙན་བཤད་བསྡད་པ་དེ་འགལ་ཟླ་ཞིག་ཏུ་མཐོང་གི་ཡོད་དམ།

ལན། གཞོན་ལྷན་ཐོག་མ་བཙུགས་དུས་བོད་གཞུང་གི་ལངས་ཕྱོགས་རང་བཙན་རེད། གཞོན་ནུའི་སྒྲིག་གཞི་སྐབས་དེར་གཏན་འབེབས་བྱས་པ་ཞིག་རེད། ཕྱིས་སུ་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུ་མའི་ལམ་ལ་དགོངས་འཆར་བཏོན། བོད་གཞུང་གིས་དབུ་མའི་ལམ་གཏན་འབེབས་གནང་པ་རེད། ཡིན་ནའང་གཞོན་ནུས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཁས་ལེན་མ་བྱས་པ་དེ་ག་རེ་རེད་ཟེར་ན། རྒྱལ་བ་རིན་པོ་ཆེ་ཡིས་ཐོག་མ་དབུ་མའི་ལམ་གསལ་བསྒྲགས་གནང་སྐབས། ང་ཚོའི་དཀའ་ངལ་སེལ་རྒྱུར་ཞེ་དྲག་ཁག་པོ་དང་འུ་ཐུག་པའི་གནས་སྟངས་ཤིག་ལ་བསླེབས་ཡོད་པ་རེད། དཀའ་ངལ་འདི་སེལ་རྒྱུའི་ཐབས་ལམ་ངས་འདི་འདྲ་ཞིག་དྲན་གྱི་འདུག མཐའ་མའི་ཐག་གཅོད་བོད་མི་མང་ཡིན་ཞེས་གསུངས་པ་རེད། སི་ཊ་སི་སྦག་གི་གྲོས་འཆར་དོན་ཚན་ལྔ་ལ་གཟིགས་དང་གསལ་བོ་ཡོད། དེར་བརྟེན། བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་བོད་མི་མང་ནང་གི་སྒྲིག་འཛུགས་ཤིག་ཡིན་སྟབས། སོ་སོའི་དབུ་ཁྲིད་ལ་སོ་སོའི་བསམ་ཚུལ་དྲང་པོར་ཞུས་པ་རེད།

དྲི་བ། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་རྒྱ་ནག་གཞུང་གི་བཤད་སྤྱོད། རྒྱལ་སྤྱིའི་རྒྱབ་སྐྱོར་གྱི་ཁ་ཕྱོགས་བཅས་ལ་གཞིགས་ན་རང་བཙན་ལས་དབུ་མའི་ལམ་བོད་དོན་སེལ་རྒྱུར་ཅུང་ཐག་ཉེ་བར་མཐོང་གི་མེད་དམ།

ལན། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དབུ་ཁྲིད་གནང་གི་མིན་གསུང་པ་ཡིན་ན། དེའི་རྗེས་ལ་སྐུ་སྒེར་བོད་མི་ཡིན་པའི་ཆ་ནས་མ་གཏོགས་དབུ་ཁྲིད་ཡིན་པའི་ཆ་ནས་གསུང་སྟངས་ཡོད་མ་རེད། གང་ཡིན་ཟེར་ན་ཁོང་དབུ་ཁྲིད་མ་རེད། ང་ཚོའི་མི་མང་གིས་ཤེས་དགོས་པ་གལ་ཆེ་ཤོས་ཤིག་ནི། གཞོན་ལྷན་གྱིས་ཐོག་མ་དབུ་མའི་ལམ་འགྲིག་གི་མི་འདུག་ཅེས་ཞུ་མཁན་དེ་ང་ཡིན། སྐབས་དེར་ང་གཞོན་ནུའི་ཚོགས་གཙོ་རེད། རྒྱལ་བ་རིན་པོ་ཆེ་ཡིས་སི་ཊ་སི་སྦག་གི་དགོངས་འཆར་གནང་པའི་ཉིན་མོ་རང་ལ་དེ་འགྲིག་མ་སོང་ཞུས་པ་ཡིན། ངས་དེ་ཞུ་དགོས་པའི་རྒྱུ་མཚན་ནི་གཅིག་ནས་ང་ཚོའི་རང་བཙན་འཐབ་རྩོད་དེ་བདེན་པའི་འཐབ་རྩོད་ཅིག་རེད། ཚོང་མ་རེད། ཚོང་ཡིན་ན་བརྗེ་བོ་རྒྱག་ཆོག་གི་རེད། བདེན་པའི་འཐབ་རྩོད་དེ་ཐོབ་ན་རྩོད་རྒྱུ་ཞིག་དང་མ་ཐོབ་ན་གཡུག་ཆོག་པ་ཞིག་མ་རེད། ང་ཚོའི་ལམ་དབུ་མ་རང་མཐའ་གཅིག་ཏུ་འགྲིག་གི་མི་འདུག་ཟེར་གྱི་ཡོད་པ་མ་རེད། ཆ་རྐྱེན་གསུམ་བཞག་པའི་ཐོག་ཞུ་བའི་གྲོས་འཆར་དོན་ཚན་ལྔ་ལ་ང་ཚོ་གཞོན་ནུས་རྒྱབ་སྐྱོར་བྱས་ཡོད་རེད། འོན་ཀྱང་དབུ་མའི་ལམ་འགྲུབ་དང་མ་འགྲུབ་ཆ་ཚང་དགྲ་བོ་རྒྱ་དམར་གྱི་སྲིད་གཞུང་ལ་རག་ལས་ཡོད། ང་ཚོ་རྒྱ་དམར་གཞུང་ལ་རེ་བ་དང་ཡིད་ཆེས་མེད། ང་ཚོའི་ཕ་མ་གསོད་མཁན་མི་དེ་ཚོ་ལ་ང་ཚོའི་བུ་ཕྲུག་བདག་པོ་རྒྱག་རྒྱུ་དེ་རྩིས་སྤྲོད་ཐུབ་ས་མ་རེད་ཞུ་གི་ཡོད། ༡༩༥༡ ལོའི་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་བསླབ་བྱ་དེ་ང་ཚོས་བརྗེད་ཉན་གི་མི་འདུག་ཟེར་གྱི་ཡོད། ཁ་སྙན་པོ་བཤད་དེ་གྲོས་ཆོད་བཞག བོད་ནང་ལམ་ཁ་བཟོས་ཏེ་དཔུང་དམག་ཚང་མ་བོད་དུ་བསླེབས་ཚར་རྗེས། གྲོས་མཐུན་དེ་དག་ཁོ་རང་ཚོས་རྡོག་རོལ་བཏང་སོང་། དེ་བཞིན། ད་ལྟ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གི་རྒྱལ་བ་རིན་པོ་ཆེའི་མཚན་སྙན་གྲགས་དང་ང་ཚོ་བཙན་བྱོལ་སྒྲིག་འཛུགས་ཚགས་ཚུད་པོ་ཡོད་དུས། གཞིས་ལུས་མི་མང་ཡར་ལངས་བརྒྱབ་ནས་ཡོང་གི་ཡོད་དུས། དབུ་མའི་ལམ་ལ་ཁས་ལེན་ཁུལ་བྱས་ཏེ། ང་ཚོའི་བཙན་བྱོལ་གཞུང་སྒོ་བརྒྱབ། རྒྱལ་སྤྱིའི་སྟེང་གི་བོད་དོན་ལས་འགུལ་ཚང་མ་སྒོ་བརྒྱབ། རྒྱལ་བ་རིན་པོ་ཆེ་ཕར་གདན་འདྲེན་ཞུས་རྗེས། ལམ་དབུ་མ་རྩིས་མེད་བཏང་པ་ཡིན་ན་ང་ཚོས་ག་རེ་བྱེད་རྒྱུ་ཡིན། ངས་དབུ་མའི་ལམ་འདི་ཉེན་ཁ་ཆེན་པོ་ཞིག་རེད་ཟེར་དོན་འདི་ཡིན།   

དྲི་བ། གཞོན་ནུའི་ཚོགས་མིའི་ཁྲོད་དབུ་མའི་ལམ་ལ་འགྱུར་བ་གཏོང་དགོས་པའི་བསམ་ཚུལ་ཡོང་གི་ཡོད་པ་དང་། ད་རེབ་ཚོགས་ཆེན་ཐོག་ས་གནས་ཁག་ཅིག་ཕྱིར་འཐེན་བྱས་པའི་ཐད་དགོངས་ཚུལ་ག་རེ་ཡོད།

ལན། ཐོག་མ་གཞོན་ནུའི་སྒྲིག་འཛུགས་ནང་ཞུགས་སྐབས། གཞོན་ནུའི་དམིགས་ཡུལ་ལངས་ཕྱོགས་ཤེས་པའི་ཐོག་ནས་ཞུགས་པ་ཡིན་སྟབས། སྒྲིག་འཛུགས་དེར་བརྩི་བཀུར་ཞུ་དགོས་རེད། ཕྱིས་སུ་བསམ་བློར་འགྱུར་བ་ཐེབས་ནས་ད་ལྟའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་ལ་འདོད་མོས་མེད་པ་ཡིན་ན་སྒེར་ངོས་ནས་དགོངས་པ་ཞུ་ཆོག་གི་རེད། ས་གནས་སོ་སོའི་ཚོགས་མི་ཚོགས་འདུ་ཚོགས་ཏེ་ཐག་གཅོད་བྱས་པ་ཞིག་ཡིན་ན། དེ་ཕངས་པོ་ཞེ་དྲག་རེད། ཁོ་ཚོས་དེ་བྱེད་ཆོག་གི་རེད་དམ་ཟེར་ན་ཆོག་གི་རེད། ཡིན་ནའང་། གཞོན་ནུའི་སྒྲིག་འཛུགས་ལ་འགྱུར་བ་གཏོང་རྒྱུ་དང་གཞོན་ནུའི་སྒྲིག་འཛུགས་འདི་མེད་པ་བཟོ་རྩིས་བྱས་ན་འགྲིག་གི་མ་རེད། དབུ་མའི་ལམ་གྱི་ཐོག་ངས་བསམ་ཚུལ་ཤུགས་ཆེ་ཤོས་ཞུ་རྒྱུ་དེ། དབུ་མའི་ལམ་འགྲིག་དང་མ་འགྲིག་ཆ་ཚང་དགྲ་བོ་རྒྱ་དམར་ལ་རག་ལས་ཡོད་པ་རེད། ངས་རྒྱུན་དུ་དགྲ་བོ་རྒྱ་དམར་ལ་རེ་བ་དང་ཡིད་ཆེས་མེད་ཞུ་བཞིན་ཡོད། ལམ་དབུ་མ་ཡག་པོ་ཡོད་ཅེས་ང་ཚོ་ལ་གསུང་བསྡད་ན་ཕན་གྱི་མི་འདུག ག་རེ་བྱས་ནས་ཟེར་ན་བོད་ནང་ལ་གཞོན་ནུ་ལྷན་ཚོགས་ཀྱིས་བཙན་འཛུལ་བྱས་ཡོད་མ་རེད། དེ་ལས་ལམ་དབུ་མ་ཡག་པོ་ཡོད་རབས་དེ་དགྲ་བོ་རྒྱ་དམར་ལ་འགྲེལ་བཤད་བསྐྱོན་ཏེ་ལམ་དབུ་མ་བསྒྲུབ་རོགས་ཞེས་ཞུ་བ་འཐེན་དགོས་པ་རེད། ལམ་དབུ་མ་བསྒྲུབས་ཏེ་ང་ལྟ་བུ་ལྐུགས་པ་ནོར་འཁྲུལ་ཡིན་པ་ཁུངས་སྐྱེལ་བ་ཡིན་ན་ང་སྐྱིད་པོ་ཞེ་དྲག་ཅིག་ཡོང་ས་རེད། གཞོན་ནུའི་རང་བཙན་ལངས་ཕྱོགས་ལ་འགྱུར་བ་བཏང་ན་ང་ཚོས་དབུ་མའི་ལམ་ལ་ཁས་ལེན་བྱེད་ཀྱི་ཡིན་ཞེས་རྒྱ་དམར་གཞུང་གིས་ཆ་རྐྱེན་བཞག་ཡོད་པ་རེད་དམ། ལམ་དབུ་མ་ལ་བདག་པོ་མ་བརྒྱབ་པ་ཡིན་ན་ཕར་ཕྱོགས་ནས་རང་བཙན་ཐོག་འགྲོ་རྒྱུའི་ཉེན་ཁ་ཞིག་མཐོང་སྟེ། ལམ་དབུ་མར་བདག་པོ་རྒྱག་པ་ལ་རེ་བ་ཆེ་རུ་འགྲོ་གི་རེད་མ་གཏོགས། གཞོན་ནུའི་ལངས་ཕྱོགས་རང་བཙན་བཟུང་པ་དེས་དབུ་མའི་ལམ་ལ་ཕན་པ་མ་གཏོགས་གནོད་ཡོད་པ་མ་རེད།

དྲི་བ། སྐུ་ཉིད་ཀྱི་དགོངས་ཚུལ་ལྟར་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགན་གཙོ་བོ་གང་དག་ཡིན་པར་ངོས་འཛིན་གནང་གི་ཡོད་དམ།

ལན། གཞོན་ནུའི་ལས་དོན་ཐད་ནས་ནུས་པ་ཆེ་ཤོས་ཆབ་སྲིད་སྟེང་འཇོག་དགོས་རེད། ལས་འགུལ་ལས་ད་དུང་གོ་སྐབས་འདྲ་མིན་འཛིན་དགོས་རེད། རྒྱལ་སྤྱིའི་སྡིངས་ཆའི་སྟེང་ངོ་བོ་དང་ཁྱབ་ཁོངས་འདྲ་མིན་ཐོག་ནས་གོ་སྐབས་ལེན་ཐུབ་དགོས་རེད། རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་ཀྱི་བུད་མེད་ཀྱི་སྡིངས་ཆ་ཞིག་འཛིན་ཐུབ་རྒྱུ་གལ་ཆེན་པོ་ཡིན་སྟབས་བུད་མེད་ལྷན་ཚོགས་ཐོག་མར་ངས་བཙུགས་པ་ཡིན། སྒྲིག་གཞི་ཡན་ཆད་ངས་བཟོས་པ་ཡིན། དེ་བཞིན་ང་ཚོའི་སྤྱི་ཚོགས་ནང་ཆོལ་ཁ་ཆོས་ལུགས་ཀྱི་ལམ་སྲོལ་འདི་ཏག་ཏག་བསྡད་མི་འདུག མ་འོངས་པར་སྲིད་དོན་ཚོགས་པའི་ལམ་སྲོལ་ལ་འགྲོ་དགོས་རེད། དམངས་གཙོ་དངོས་སུ་ལག་བསྟར་བྱ་རྒྱུར་སྲིད་དོན་ཚོགས་པའི་ལམ་ལུགས་ནང་འགྲོ་དགོས་རེད་ཅེས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ངས་བཙུགས་པ་ཡིན། སྒྲིག་གཞི་ངས་བྲིས་པ་ཡིན། དེ་དུས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལ་རེ་བ་ཞུས་ཏེ་ཚོགས་གཙོ་དང་པོ་ཁོང་གནང་པ་རེད། མ་འོངས་པར་གཞོན་ལྷན་མུ་མཐུད་གནས་དགོས་པར་རྒྱུ་མཚན་གཞན་པ་མང་པོ་ཡོད་རྒྱུ་རེད་དེ། གལ་ཆེ་ཤོས་རང་བཙན་གྱི་དམིགས་ཡུལ་དང་རེ་བའི་བདེན་པའི་མར་མེ་འདི་ཤི་རུ་མ་བཅུག་པར་གནས་ཐུབ་རྒྱུར་གཞོན་ནུའི་སྒྲིག་འཛུགས་འདི་ཡིན་གཅིག་མིན་གཉིས་གནས་དགོས་ཀྱི་འདུག

དྲི་བ། ད་རེབ་གཞོན་ནུའི་ཚོགས་ཆེན་བཅོ་ལྔ་པའི་སྟེང་འབོད་སྐུལ་ཞུས་དོན་ལྟར། དགའ་ལྡན་ཕོ་བྲང་གི་སྐུ་ཚབ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ཕེབས་ཏེ་བཀའ་སློབ་གནང་བའི་ཐོག་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། ཟམ་གདོང་རིན་པོ་ཆེ་ཡིས་གསུངས་པ་ནང་བཞིན་གཞོན་ནུ་ལྷན་ཚོགས་ལས་འགུལ་ཚོགས་པ་རེད་མ་གཏོགས་བོད་གཞུང་གི་ཁ་གཏད་ཚོགས་པ་མ་རེད་གསུངས་པ་དེ་བདེན་པ་རེད། ཡིན་ནའང་། གཞོན་ལྷན་སོ་སོའི་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པ་གཅིག་དང་། འདི་སོ་སོའི་གཞུང་ཡིན་སྟབས། སྐྱོན་བརྗོད་བྱེད་ཆོག་པ་ཙམ་མ་ཟད། གཞུང་གི་ནོར་འཁྲུལ་ལ་སྐྱོན་བརྗོད་བྱེད་རྒྱུ་དེ་ལས་འགན་ཞིག་ཆགས་ཡོད་རེད་མ་གཏོགས་སྐྱོན་འདོན་མཁན་དེ་སྡུག་ཅག་མ་རེད། སྐྱོན་བརྗོད་དེ་ཡར་རྒྱས་ཀྱི་ཆེད་དུ་རེད། ཆབ་སྲིད་ལངས་ཕྱོགས་ཀྱི་ཐོག་ནས་ང་ཚོས་དབུ་མའི་ལམ་ལ་ཁས་ལེན་བྱེད་མ་ཐུབ་པ་དེ་གོང་དུ་ཞུས་པ་ནང་བཞིན་རེད། གཞུང་གི་ལངས་ཕྱོགས་རང་བཙན་ལ་འགྱུར་བ་གཏོང་དགོས་ཀྱི་འདུག་ཟེར་བ་དེས་ཁ་གཏད་ཚོགས་པ་ཡིན་ཟེར་གྱི་ཡོད་མ་རེད། སོ་སོ་སྤྱི་ཚོགས་འདིའི་ཆ་ཤས་ཤིག་ཡིན་པས་རེད། ཁ་གཏད་ཚོགས་པ་ཟེར་ནས་གཞུང་གང་དེ་མར་ཕབ་སྟེ་སོ་སོས་གཞུང་འཛིན་ཐབས་བྱེད་ཀྱི་ཡོད་པ་མ་རེད།  ང་ཚོའི་གཞུང་དེ་ག་རང་གནས་པའི་ཐོག་སྲིད་བྱུས་དང་ལངས་ཕྱོགས་ལ་འགྱུར་བ་གཏོང་ཐབས་བྱེད་པ་མ་གཏོགས་གཞུང་འགྱུར་བ་གཏོང་གི་ཡིན་ཟེར་གྱི་ཡོད་མ་རེད།

གསར་འགོད་པ། བནྡེ་སྐྱབས།

བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 16

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་་ རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་ཀྱི་བུད་མེད་ཀྱི་སྡིངས་ཆ་ཞིག་འཛིན་ཐུབ་རྒྱུ་གལ་ཆེན་པོ་ཡིན་སྟབས་བུད་མེད་ལྷན་ཚོགས་ཐོག་མར་ངས་བཙུགས་པ་ཡིན། སྒྲིག་གཞི་ཡན་ཆད་ངས་བཟོས་པ་ཡིན།
    དེ་བཞིན་ང་ཚོའི་སྤྱི་ཚོགས་ནང་ཆོལ་ཁ་ཆོས་ལུགས་ཀྱི་ལམ་སྲོལ་འདི་ཏག་ཏག་བསྡད་མི་འདུག མ་འོངས་པར་སྲིད་དོན་ཚོགས་པའི་ལམ་སྲོལ་ལ་འགྲོ་དགོས་རེད།
    དམངས་གཙོ་དངོས་སུ་ལག་བསྟར་བྱ་རྒྱུར་སྲིད་དོན་ཚོགས་པའི་ལམ་ལུགས་ནང་འགྲོ་དགོས་རེད་ཅེས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ངས་བཙུགས་པ་ཡིན། ་་་་་་་

    Reply
  2. མི་རྒོད། says:
    ལོ་ 12 སྔོན།

    གནས་ཚུལ་འདི་འདྲ་ཡིན་ན་ང་ཚོ་ད་གང་བྱེད་དམ་་་་་་་་་་་?

    ལྷག་པར་དུ་འཛམ་གླིང་དཔལ་འབྱོར་ཁྲོམ་རའི་ནང་རྒྱ་ནག་སླེབས་ཐུབ་མེད་པ་མ་ཟད་ཁྲོམ་རའི་ཕྱི་ལོགས་སུ་ཡང་རྒྱ་ནག་གི་ཤུགས་རྐྱེན་གང་ཡང་ཡོད་པ་མ་རེད། ད་ལྟའི་སྐབས་ལ་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱ་ནག་གིས་བཟོ་ལྟ་ག་རེ་བཟོ་བཟོ་ཆགས་ཡོད་ལ། འཛམ་གླིང་རྒྱལ་ཁབ་ཆུང་ཁག་རྒྱ་ནག་གི་རྗེས་སུ་ཁྱི་བཞིན་འདུར་རྒྱུག་བྱེད་ཀྱིན་ཡོད། མ་ཟད་ཨ་རི་དང་ཡུ་རོབ་རྒྱལ་ཁབ་སྟོབས་ཆེན་དག་ཀྱང་རྒྱ་ནག་གི་ཕྱོགས་སུ་གཡོ་བཞིན་ཡོད་པ་ཚང་མས་མཐོང་གསལ་རེད།

    Reply
  3. མི་རྒོད། says:
    ལོ་ 12 སྔོན།

    ཀྱེ་རྒན་ལགས་ལྷག་བསམ་ལགས། སྐུ་ཉིད་ཀྱི་ད་བར་སེམས་ཤུགས་ཆེན་པོས་ཕྱག་ལས་གནང་བ་བཀྲིན་བླ་མེད་དུ་ཆེ། ད་ེམིན་ཁྱེད་ཀྱིས་བཀའ་སློབ་རྣམས་རྒྱུ་ཚན་ཡང་དག་ལྡན་འདུག་རེད་རེད་དགའ་ལྡན་ཕོ་བྲང་དང་དབུ་མིའི་ལམ་གཉིས་ཁ་ཕྱོགས་གཅིག་པ་མ་རེད་དེ་འདྲ་ཡིན་ན་ཨ་བོད་མིའི་བསྒྲིགས་འཛུགས་འདི་བླ་མིའི་གཞུང་ཆགས་པ་རེད། དེ་ཡིན་ན་མང་གཙོ་ཞེས་པ་དོན་མེད་ཆགས་པ། ད་དེང་སྐབས་རྒྱ་དམར་ཡང་འོ་ད་བོད་གཞོན་ནུ་ཚོགས་པ་ཟེར་བ་དེ་ཉམས་ནས་ཏཱ་ལིའི་བླ་མས་ཀྱང་བརྒྱབ་སྐྱོར་་མེད་པ་ཆགས་ཤག་ཞེས་དགའ་བསུ་བྱེད་པ་ནི་ཁོ་ཚོར་སེམས་ནང་ད་བར་གནོན་ཤུགས་ཆེན་པོ་བྱུང་བ་གསལ་པོ་རེད། གོང་ས་མཆོག་༡༩༨༤དུས་དབང་སྐབས་ ད་བོད་ལ་ལོག་རྒྱུ་ཡོང་གི་རེད་ཁྱེད་རང་བློ་བདེ་པོ་བྱིས་སེམས་སྐྱིད་པོ་བྱིས་གསུངས་པ་བྱུང་ཡོ་བ་རེད་ཁོང་བྱང་ཆུབ་སེམས་པ་གཞན་དོན་ཁོ་ན་དགོངས་པ་བརྟེན་སྡུག་པོ་ག་དུས་ཀྱང་གསུངས་ཀྱི་མ་རེད་བོད་མི་ཚོ་ད་གཉིད་སད་ཤོག། སྔོན་སི་ཏྲས་སི་སྦག་ཏུ་དོན་མཚན་བཅུ་བདུན་གྲོས་མདུན་དེ་ཡང་དེང་གི་དུས་གནང་ཐུབ་ཚེ་གང་ཅིའི་བསྒྱུར་བ་ཆེ་བའི་དུས་སྐབས་རེད་ཤག། ང་ཚོ་མང་གཙོ་ཡིན་ན་སྨྲ་བརྗོད་རང་དབང་ལག་བསྟར་དགོས་པ་རེད་དེ་ཡང་གོང་ས་མཆོག་ཞལ་བཞུགས་དུས་རྩོད་དགོས་པ་རེད། ནམ་ཞིག་དུས་ཚོད་ནག་ཁུང་ཅན་སླེབས་སྐབས་རྩོད་པ་ན་ཟ་ཟིང་ཧ་ཅང་ཆེ་ལ་དབུ་མ་དང་། རང་བཙན་སོགས་གང་ཡང་མེད་པ་ཞིག་ཆགས་ཉེན་ཡོང་རྒྱུ་བརྟེན་དངོས་ནས་གཟབ་དགོས་པ་རེད། བོད་བདེན་པ་ཉིད་རྟག་ཏུ་རྒྱལ་གྱུར་ཅིག།།།

    Reply
  4. མི་རྒོད། says:
    ལོ་ 12 སྔོན།

    འོ་རྒན་ལྷག་བསམ་ལགས་བཀྲིན་ཆེ་རེད་རེད་ང་ཚོ་ག་ཚོད་འཇམས་ཀྱང་རྒྱུ་འབྲས་ཇེ་སྡུག་རེད། ད་འདི་འདྲ་ཟེར་གནོན་ཤུགས་སྤྲད་ཐུབ་ཚེ་རྒྱ་དམར་ཀྱག་པ་མ་ཤོར་ཡང་གཅིན་པ་ག་ཤོར་བཟོ་ངེས་རེད། དེང་སྐབས་རྒྱ་དམར་ནས་ད་བོད་ཀྱི་གཞོན་ནུ་ཟེར་བ་ཁོ་ཏཱ་ལི་བླ་མས་མི་དགོས་ཞེས་ལབ་ནས་ཉམས་འགྲོ་ལེ་ཡོད་རེད་པ་ཞེས་བོད་ནས་གཉེན་འཕྲད་དུ་འགྲོ་མི་ལ་འདྲི་གཅོད་སྐབས་སྐད་མཐོ་པོས་ལབ་བཞིན་ཡོད་རེད།། སྔོན་མ་ཨ་ལེ་ད་གཞོན་ནུ་ཚོགས་པ་ག་རེ་བྱེད་ཀྱི་འདུག་ཟེ་འདྲ་ཞེ་སྣང་དང་གི་རྣམ་འགྱུར་དང་འབྲེལ་ལབ་བཞིན་ཡོད་རེད། དེར་བརྟེན་གོང་ས་མཆོག་ཞལ་མ་བཞུགས་ཀྱང་ང་ཚོའི་མི་ཐོག་འདི་མུ་འཐུད་དགོས་དུས་བསམ་བློ་ནན་གཏན་གཏོང་དགོས། རྒྱལ་ཁབ་གཞན་གྱི་བསླུ་ཁྲིད་འོག་མ་ཤོར་བ་ཞིབ་༡༩༨༤ ལོར་གོང་ས་མཆོག་ང་གཏན་གཏན་ལོག་རྒྱུ་ཡོང་གི་རེད་གསུངས་པ་རེད་བློ་བདེ་པོ་བྱིས་སེམས་སྐྱིད་པོ་བྱིས་གསུངས་པ་ད་ག་པ་བོད་མི་ཚོ་ཁོང་འདུ་བྱའི་ཁམས་དང་མོས་པ་ལ་བྱང་སེམས་ལྡན་པ་ཡིན་རྩང་འདི་འདྲ་གསུངས་མཁྱེན་སོང་ཧ་ཧ་ཧ་་་་་ གདོངས་པ་ཡག་པོ་ལ་དགས་སུ་ཁོང་གི་ང་ལ་ནོང་འགྱོད་མེད་ངས་ཧུར་བརྩོན་བྱས་པ་བོད་བདེན་ཆེད་གསུང་ས་རེད་ཁོང་གིས་དེ་གནང་པ་རེད། ད་ང་ཚོ་ཁོང་ལ་མ་བརྟེན་རང་འགོ་རང་འཕེར་དགོས་པ་རེད་གསུངས་པ་ཧ་གོ་སོང་་་་་་

    Reply
  5. འབྲུག་གྲགས་རྒྱལ་པོ། says:
    ལོ་ 12 སྔོན།

    ལྷ་བཟང་སྨྱོ་བཞག །མང་གཙོ་ཚོགས་པ་དང་བུད་མེད་ཚོགས་པ་གཉིས་ངས་བཙུགས་པ་ཡིན་ཟེར།

    Reply
  6. nyimowa says:
    ལོ་ 12 སྔོན།

    དགའ་ལྡན་ཕོ་བྲང་དང་དབུ་མའི་ལམ་ཁ་ཁ་རེད་ཟེར་བ་ནི་ཕྲུ་གུ་ལ་བཤད་ཡ་གི་གཏམ་ཞིག་རེད། ༧གོང་ས་མཆོག་དང་དགའ་ལྡན་ཕོ་བྲང་གཉིས་དབྱེ་བ་མེད་པ་ཞིག་ཡིན་པར་སོང་༧གོང་ས་མཆོག་གི་ཆབ་སྲིད་ཀྱི་ལམ་ཕྱོགས་ནི་ལམ་དབུ་མ་ཡིན་པ་ཙམ་དུ་མ་ཟད་ལམ་དབུ་མ་ཟེར་བ་དེ་༧གོང་ས་མཆོག་ནས་ཆབ་སྲིད་ལམ་སྟོན་གནང་བ་ཞིག་ཡིན་ཙང་དགའ་ལྡན་ཕོ་བྲང་དང་ལམ་དབུ་མ་གཉིས་ཁ་ཁ་མ་རེད་གཅིག་པ་རེད་དོ།
    ལྷ་བཟང་ལགས་ནས་གསུངས་དོན་བཞིན་ཟམ་གདོང་བླ་མས་གཞོན་ལྷན་ཁ་གཏད་ཚོགས་པ་མ་རེད་ཟེར་བ་ཡང་མི་བདེན་དེ།
    ལྷ་བཟང་ལགས་ནས་གལ་སྲིད་ཁ་གཏད་ཚོགས་པ་ཡིན་ན་གཞུང་འཛིན་པ་དེ་མར་ཕབ་ནས་སོ་སོས་གཞུང་འཛིན་པ་ཞིག་ལ་གོ་དགོས་གསུངས་མེད་དམ། དེ་ལྟར་ཡིན་ན་གཞོན་ལྷན་གྱི་དགོས་དོན་གཙོ་བོ་གཞུང་གི་ཆབ་སྲིད་ལམ་ཕྱོགས་དེ་དབུ་མའི་ལམ་ནས་འགྱུར་བ་གཏང་ནས་རང་བཙན་གཙང་མའི་ཆབ་སྲིད་ཀྱི་གཞུང་ཞིག་འགྱུར་རྒྱུ་དེ་རེད། གཞུང་རང་བཙན་གཙང་མའི་ཆབ་སྲིད་ཞིག་ཏུ་འགྱུར་བའི་ཉིན་དེར་གཞོན་ལྷན་སོ་སོས་གཞུང་འཛིན་པ་གནང་དགོས་ངེས་རེད། གང་ཡིན་ཟེར་ན་གཞུང་གི་ཆབ་སྲིད་ལམ་ཕྱོགས་དེ་སྒྲིག་གི་མི་འདུག་འགྱུར་བ་གཏོང་དགོས་གསུངས་མཁན་གཞོན་ལྷན་ཉག་གཅིག་ཡིན་པས་སོ།
    གོང་དུ་ལྷ་བཟང་ནས་བཤད་པའི་གཏམ་དེ་རང་བཞིན་གྲུབ་སོང་བ་རེད། གཞུང་འཛིན་དབུ་མའི་ལམ་མར་ཕབ་ནས་ཆབ་སྲིད་ལམ་ཕྱོགས་རང་བཙན་གཙང་མའི་གཞོན་ལྷན་གཞུང་འཛིན་པ་ཆག་རྒྱུ་དེ་རེད། རྒྱུ་མཚན་དེ་དག་ལ་རྟེན་གཞོན་ལྷན་ད་ལྟའི་དབུ་མའི་ལམ་གྱི་གཞུང་འཛིན་པའི་ཁ་གཏད་ངོ་མ་དེ་རེད་དོ།

    Reply
  7. མཉམ་ཞུགས says:
    ལོ་ 12 སྔོན།

    དྲ་གྲོགས་བོད་ཀྱི་བུ་ལགས།ང་དྲ་འབུ་ཞིག་གིས་ཤེས་པའི་དངོས་གནས་ཚུལ་དེ་ཁྱོད་བོད་ཀྱི་བུ་ཞིག་གིས་ད་དུང་ཤེས་མེད་པ་དེ་ཏོག་ཙམ་བློ་ཕམ་བྱུང་།ཨ་རིའི་གྲོས་ཚོགས་གོང་འོག་གི་ཚོགས་གཙོ་དང་ཚོགས་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་༸གོང་ས་མཆོག་གི་སྐུ་ཚབ་རྣམས་དང་གྲོས་མོལ་བྱས་ཏེ་བོད་ཀྱི་དཀའ་ངལ་སེལ་དགོས་པར་ཡང་དང་རིམ་པར་སྣོན་ཤུགས་སྤྲོད་ཀྱི་ཡོད་པ་དེའང་དབུ་མའི་ལམ་གྱི་ལྟ་གྲུབ་ལ་རྒྱབ་སྐྱོར་བྱས་ཏེ་དེ་ལྟར་སྣོན་ཤུགས་སྤྲད་པ་ལས་རང་བཙན་ལ་རྒྱབ་སྐྱོར་བྱས་པ་མ་ཡིན་པ་བོད་ཀྱི་བུ་ཁྱོད་ཀྱིས་མཚོན་པའི་བོད་མི་རྣམས་ཀྱི་ངེས་པར་ཤེས་དགོས་པའི་གནད་དོན་ཞིག་ཡིན་པར་སེམས།ད་དུང་བོད་ཀྱི་བུ་ཁྱོད་ཀྱིས་བོད་རང་བཙན་ལ་ཨ་རི་དང་རྒྱ་གར་སོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་མེད་པ་ལ་སྐྲག་དགོས་ཡོད་མ་རེད་ཅེས་ང་ལ་བསླབ་བྱ་རྒྱགས་སྟངས་ལ་བལྟོས་ན་ཁྱེད་རང་ཡང་བདེ་འཇགས་ཡིན་པའི་ས་ཆ་ཞིག་ལ་སླེབས་ཡོད་ས་རེད།སོ་སོ་བདེ་ས་སྐྱིད་ས་ནས་བསྡད་དེ་ཁ་ནས་དཀའ་སྡུག་དང་ནོར་གཅོད་མྱོང་བཞིན་པའི་གཞི་ལུས་བོད་མི་རྣམས་ལ་ཤ་ཚ་མདོག་མདོག་གིས་ཁོང་ཚོའི་དཀའ་སྡུག་སེལ་རྒྱུར་རེ་བ་དང་ཁ་ཕྱོགས་ཏོག་ཙམ་ཡོད་ས་ནས་གཏན་ནས་མེད་སར་འཁྲིད་མཁན་རྣམས་ལ་དངོས་ཡོད་གནས་ཚུལ་ལས་རིང་དུ་བརྒལ་བའི་ཚིག་རྐམ་པོ་དེ་ལ་དེ་འདྲའི་ཞེན་ཆགས་བྱེད་དགོས་དོན་ཅི་ཞིག་ཡིན་མིན་ང་དངོས་གནས་དོགས་པ་ཟ་གི་འདུག

    Reply
  8. བོད་ཀྱི་བུ། says:
    ལོ་ 12 སྔོན།

    དྲ་འབུ་མཉམ་ཞུགས་ལགས། བོད་རང་བཙན་བཤད་ན་ཨ་རི་དང་རྒྱ་གར་གྱི་རྒྱབ་སྐྱོར་བྱེད་གི་མེད་པར་ཁྱེད་རང་ཧ་སངས་ནས་སྐྲག་དགོས་མ་རེད། བོད་རང་བཙན་བོད་མི་ཡོད་ཚད་ཀྱིས་རྩོད་དགོས་རེད་མ་གཏོགས་ཕྱི་ཞིག་ལ་རེ་བ་བརྒྱབ་ན་ལྐུགས་པ་རེད། ཨ་རི་དང་རྒྱ་གར་སོགས་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀི་ཡོད་མ་རེད་དོ། ཡོད་ན་ཡོད་ལས་ཡོད་སྟོན་དང་། ད་ལྟ་དབུ་མའི་ལམ་གང་ལ་ལུས་བསྡད་ཤེས་སམ།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་། བོད་རང་བཙན་ཡིན་པ་བདེན་པ་ཡིན་ཞེས་བདེན་པའི་ཚིག་རྐམ་ཞིག་ཁ་ཁྱེར་ནས་སྡོད་༼ལྷག་བསམ་༽པའང་ཞིབ་ཏུ་བསམ་ཚེ་བོད་མི་དམངས་ཀྱི་བདེ་སྡུག་ལ་འགན་འཁུར་གྱི་མེད་པ་མ་ཟད་ཉིན་རེར་འཚོ་ཐབས་འཁྱོལ་དཀའ་བའི་དཀའ་སྡུག་འོག་ཡོད་པའི་གཞི་ལུས་བོད་མི་རྣམས་ལ་ཤ་ཚ་ཙམ་ཡང་གཏན་ནས་མེད་པའི་དན་རྟགས་ཤིག་ཏུ་མཐོང་སོང་། ་་་་་་ཟེར།

    Reply
  10. མཉམ་ཞུགས says:
    ལོ་ 12 སྔོན།

    ལྷ་བཟང་ཚེ་རིང་ལགས་ནས་ཁོ་རང་རྒྱ་དམར་གཞུང་ལ་ཡིད་ཆེ་དང་རེ་བ་མེད་ཅེས་བཤད་པ་ལྟར་ང་ཡང་ལྷ་བཟང་ཚེ་རིང་ལ་ཡིད་ཆེ་དང་རེ་བ་རྩ་བ་མེད།གཅིག་བྱས་ན་ང་སྔོན་མ་ཁོ་ལ་ཡིད་ཆེ་དང་རེ་བ་ཆེ་དྲགས་པས་ཀྱང་ཡིན་སྲིད།སྐབས་ཤིག་ལ་ང་རང་གིས་མཚོན་པས་བོད་མི་མང་པོ་ཞིག་གིས་ཁོ་དངོས་དོན་གྱི་བོད་ཀྱི་རང་དབང་འཐབ་རྩོད་པ་ཞིག་ཏུ་ངོས་འཛིན་གྱིས་གུས་བཀུར་བྱེད་མྱོང་།དེ་དུས་ཁོས་བོད་རང་བཙན་མ་ཐོབ་བར་དུ་ཁྱིམ་ཐབ་མི་འཛིན་པར་བཤད་མྱོང་ཡོད་ལ་རྡ་ས་སོགས་སུ་ས་ཆ་དང་ཁང་པ་ཉོ་མཁན་རྣམས་ལ་ཁོས་ཁ་བརྡུངཡང་བཏང་མྱོང་ཡོད།ཁོས་ཆང་ས་བརྒྱབས་ཏེ་ཁྱིམ་ཐབ་མི་འཛིན་པའི་རྒྱུ་མཚན་ནི་དེ་ལྟར་བྱས་ཚེ་བོད་དོན་འཐུས་ཤོར་ལ་འགྲོ་ངེས་རྒྱུ་མཚན་གྱིས་ཡིན་པར་བཤད་ཀྱིན་ཡོད།འོན་ཀྱང་དེང་སྐབས་ང་ཚོས་བལྟས་ཚེ་དེ་དུས་བོད་དོན་ཁོ་ན་ལས་བསམ་རྒྱུ་མེད་པའི་ལྷ་བཟང་ཚེ་རིང་ཁོང་གི་ཁོག་པའི་ནང་མི་གཞན་ཞིག་ཞུགས་པ་མིན་ཚེ་ཁོས་དེ་དུས་བཤད་པའི་སྐད་ཆ་དེ་དག་ཚང་མ་རྫུན་མ་རྫུན་རྐྱང་ཡིན་པ་ང་ཚོས་གསལ་བོར་ཤེས་ཐུབ་པ་ཡིན།ཁོས་ཆང་ས་བརྒྱབས་ནས་ཁྱིམ་ཐབ་བཟུང་ཡོད་པ་མ་ཟད་ས་ཆ་ཉོས་ཏེ་ཁང་པ་ཐོག་བརྩེགས་ཀྱང་བརྩིགས་ཡོད།འདི་དག་ཚང་མ་ཁོ་རང་རང་གིས་དམ་བཅའ་ལ་རྡོག་བརྫུས་བྱས་པ་ལས་བཙན་བྱོལ་སྒྲིག་འཛུགས་སོགས་སུ་ཞིག་གིས་ཀྱང་ཁོ་ལ་བཙན་བཀའ་བཏང་མྱོང་མེད།དེ་ཕྱིར་ངས་ཁོ་རང་གིས་བོད་རང་བཙན་
    བློས་གཏོང་ཐུབ་ཀྱི་མེད་པ་དེའང་བོད་མི་ས་ཡ་དྲུག་གི་བདེ་དོན་གྱི་ཆེད་དུ་ཡིན་ནམ་ཡང་ན་ཁོ་རང་གི་སྒོར་དོན་གྱི་ཆེད་དུ་ཡིན་དོགས་པ་ཟ་གི་འདུག།ང་ཚོས་གཟབ་གཟབ་བྱས་ནས་བསམ་བློ་བཏང་ཚེ་སྟོབས་ཆེན་རྒྱལ་
    ཁབ་ཨ་རི་དང་ཁྱམ་མཚེས་རྒྱལ་ཁབ་རྒྱ་གར་གྱིས་མཚོན་པའི་རྒྱལ་ཁབ་སུ་ཞིག་གིས་ཀྱང་ད་ལྟའི་བར་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཕར་ཞོག་མཐའ་ན་གཞུང་འབྲེལ་གྱི་ཐོག་བོད་རང་བཙན་ཡིན་པ་ངོས་ལེན་ཙམ་ཡང་རྩ་བ་ནས་བྱེད་ཀྱི་མེད་པ་དངོས་ཡོད་གནས་ཚུལ་ཆགས་ཡོད།བོད་རང་བཙན་ཡིན་པ་བདེན་པ་ཡིན་ཞེས་བདེན་པའི་ཚིག་རྐམ་ཞིག་ཁ་ཁྱེར་ནས་སྡོད་པའང་ཞིབ་ཏུ་བསམ་ཚེ་བོད་མི་དམངས་ཀྱི་བདེ་སྡུག་ལ་འགན་འཁུར་གྱི་མེད་པ་མ་ཟད་ཉིན་རེར་འཚོ་ཐབས་འཁྱོལ་དཀའ་བའི་དཀའ་སྡུག་འོག་ཡོད་པའི་གཞི་ལུས་བོད་མི་
    རྣམས་ལ་ཤ་ཚ་ཙམ་ཡང་གཏན་ནས་མེད་པའི་དན་རྟགས་ཤིག་ཏུ་མཐོང་སོང་།

    Reply
  11. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་་ བོད་གཞས་བྱེས་གཉིས་ནང་རྒན་ལྷ་བཟང་ལགས་ཀྱི་རྗེས་སུ་འབྲང་མཁན་མང་བ་ཡོད་དམ། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་རྗེས་སུ་འབྲང་མཁན་མང་བ་ཡོད། དམངས་གཙོ་དངོས་གནས་དེ་དབུ་མའི་ལམ་ལ་ཤར་སྐྱོད་དང་༧གོང་ས་མཆོག་དང་བོད་གཞུང་གི་བཀའ་དགོངས་ལ་བརྩི་བཀུར་ཞུ་རྒྱུ་དེ་ཆགས་ཡོད། ་་་་་་ཟེར།

    Reply
  12. བཀྲ་ཤིས་ནོར་འཛིན། says:
    ལོ་ 12 སྔོན།

    མ་གཞི་ང་རང་ལྷ་བཟང་ཚེ་རིང་ལ་དགའ་བོ་ཡོད། གཅིག་ནས་མི་ཚེ་གང་བོར་རྡ་རམ་ས་ལ་ནས་བསྡད་དེ་ཡག་སྡུག་ག་རེ་བཤད་མིན་ལ་མ་ལྟོས་པར་བོད་པའི་རྩ་དོན་འཐབ་རྩོད་ནང་ཞུགས་པ་རེད། གཉིས་ནས་མི་ཤེས་ཡོན་ཅན་རེད། རྡ་རམ་ས་ལའི་སློབ་སྦྱོང་དང་བསམ་བློ་གཉིས་ཀ་མེད་པའི་ཆབ་སྲིད་པ་འུར་གཏུམ་ཚ་བོ་ཅན་དག་དང་བསྡུར་ན་རྒན་ལྷ་བཟང་ཚེ་རིང་ལགས་ཀྱིས་སྐད་ཆ་ཞིག་བཤད་ན་ནང་དོན་ཡོད་པ་རེད། གསུམ་ནས་ཁོ་རང་མི་ཆེན་པོར་ངོ་དགའ་སྤྲེལ་ལད་འཁྲབ་མཁན་དེ་འདྲ་ཞིག་མ་རེད། ཁ་རུ་ཁ་ཐུག་དང་ཁ་ཞེ་གཉིས་མེད་ཅིག་ཏུ་མཐོང་སོང་།
    ཡིན་ནའང་ཁོ་རང་ལ་ཞན་ཆ་མང་པོ་ཡོད་པར་མཐོང་གི་ཡོད། ཚོར་བ་ཤུགས་ཆེ་དྲག་སྟེ་གནས་ལུགས་ལ་མི་བལྟ་བ་དང་། རང་གི་འདོད་ཕྱོགས་བསམ་ཕྱོགས་དེ་མཁྲེགས་འཛིན་ཆེ་དྲག་ནས་ཕ་རོལ་བོའི་བསམ་འདུན་ལ་བརྩི་བཀུར་མི་བྱེད་པ་དེ་ནི་སྡུག་ཤོས་ཤིག་རེད། དེ་ནས་ཁོ་རང་གིས་ནམ་རྒྱུན་བཤད་བསྡད་པའི་རང་བཙན་གྱི་སྒྲུབ་ཕྱོགས་དང་དབུ་མའི་ལམ་གྱི་དགག་ཕྱོགས་ཀྱི་གཏམ་བཤད་དང་རྩོམ་ཡིག་ཁག་ནང་ལུང་རིགས་རྒྱུ་མཚན་མང་པོ་བཀོད་ཡོད་པ་དག་ཏུ་བདེན་པ་མིན་པ་དང་དངོས་ཡོད་དང་མི་མཐུན་པ། ཕུགས་རྒྱང་རིང་པོར་བསམ་བློས་ཟིན་མེད་པ། ཕན་པ་དང་གནོད་པ་ལས་གནོད་པ་ཚབས་ཆེ་བ་དང་ཉེན་ཁ་ཡོད་པ། དོན་ཆེན་ལས་དོན་ཆུང་བརྩོན་ལེན་བྱེ་དཔ་དང་། སྤྱི་བའི་ལས་དོན་ལས་སྒེར་བ་དང་བྱེ་བྲག་པའི་མངོན་འདོད་ཐོག་ཤུགས་རྒྱག་གི་ཡོད་པ་དེ་འདྲ་མང་པོ་ཞིག་ཡོང་གི་འདུག
    ངས་དཔེ་མཚོན་ཁ་ཤས་ཤིག་འགོད་རྒྱུ་ཡིན། དང་པོ། རྒན་ལྷ་བཟང་ལགས་ཀྱིས་གོང་གི་གཏམ་བཤད་ནང་། རྒྱ་ནག་གཞུང་ལ་ཡིད་ཆེས་མེད་པ་དང་དབུ་མའི་ལམ་དེ་ཉེན་ཁ་ཆེ་བའི་སྒྲུབ་བྱེད་དུ་ ༡༩༥༢ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་ཡོད་ཀྱང་རྗེས་སུ་རྒྱ་ནག་གཞུང་གིས་རྡོག་རོལ་དུ་བཏང་སྟེ་བོད་ནང་ཡ་ང་བའི་གནས་ཚུལ་མང་པོ་བྱུང་ཡོད་སྐོར་བཤད་འདུག དེ་སྒྲུབ་བྱེད་ཡང་དག་ཅིག་རྩ་བ་ཉིད་ནས་མ་རེད། ལྷག་པར་དུ་ཧོབ་ཏེ་ལྟ་མཁན་ཞིག་གིས་སྐད་ཆ་དེར་བདེན་པ་ཡོད་པའི་ཚོར་བ་བསྟེར་སྲིད་ཀྱང་། དོན་ལ་རྒྱུ་མཚན་མེད་པའི་ཞ་དཔེ་ལྷམ་འགེབ་ལྟ་བུ་ཞིག་ཆགས་ཡོད། གང་ཡིན་ཟེར་ན། སྐབས་དེར་བོད་དེ་ལྷུང་ས་བཅོ་བརྒྱད་ལ་ལྷུང་ཚར་ཡོད་པ་རེད། ལམ་ཁ་དེ་ལས་གཞན་ཅི་གང་ལྷག་མེད་པ་ཆགས་ཡོད། གཉིས་པ་གྲོས་མཐུན་དེ་བོད་ཕྱོགས་ནས་དགའ་བཞིན་སྤྲོ་བཞིན་བཞག་པ་ཞིག་མ་རེད། སྐབས་དེར་རྒྱ་གཞུང་གིས་བོད་པའི་སྐུ་ཚབ་ཚོའི་ཀླད་པའི་སྟེང་ལ་མེ་མདའ་བཙུགས་བསྡད་ནས་བཙན་དབང་འོག་མིང་རྟགས་བཀོད་ཅིག་པ་ཞིག་ཡིན་པ་༧གོང་ས་མཆོག་གིས་སྔ་ཕྱི་བར་གསུམ་དུ་གསུངས་ཡོད་ལ། བཙན་བྱོལ་བོད་གཞུང་གི་ཡིག་ཆ་ཁག་ནང་དུའང་གསལ་ཡོད་པ་རེད།
    དེ་ནས་ལྷ་བཟང་ཚེ་རིང་གིས་དབུ་མའི་ལམ་མ་བྱུང་སྔོན་གྱི་དྲུག་ཅུ་རེ་གྲངས་ནང་རྒྱལ་སྤྱིའི་ཐོག་ཏུ་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་ཡོད་པ་དང་། ལྷག་པར་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་སྔ་ཕྱི་ཁ་ཤས་འཇོག་ཐུབ་ཡོད་པ་དེ་བོད་རང་བཙན་རྩོད་བཞིན་པའི་སྐབས་ཡིན་སྐོར་བརྗོད་བཞིན་ཡོད། དེ་ནི་བོད་མི་ཚོས་བོད་རང་བཙན་ལངས་ཕྱོགས་བཟུང་ཡང་རྒྱལ་སྤྱིའི་ཐོག་གི་རྒྱབ་སྐྱོར་མེད་པ་ཆགས་རྒྱུ་མིན་པའི་སྒྲུབ་བྱེད་ཅིག་ཡིན་པའི་ཁུལ་རེད། རྒན་ལྷ་བཟང་གི་སྐད་ཆ་འདི་གོང་གི་བཅར་འདྲིའི་ནང་ཡོད་མེད་གསལ་བོ་ཤེས་མ་སོང་མོད། འོན་ཀྱང་ཁོ་རང་གིས་ནམ་རྒྱུན་དེ་ལྟར་ཤོད་སྡོད་ང་རང་གིས་མཐོང་ཐོས་མང་པོ་ཡོད། བཀའ་མོལ་འདི་སྔ་ཕྱིའི་གནས་ཚུལ་དང་སྐབས་དེའི་གནས་སྟངས་ལ་བསམ་གཞིགས་ཡག་པོ་མ་བྱས་པར་གང་བྱུང་བཤད་པ་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་ནང་སྤྱི་ལོ་ ༡༩༦༠ དང་ ༡༩༦༢ ། ༡༩༦༥ བཅས་སུ་གླེང་སློང་དང་གྲོས་ཆོད་བཞག་ཡོད་པ་བདེན་པ་རེད། ཡིན་ནའང་སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་ནག་ཡོད་པ་མ་རེད་ལ། རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་སྟོབས་ཤུགས་གང་ཡང་ཡོད་པ་མ་རེད། ལྷག་པར་དུ་འཛམ་གླིང་དཔལ་འབྱོར་ཁྲོམ་རའི་ནང་རྒྱ་ནག་སླེབས་ཐུབ་མེད་པ་མ་ཟད་ཁྲོམ་རའི་ཕྱི་ལོགས་སུ་ཡང་རྒྱ་ནག་གི་ཤུགས་རྐྱེན་གང་ཡང་ཡོད་པ་མ་རེད། ད་ལྟའི་སྐབས་ལ་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱ་ནག་གིས་བཟོ་ལྟ་ག་རེ་བཟོ་བཟོ་ཆགས་ཡོད་ལ། འཛམ་གླིང་རྒྱལ་ཁབ་ཆུང་ཁག་རྒྱ་ནག་གི་རྗེས་སུ་ཁྱི་བཞིན་འདུར་རྒྱུག་བྱེད་ཀྱིན་ཡོད། མ་ཟད་ཨ་རི་དང་ཡུ་རོབ་རྒྱལ་ཁབ་སྟོབས་ཆེན་དག་ཀྱང་རྒྱ་ནག་གི་ཕྱོགས་སུ་གཡོ་བཞིན་ཡོད་པ་ཚང་མས་མཐོང་གསལ་རེད།
    མཐའ་མ་དེ་ལ་རྒན་ལྷ་བཟང་ལགས་ཀྱིས་བཙན་བྱོལ་ནང་དམངས་གཙོ་ཡོད་མེད་ཅིག་ལབ་འདུག ལྷག་པར་དུ་བོད་རང་བཙན་བཤད་པ་དང་བོད་གཞུང་དཀའ་ལྡན་ཕོ་བྲང་གི་མཚན་བྱང་དེ་ཉར་རྒྱུ་ཡིན་སྐོར་བཤད་པ་དང་དམངས་གཙོ་བརྩོན་ལེན་བྱས་པ་ཡིན་སྐོར་ཞིག་བཤད་འདུག བཀའ་མོལ་འདི་ལ་དགོངས་པ་ཡག་པོ་བཞེས་པ་ཡིན་ན་སུ་ཞིག་གིས་དམངས་གཙོར་བརྩི་བཀུར་མ་བྱས་པ་དང་གང་ཞིག་ཏུ་དམངས་གཙོ་ཡོད་མེད་གསལ་བོར་མཁྱེན་ཡོང་གི་རེད། བོད་གཞས་བྱེས་གཉིས་ནང་རྒན་ལྷ་བཟང་ལགས་ཀྱི་རྗེས་སུ་འབྲང་མཁན་མང་བ་ཡོད་དམ། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་རྗེས་སུ་འབྲང་མཁན་མང་བ་ཡོད། དམངས་གཙོ་དངོས་གནས་དེ་དབུ་མའི་ལམ་ལ་ཤར་སྐྱོད་དང་༧གོང་ས་མཆོག་དང་བོད་གཞུང་གི་བཀའ་དགོངས་ལ་བརྩི་བཀུར་ཞུ་རྒྱུ་དེ་ཆགས་ཡོད། རྒྱུ་མཚན་དབུ་མའི་ལམ་ལ་བོད་གཞིས་བྱེས་རྒྱ་ཆེའི་མང་ཚོགས་ཀྱིས་མང་མོས་ཐོབ་ཡོད་པ་མ་ཟད་གྲོས་ཚོགས་ནང་དུའང་སྤྱི་མོས་གྲོས་ཆོད་རབས་དང་རིམ་པ་བཞག་ཡོད་པ་རེད། འདི་ལ་ཤར་སྐྱོད་བྱེད་དགོས་པ་རེད། འདི་ལ་བརྩི་བཀུར་ཞུ་དགོས་པ་རེད། འདི་དམངས་གཙོའི་འགྲོ་སྟངས་རེད། གནས་སྐབས་རིང་དེ་ཙམ་གྱིས་ཆོག་པ་བྱོས། བཀྲ་ཤིས་བདེ་ལེགས།

    Reply
  13. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    དགའ་ལྡན་ཕོ་བྲང་དང་དབུ་མའི་ལམ་གཉིས་ཁ་ཁག་ཡིན་མིན་ལ་ང་ལ་ཁྱད་པར་གང་ཡང་མི་འདུག བོད་རིགས་གཞོན་ལྷན་དང་། རང་བཙན་འཐབ་རྩོད་པ་གཉིས་ཁ་ཁག་ངེས་པར་དུ་བཟོ་དགོས་འདུག་གོ། །།

    Reply
  14. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 12 སྔོན།

    རྒན་ལྷག་བཟང་ནས་དགོངས་ཚུལ་མང་པོ་གསུངས་འདུག གལ་ཆེ་ཤོས་ཤིག་ནི་ད་ལྟ་དུས་ལ་༧རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་བཞིན་འགྲོ་རྒྱུ་དེ་རེད། དེ་ཡང་འགྲོ་སྟངས་འདྲ་མིན་ཡོང་གི་རེད། ངས་བསམ་ན་རང་བཙན་འཐབ་རྩོད་པ་རྣམས་ཀྱི་༧རྒྱལ་བའི་བཀའ་དགོངས་སྒྲུབ་སྟངས་ཤིག་དང་དེ་མིན་གཞན་ཞིག་ཡོད་པ་མཐོང་གི་འདུག འོན་ཀྱང་རང་བཙན་རྩོད་ཁུལ་གྱི་༧རྒྱལ་བའི་བཀའ་ལ་ངོ་རྒོལ་བྱས་མཁན་ཡོད་ན་དེ་ནི་དགྲ་བོའི་རྒྱུགས་ཁྱི་ལས་དོན་དམ་བོད་པ་ཞིག་མ་རེད། དཔེ་མཚོན་ན་གཞོན་ནུའི་ཐོག་མ་བྱས་སྟངས་ནོར་ཡོད་པ་ཅིག་ནི་དམིགས་འབེན་དགྲ་བོར་མ་བཏད་པ་རང་གཞུང་གི་དབུ་ལམ་ཐོག་ཕྱོགས་པ་འདི་རེད་རང་རེད། སྐད་ཆ་འདིའི་ཕུགས་ལྷ་བཟང་གི་ནོར་བ་རེད་དེ་ད་དུང་ནོར་བར་ཁས་མ་ལེན་པ་འདི་བཟང་སྤྱོད་ཞིག་མ་རེད། སྐད་ཆ་འདི་ཡོང་བ་བརྟན་ནས་༧རྒྱལ་བའི་བཀའ་མང་པོ་ཕེབས་དགོས་བྱུང་བ་སོགས་ཀྱི་ནང་དོན་སྙིང་པོ་ཞིག་བླ་མ་ཟམ་གདོང་གི་གསུངས་སོང་། དེ་བརྟེན་གཞོན་ནུའི་ངོས་ནས་རང་བཙན་རྩོད་མ་རྩོད་སྐད་ཆ་འདི་ཆེ་པོ་མ་རེད་དེ་ཆབ་སྲིད་ཀྱི་ལྟ་གྲུབ་མེད་ལ་མི་རིགས་ཀྱི་ལ་རྒྱ་དང་སྙིང་ཆུང་ལྷོ་ཕྱོགས་དར་ལྕོགས་བརྒྱད་ནས་དཔུང་སྒྲིགས་པ་རེད་།

    Reply
  15. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་ གལ་ཆེ་ཤོས་རང་བཙན་གྱི་དམིགས་ཡུལ་དང་རེ་བའི་བདེན་པའི་མར་མེ་འདི་ཤི་རུ་མ་བཅུག་པར་གནས་ཐུབ་རྒྱུར་གཞོན་ནུའི་སྒྲིག་འཛུགས་འདི་ཡིན་གཅིག་མིན་གཉིས་གནས་དགོས་ཀྱི་འདུག ་་་་་་ཟེར།

    Reply
  16. Ngawang Norbu says:
    ལོ་ 12 སྔོན།

    ༄༅། །སྟོད་ལ་ས་སྐྱ་པཎ་ཆེན་ང་། སྨད་ལ་ས་སྐྱ་པཎ་ཆེན་ང་། འདྲ་བོ་གསུངས་ཞག ད་ཡང་གཞན་པ་ཞིག་གིས་ངའི་འོག་ཏུ་ཞབས་སྐྱུ་བསྒྲགས་ཉེན་འདུག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese