མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་གི་འཐུས་ཤོར་དང་གསར་འབྱོར་ཚོའི་དཀའ་ངལ།

བོད་ཀྱི་དུས་བབ།
༢༠༡༣/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

གངས་དཀར་རྒྱལ་སྲས།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འདས་པའི་མི་ལོ་ལྔ་བཅུའི་རིང་ལ་ཕྱིར་མིག་ཅིག་བལྟས་ཚེ། གཞིས་ཆགས་ཁག་དང་ཕྱི་རྒྱལ་དོན་གཅོད་ཁང་ཁག ད་དུང་སློབ་གྲྭ་ཁག་སོགས་ནི་དགའ་སྤྲོ་སྐྱེ་འོས་པ་ཞིག་ཡོད་མོད། སྤྱི་ཚོགས་འདི་ལ་རྒྱུས་ལོན་དང་མཉམ་འཇོག་ཞིབ་ཏུ་བྱས་ཚེ། གཞུང་དང་དམངས་ལ་བར་ཐག་རིང་བའི་གནས་བབ་ཅིག་དང་། གཞུང་ཞབས་པ་མང་པོ་ཞིག་གིས་རྐང་བ་ཉིས་འཛུགས་བྱས་ཡོད་པའི་གནས་སྟངས་ཤིག ཆོལ་ཁ་ཆོས་ལུགས་བར་ལ་དགའ་ཁ་འཁྱེར་ཕྱོགས་ཀྱི་རིས་སུ་ཆད་པ། གསར་འབྱོར་དང་གཞིས་ཆགས་བར་ལ་ཕན་ཚུན་ཉམས་མྱོང་དང་ཤེས་ཚད་བརྗེ་རིས་མེད་པར་ལྟ་ཚུལ་འཛིན་པ་སོགས་མངོན་ལྐོག་ཅི་རིགས་ནས་མཐོང་རྒྱུ་ཡོད་སྟབས། འཕྲལ་ཕུགས་ཀྱི་གནད་དོན་མང་བོ་ཞིག་གི་ཆེད་དུ་འདི་ལྟར་མི་བཤད་ཐབས་མེད་རེད།

བོད་ཀྱི་རིག་གནས་ཚད་བཀག་ཅན་གྱི་བོད་ནང་དང་རང་དབང་ཅན་གྱི་བཙན་བྱོལ་སྤྱི་ཚོགས་གཉིས་བསྡུར་ན། ཕྱོགས་གང་ནས་ཀྱང་གོ་ལྡོག་ཏུ་མཐོང་བ་འདི་ལས་ང་ཚོས་ནམ་རྒྱུན་རྒྱ་ནག་གིས་བཀག་འགོག་དང་ཚོད་འཛིན་འོག་ན་བོད་ཀྱི་རིག་གནས་སྣ་ཚོགས་སྦྱང་བར་དཀའ་ངལ་ཆེ་རབས་བརྗོད་པ་ནི་སྐྱག་རྫུན་ཞིག་ཏུ་མཐོང་ཡོང་ངོ་།། འདི་ལས་ང་ཚོས་རང་གིས་མ་འཇོན་པ་ཡོད་ཚད་གཞན་ཁག་དཀྲི་རྒྱུར་དགའ་བའི་རང་གཤིས་ཤིག་མངོན་ཡོང་། རྒྱུ་མཚན་ནི་བོད་ནང་ནས་ཡོང་བའི་སློབ་ཆུང་གི་སློབ་མ་ཞིག་དང་འདི་ནས་འཚར་ལོངས་བྱུང་བའི་འཛིན་གྲྭ་བཅུ་གཉིས་པ་ཞིག་བསྡུར་ན་ད་དུང་བོད་ནང་གི་སློབ་སྦྱོང་སློབ་མ་བཟང་བ་དངོས་ཡོད་གནས་ཚུལ་ཡིན་པས་སོ།།

འདི་ནས་སྒེར་གཞུང་གང་ཞིག་ན་ལས་བྱེད་ཀྱི་ས་མིག་ཅིག་ཡོད་ན། ཕལ་ཆེ་བར་མ་མཐར་ཡང་འཛིན་གྲྭ་བཅུ་གཉིས་ཀྱི་ལག་འཁྱེར་དང་སྐྱབས་བཅོལ་ལག་དེབ། རང་བཙན་ལག་དེབ་སོགས་ལག་འཁྱེར་མང་བོ་ཞིག་དགོས་སྟབས། བོད་ནང་ནས་ཡོང་མཁན་ཚོར་ལག་འཁྱེར་དེ་དག་མི་ཚང་མཁན་དང་། ལག་འཁྱེར་ཡོད་ཀྱང་བོད་ནས་ལྷག་སོང་བ། ལག་འཁྱེར་བོར་བརླག་ཕྱིན་པ་སོགས་གནས་ཚུལ་སྣ་ཚོགས་འོག་གོ་སྐབས་དེ་དག་འཐོབ་མཁན་ཧ་ཅང་ཉུང་ཉུང་ཡིན། དྲང་མོར་བཤད་ན་ལས་ཀ་ཅི་ཞིག་ཡིན་རུང་དེའི་སྐོར་ལ་ཡིག་ཚད་བཏང་སྟེ་དྲང་འདེམས་བྱས་ན། ལག་འཁྱེར་ལ་འབྲེལ་བ་མེད་ལ་སུ་ཞིག་གིས་ཅི་ཞིག་སྒྲུབ་འདོད་པའི་ལས་ཀ་དེ་ལའང་འབྲས་བུ་ཡག་པོ་ཞིག་ཡོང་ངེས་ཡིན། ཆ་རྐྱེན་སྣ་ཚོགས་དང་དགའ་ཁ་འཁྱེར་ཕྱོགས་བྱས་ན་སྤྱི་ཚོགས་མདུན་སྐྱོད་ཀྱི་གེགས་སུ་འགྱུར་རྒྱུ་དང་། བདེན་འཚོལ་བ་མང་བོ་ཞིག་ལ་བློ་ཕམ་འབྱུང་ངེས་ཡིན།

དེ་ལྟར་བྱས་ན་གསར་འབྱོར་བ་མང་བོ་ཞིག་ལ་དཀའ་ངལ་འཕྲད་དེ་ཕྱིར་ཕ་ཡུལ་དུ་ལོག་པའམ་དངུལ་ཕོན་ཆེན་པོའི་བུ་ལོན་བླངས་ཏེ་ཕྱི་ལོག་ཅིག་ལ་འགྲོ་ཐབས་བྱེད་པ། ཡང་ན་ཟ་ཁང་ཚོང་ཁང་དང་། བཟོ་ཁང་འཚེམ་ཁང་སོགས་སུ་ཟླ་གཅིག་ལ་ཧིན་སྒོར་ཉིས་སྟོང་སུམ་སྟོང་གི་གཡོག་ལས་བྱེད་པ། ད་དུང་མང་པོ་ཞིག་ལས་མེད་དུ་ལྷག་སྟེ། དེ་རིང་ཟ་མ་རག་ཀྱང་སང་ཉིན་ལ་སེམས་ཁྲལ་ཆེ་བ། ཟླ་འདིའི་ཁང་གླ་སྤྲོད་ཐུབ་ཙམ་བྱུང་ཡང་ཟླ་རྗེས་མར་བསམ་བློ་གཏོང་དགོས་མཁན་གཅིག་གཉིས་ཙམ་མིན། ངྷ་ས་མེག་གྷན་གྱི་ངའི་གྲོགས་པོ་ཞིག་གི་ནང་ལ་ནམ་གུང་གསར་འབྱོར་བ་ཞིག་ཡོང་སྟེ། “ཉིན་གཉིས་ལ་ཟ་མ་ཁམ་གང་ཡང་མ་རག བཟའ་རྒྱུ་ཞིག་ཡོད་དམ། དྲིན་ཆེན་པོ” ཞེས་བཤད་ཀྱི་ཡོད་པའི་སྐད་ཆ་ཐོས། ལོ་འགའི་གོང་ལ་ངའི་གྲོགས་པོ་ཞིག་གིས་བོད་འབྱོར་ཕོ་གསར་ཞིག་ཟ་ཁང་དུ་ཁྲིད་ནས་འཐེན་ཐུག་ཕོར་བ་གང་ཉོས་པར་ཁོས། “ དྲིན་ཆེན་པོ། ངོ་མ་ཐུགས་རྗེ་ཆེ། མ་འོངས་པར་ངས་ཅིག་འཇོན་པ་ཡིན་ན་ཁྱོད་བརྗེད་མི་སྲིད” ཅེས་བཤད་འདུག དངོས་གནས་བྱས་ན་འཐེན་ཐུག་ཕོར་བ་གང་ལ་དེ་འདྲ་ཟེར་རིན་འདུག་གམ། སྤྱི་ཚོགས་ནང་གི་གནས་ཚུལ་འདི་རིགས་འུ་ཅག་གཞུང་གི་ལས་ཀྱི་སྣེ་མོ་བ་དེ་ཚོས་མཁྱེན་གྱི་ཡོད་དམ།  

གཞུང་ངོས་ནས་གསར་འབྱོར་བ་དེ་ཚོར་དམིགས་བསལ་ཞིག་ཡོད་པ་ནི་སློབ་ཡོན་མེད་པར་སློབ་གྲྭ་ལ་འགྲོ་རྒྱུ་དེ་རེད། སློབ་མཐར་ཕྱིན་རྗེས་གང་ཞིག་ནས་འདུག་དགོས་པའམ་གང་ཞིག་ལ་འགྲོ་དགོས་པ་ཕལ་ཆེར་གཏན་ཁེལ་མེད་པ་ལྟ་བུ་རེད། དཔེར་ན། རྒྱ་ནག་གི་བཙོན་དུ་ལྷུང་ཡོད་པའི་རྩོམ་པ་པོ་སྒྲོལ་མ་སྐྱབས་དང་བཙན་བྱོལ་སྤྱི་ཚོགས་ནང་གྲོངས་ཟིན་པ་ཀླུ་ཚང་བློ་བཟང་ཡེ་ཤེས། ད་ལྟ་ངྷ་རམ་ས་ལའི་ཟ་ཁང་དུ་ལས་ཀ་བྱེད་བཞིན་པ་ཚེ་བརྟན་རྒྱལ་སོགས་ནི་བཙན་བྱོལ་གཞུང་གིས་ལས་ཀ་གོ་སྒྲིག་བྱེད་མ་ཐུབ་པའི་དཔེ་མཚོན་ཙམ་རེད། འདི་ནི་གཞུང་དང་དམངས་ཀྱི་བར་ཐག་ཅིག་རེད། འདི་ནི་གསར་འབྱོར་བ་ཚོ་བཙན་བྱོལ་ནས་སྡོད་དཀའ་བའི་གནད་དོན་གྱི་རྩ་བ་རེད། འདི་ནི་བོད་མི་ཤེས་ཡོན་ཅན་བེད་སྤྱོད་མ་ཐུབ་པའི་གཞུང་གི་འཐུས་ཤོར་དང་སྒེར་གྱི་བློ་ཕམ་ཞིག་རེད། ད་དུང་འདི་དང་འདི་ལྟ་བུ་མང་བོ་ཡོད། གལ་ཏེ་ལས་ཀ་ཞིག་གོ་སྒྲིག་བྱས་ཟིན་པའི་དབང་དུ་བྱས་ཀྱང་ཁོས་ལས་ཀ་དེ་ལ་ཤི་འཐམ་རོ་འཐམ་བྱས་ཏེ། ནམ་ཞིག་ལ་ལོ་ན་རྒས་ཤིང་འགུལ་སྐྱོད་དཀའ་བའི་སྐབས་སུ་ཁོའི་ཁྱིམ་ཚང་གི་གནས་བབ་ལ་བློ་གཏད་ཆོག་པའི་ལམ་ཁ་ཞིག་མེད་སྟབས། མང་བོ་ཞིག་གིས་ལས་ཀ་རག་ཀྱང་དེ་ནི་ཞོར་ལས་སུ་རྩི་བ་ནི་ལས་བྱེད་མང་བོ་ཞིག་ལ་གོམས་ལོབ་ཏུ་སོང་འདུག

ངའི་གྲོགས་པོ་གསར་འབྱོར་བ་ཞིག་གིས་འདི་ལྟར་བཤད་མྱོང་། ཉིན་ཞིག་༧གོང་ས་མཆོག་གི་གསུང་ཆོས་ལྟ་བུའི་མི་མང་འདུ་འཛོམས་ཤིག་ལ་བརྟེན་ཏེ་གསར་འབྱོར་བ་ཚང་མས་བོད་གཞུང་ལ་ངོ་རྒོལ་སྐད་འབོད་ཅིག་བྱས་པ་ཡིན་ན། གཞུང་ངོས་ནས་ང་ཚོ་ལ་བདག་པོ་ཞིག་རྒྱག་རྒྱུ་རེད་བསམ་གྱི་འདུག་ཟེར། ལས་ཀ་དེ་འདྲ་སེམས་ལ་དྲན་མཁན་ཡང་ཡོད་ཚོད་འདུག གོ་ཐོས་སུ་བོད་མི་མང་བོ་ཞིག་ཨ་རིར་གཏོང་རྒྱུ་རེད་ཟེར། ཡིན་ནའང་དེའི་ནང་ལ་གསར་འབྱོར་བ་གཅིག་ཀྱང་ཚུལ་གྱི་མེད་རབས་གོ འདི་བདེན་པ་ཡིན་ན་གནས་ཚུལ་ཚབས་ཆེན་རེད། དཀའ་ངལ་ཡོད་མེད་ཐོག་ནས་གཏོང་གི་ཡོད་པ་རེད་ཟེར་ན། མགོ་ན་ཁང་པ་དང་སྒོ་ཁར་ས་ཞིང་མེད། ཕ་མ་དང་གཉེན་ཉེ་ཐག་རིང་དུ་བཞག་ཡོད་པའི་གསར་འབྱོར་བ་ཚོ་ལས་ལྷག་གི་དཀའ་ངལ་ཅན་ཞིག་སུ་ཡོད། གཞིས་ཆགས་གང་ཞིག་གི་མི་སུ་ཞིག་ཡིན་ཡང་། མ་མཐར་ཡང་རང་ཉིད་འདུག་སའི་ཁང་པ་ཞིག་ཡོད་པ་རེད། མ་གཞི་གསར་འབྱོར་བ་ཚོ་ནི་བོད་གཞིས་བཞུགས་མི་མང་གི་ངོ་གདོང་ངོ་མ་བརྒྱུད་སྤྲོད་བྱེད་མཁན་དེ་རེད། གསར་འབྱོར་བ་གཅིག་ཀྱང་ཡོང་རྒྱུ་མེད་ན་བྱེས་བཞུགས་སྤུན་ཟླ་དག་གིས་བོད་ནང་གི་གནས་སྟངས་ནི་སྒྲུང་ལྟ་བུ་ཞིག་དང་། སྣུམ་མཚོན་རི་མོ་ལྟ་བུ་ཞིག་ལས་མཐོང་དཀའ་ཚོད་རེད།

སྤྱིར་བཏང་བཤད་ན་གཞུང་ངོས་ནས་ཕྱི་རྒྱལ་ཚོགས་པ་ཁག་ལ་འབྲེལ་བ་བྱས་ཏེ་བོད་མི་ཤེས་ཡོན་ཅན་དེ་དག་ལ་བདག་པོ་བརྒྱབ་ན། དེ་ཧ་ཅང་གི་དཀའ་མོ་ཞིག་ཡིན་རྒྱུ་མ་རེད་སྙམ། ངས་འདི་ལྟར་ཀྱང་དྲན་མྱོང་ཡོད་དེ། བོད་ཀྱི་ཤི་གསོན་མང་བོ་ཞིག་འདི་ཕྱོགས་ཀྱི་ཚོགས་པ་དག་དང་སྒེར་སེམས་ཅན་དག་གི་ཞལ་འདེབས་སློང་ཡིག་ཏུ་གྱུར་འདུག བོད་ནས་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཚབས་ཆེན་བྱུང་ནའང་འདི་ཕྱོགས་ནས་སྐད་འབོད་ལྟ་བུ་དང་མར་མེ་ཁྲོམ་སྐོར་ལྟ་བུ་རེ་བྱེད་པ་ལས་ཁྱད་དུ་འཕགས་པའི་ལས་ཀ་ཞིག་མཐོང་མ་མྱོང་མོད། དོན་དག་འདི་དག་ལ་ཁ་གཡར་ནས་རང་ཁ་གསོ་བཞིན་པ་གང་མང་ཡོད་རབས་ཐོས་རྒྱུ་འདུག དངོས་ཡོད་གནས་ཚུལ་འདི་ལྟར་ཡིན་ཚེ། བོད་དོན་དུ་གཤེགས་ཟིན་པ་དེ་དག་གི་ཚེ་སྲོག་ལ་རིན་ཐང་གང་ཡང་མ་ཡོད་པ་རེད་དམ།

ཡང་གཅིག་བཤད་ན། གཞིས་ཆགས་ཁག་གི་ཁྱིམ་ཚང་ཕལ་ཆེ་བར་ཕྱི་རྒྱལ་དུ་ནང་མི་གཉེན་ཉེ་ཡོད་ལ། འདིར་ལྷོད་ལྷོད་དུ་བཞུགས་ཏེ་ལས་ཀ་བྱེད་བཞིན་པའི་བོད་གཞུང་གི་ལས་བྱེད་མང་པོ་ཞིག་གིས་ཕྱི་ལ་འཐོན་ཆོག་ཆོག་གི་ལམ་ཁ་བཟོས་ཡོད་རབས་འདུག གཞུང་གི་ལས་བྱེད་ཚོས་ཀྱང་རྐང་པ་ཉིས་འཛུགས་བྱས་ཡོད་པ་དེས་ཅི་ཞིག་མཚོན་ཡོད་ཟེར་ན། བློ་གཅིག་སེམས་གཅིག་གིས་གཞུང་ལ་ནུས་པ་འདོན་ཐུབ་ཀྱི་མེད་པར་ལས་ཀ་མང་པོ་ཞིག་ཉམ་ཆུང་དང་ཟུངས་ཟད་དུ་འགྱུར་གྱི་ཡོད་པ་དེ་རེད།

དེ་ལས་ཀྱང་སེམས་སྡུག་པའམ་བློ་ཕམ་པ་ཞིག་ལ། རྒྱ་གར་ལྷོ་ཕྱོགས་གྷོའ་(Goa)ནས་གཞིས་ཆགས་ཚོང་གཉེར་བ་ཞིག་གིས་གསར་འབྱོར་ཚོང་གཉེར་བ་ཞིག་ལ་སེམས་གཏམ་བཤད་པ་ལྟར་ན། ངའི་ཆེས་སེམས་ཁྲལ་བྱེད་ས་ནི་བོད་རང་བཙན་ནམ་ཚད་མཐོའི་རང་སྐྱོང་སོགས་རག་ཨེ་འགྲོ་བསམ་པ་དེ་ཡིན་ཟེར། རྒྱུ་མཚན་ནི་ཁྱེད་ཚོ་གསར་འབྱོར་བ་ཚོ་ལ་སེམས་ཁྲལ་གང་ཡང་ཡོད་པ་མ་རེད། ཕྱིར་འགྲོ་ཆོག་ཆོག་དང་སོང་ན་འདུག་ཆོག་ཆོག་གི་ཡུལ་མི་ཉེ་འབྲེལ་ཡོད་པ་རེད། ང་ཚོ་གང་ཞིག་ལ་འགྲོ་དགོས་པ་རེད། གང་ཞིག་ནས་འདུག་དགོས་པ་རེད། དངོས་གནས་དཀའ་ལས་ཁག་པོ་ཡོད་པ་རེད་ཅེས་བཤད་མྱོང་འདུག འདི་ནི་གཞུང་གིས་མང་ཚོགས་ལ་སློབ་གསོ་དང་མ་འོངས་སྔོན་དཔག་གི་འཆར་ཟིན་ངོ་མ་སྤྲད་པས་རེད། ལ་དྭགས་ནས་ཀྱང་གཞིས་ཆགས་བོད་མི་ཞིག་གིས་དེ་འདྲ་ཞིག་བཤད་འདུག་སྟབས། འདི་དང་འདི་ལྟ་བུའི་ལྟ་བ་དང་བསམ་ཚུལ་ཅན་ཧ་ཅང་མང་བ་འདྲ། དོན་ངོ་མ་བཤད་ན་དེ་འདྲ་ཞིག་གང་ནས་ཡིན། བསམ་ཚུལ་འདི་དག་ནི་འདང་བརྒྱབ་ཀྱིན་བརྒྱབ་ཀྱིན་འཇིགས་སུ་རུང་བ་ཞིག་མ་རེད་དམ།

ཡུལ་གྱར་སྤྱི་ཚོགས་ནང་བློ་ཕམ་མི་དགོས་ས་ཞིག་ཡོད་པ་ནི་དགོན་སྡེ་ཁག་ཡིན་མོད། ཕྱོགས་གཞན་ཞིག་གནས་བལྟས་ན་དགོན་སྡེ་ཁག་ཏུའང་བློ་ཕམ་སྐྱེ་གཞི་ཡོད། འདི་དག་གི་ཕྱིའི་ལྷ་བརྟེན་གཙུག་ལག་ཁང་དང་བཅས་པའི་འཛུགས་སྐྲུན་ཧ་ཅང་རྔམ་བརྗིད་ལྡན་པ་ཞིག་ཡིན་ཞིང་། མཐོང་བ་ཙམ་གྱིས་ཁོང་ཚོ་མི་རབས་ནས་མི་རབས་སུ་ས་འདིར་འདུག་འཆར་ལས་ཕྱིར་ཕ་ས་ཕ་ཡུལ་ཞིག་ཡོད་པ་བརྗེད་སོང་བ་མིན་ནམ་སྙམ་པའི་ཚོར་བ་འགོག་མེད་དུ་སྟེར། ད་དུང་སེམས་སུ་འདི་དག་གིས་དངུལ་སྒོར་ས་ཡ་བྱེ་བ་ཕྱིའི་ཕྱིའི་འཛུགས་སྐྲུན་ཐོག་གཏོང་བ་ལས་ནང་གི་བསླབ་པ་སློབ་གཉེར་ཐོག་གཏོང་ཐུབ་ན་ཅི་མ་རུང་སྙམ་པའི་ཕངས་སེམས་ཤིག་ཀྱང་ལྷན་གཅིག་སྦྱིན་ཡོང་གི་འདུག དྲང་མོར་བཤད་ན་ཤེས་ཡོན་པ་ཡོད་ཚད་བློ་དྲང་ལྷག་དཀར་རྐྱང་རྐྱང་ཡིན་དཀའ་བ་བཞིན་གསར་འབྱོར་བ་ཚོ་ཡང་ཁ་ལེན་ཚིག་བརྩི་བྱེད་མཁན་རྐྱང་དཀའ་མོད། བདག་པོ་བརྒྱབ་ན་རྒྱག་སར་མི་འགྲོ་བ་རྐྱང་དང་བདག་པོ་རྒྱག་པའི་དུས་ཚོད་མ་རན་པ་ཞིག་རྩ་བ་ནས་མ་རེད་སྙམ་མོ།།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་མཆོག་གིས་ཨོ་གླིང་ནང་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་པ་གནང་བཞིན་འདུག ༢༠༢༥།༠༧།༡༡ པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་དང་མཉམ་དུ་སྒོ་རྒྱབ་ཀྱི་འབྲེལ་བ་ཡོད་ཀྱང་འབྲེལ་བ་སླར་གསོ་བྱེད་པར་ཕན་ཐོགས་གང་ཡང་བྱུང་མེད་ཅེས་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
Arunachal Pradesh CM Pema Khandu (Photo/DNA)
Mobile App

རྒྱ་གར་དང་བོད་ས་འབྲེལ་ཡིན་པ་ལས་རྒྱ་ནག་ལ་འབྲེལ་བ་མེད་ཅེས་གསུངས།

ཆུ་ཚོད་ ༡༣ སྔོན་ལ།
པར་འགྲེལ། བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

བོད་སྐྱིད་གྲོང་ཁུལ་དུ་ཆུ་ལོག་བྱུང་རྐྱེན་རྒྱ་གར་གྱི་གནས་མཇལ་བ་ཕྱིར་ལོག་བཏང་།

ཆུ་ཚོད་ ༡༥ སྔོན་ལ།
མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར། ༢༠༢༥།༦།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་དབུལ་དགོས་པའི་འབོད་སྐུལ་ཞུས།

༢༠༢༥/༠༧/༠༩
རྒྱ་གར་ཡུལ་མི་རྣམས་ཀྱིས་བོད་རིགས་བྱིས་པའི་བྲིས་པའི་རི་མོར་གཟིགས་ཞིབ་གནང་བཞིན་པ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༥།༧།༧
Mobile App

བརྩེ་བའི་སྐུ་མདུན་ཞེས་པའི་རི་མོའི་འགྲེམས་སྟོན་བྱེད་བཞིན་འདུག 

༢༠༢༥/༠༧/༠༩
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་།
གསར་འགྱུར།

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཞིག་ལ་སྲོག་ཁྲིམས་གཅད་རྒྱུ་ཡིན་འདུག

༢༠༢༥/༠༧/༠༩

མཆན། 15

  1. སྐར་ཁྲི་བཙན། says:
    ལོ་ 12 སྔོན།

    རྒྱབ་སྐྱོར་མི་བྱེད་རང་བྱེད་རེད་བདེན་པ་བཤད་པས།

    Reply
  2. རྔ་བ་བརྒྱད་གསུམ་གཅིག་དྲུག says:
    ལོ་ 12 སྔོན།

    གངས་དཀར་རྒྱལ་སྲས་ཁྱེད་ཀྱིས།།
    ལེགས་པའི་ལམ་སྟོན་གནང་ཡང་།།
    ཚོར་བ་མེད་པའི་དཔོན་ཚོར།།
    ཞུས་པ་ཡིད་ཐང་ཆད་རོགས།།

    དངོས་བདེན་བཀའ་སྤྱིར་ཞུས་ཀྱང་།།
    བཀའ་སྤྱིའི་སེམས་པ་རྡོ་རེེད།།
    རྡོ་ལ་ལྕག་གིས་གཞུས་ཀྱང་།།
    གཞུས་པ་ཡིད་ཐང་ཆད་རོགས།།

    བཀའ་སྤྱིས་རྐུབ་སྟེགས་འཚོལ་དུས།།
    རིས་མེད་རྒྱལ་སྲས་སེམས་དཔའ།།
    གསུང་ཞིམ་པདྨའི་དྲི་ལ།།
    སྣོམ་གྱིན་སྣོམ་གྱིན་དགའ་མྱོང་།།

    རྫུན་པགས་གྱོན་པའི་དཔོན་ཚོས།།
    ཁྲབ་གཞུང་ལེའུ་ཚན་དེ་དག།
    མཐོང་བྱེད་ཡུལ་དུ་གྱུར་དུས།།
    སྐུ་གཤེགས་དཔའ་བོ་སྙིང་རྗེ།།

    བཀའ་སྤྱིའི་འཁྲབ་གཞུང་མདུན་དུ།།
    བོད་མིའི་རེ་བ་གང་རེད།།
    ཉམས་ལེན་མེད་པའི་བཀའ་སྤྱིས།།
    ཅི་བཤད་ནམ་མཁའི་མེ་ཏོག།

    Reply
  3. ཨ says:
    ལོ་ 12 སྔོན།

    (མི་གཅིག་དང་གཉིས་ལ་མཚོན་ན་ཧ་ཅང་གི་དཀའ་མོ་ཞིག་སྟེ། ཉམ་དམའ་བའི་མི་ནི་ཡུལ་འདིའི་བྱང་རྡ་རམ་ས་ནས་ལྷོ་རྒྱ་མཚོའི་ཁ་བར་དུ་གང་ས་གང་དུ་ཡོད་ན་འདི་ལ་གྲངས་བཤེར་ཚད་ལྡན་ཞིག་ཇི་ལྟར་བྱེད། འདི་ནི་གཞུང་གི་རྩ་འཛུགས་རང་བཞིན་གྱིས་བཀོད་སྒྲིག་གིས་ཐག་གཅོད་བྱས་ན་ད་གཟོད་རེ་བ་ཡོད་པ་ཞིག་ཡིན་པ་ལས་མི་རེ་ཟུང་གིས་རེ་བ་མེད་པ་ཞིག་རེད།)

    ལགས་སོ། འདི་ཡང་ཡིན་དུ་ཆུགས་ཀྱང་། ཞིབ་འཇུག་པའི་དཀའ་ལས་རིན་ཐང་དེ། ཧ་ཅང་གི་རྩ་ཆེན་པོ་ཞིག་ཡིན། ཕྱོགས་གཅིག་ནས་ཁག་མི་འདུག་ཟེར་ཆོག

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་ ངའི་གྲོགས་པོ་གསར་འབྱོར་བ་ཞིག་གིས་འདི་ལྟར་བཤད་མྱོང་། ཉིན་ཞིག་༧གོང་ས་མཆོག་གི་གསུང་ཆོས་ལྟ་བུའི་མི་མང་འདུ་འཛོམས་ཤིག་ལ་བརྟེན་ཏེ་གསར་འབྱོར་བ་ཚང་མས་བོད་གཞུང་ལ་ངོ་རྒོལ་སྐད་འབོད་ཅིག་བྱས་པ་ཡིན་ན། གཞུང་ངོས་ནས་ང་ཚོ་ལ་བདག་པོ་ཞིག་རྒྱག་རྒྱུ་རེད་བསམ་གྱི་འདུག་ཟེར། ལས་ཀ་དེ་འདྲ་སེམས་ལ་དྲན་མཁན་ཡང་ཡོད་ཚོད་འདུག གོ་ཐོས་སུ་བོད་མི་མང་བོ་ཞིག་ཨ་རིར་གཏོང་རྒྱུ་རེད་ཟེར། ཡིན་ནའང་དེའི་ནང་ལ་གསར་འབྱོར་བ་གཅིག་ཀྱང་ཚུལ་གྱི་མེད་རབས་གོ འདི་བདེན་པ་ཡིན་ན་གནས་ཚུལ་ཚབས་ཆེན་རེད། དཀའ་ངལ་ཡོད་མེད་ཐོག་ནས་གཏོང་གི་ཡོད་པ་རེད་ཟེར་ན། མགོ་ན་ཁང་པ་དང་སྒོ་ཁར་ས་ཞིང་མེད། ཕ་མ་དང་གཉེན་ཉེ་ཐག་རིང་དུ་བཞག་ཡོད་པའི་གསར་འབྱོར་བ་ཚོ་ལས་ལྷག་གི་དཀའ་ངལ་ཅན་ཞིག་སུ་ཡོད། གཞིས་ཆགས་གང་ཞིག་གི་མི་སུ་ཞིག་ཡིན་ཡང་། མ་མཐར་ཡང་རང་ཉིད་འདུག་སའི་ཁང་པ་ཞིག་ཡོད་པ་རེད། མ་གཞི་གསར་འབྱོར་བ་ཚོ་ནི་བོད་གཞིས་བཞུགས་མི་མང་གི་ངོ་གདོང་ངོ་མ་བརྒྱུད་སྤྲོད་བྱེད་མཁན་དེ་རེད། གསར་འབྱོར་བ་གཅིག་ཀྱང་ཡོང་རྒྱུ་མེད་ན་བྱེས་བཞུགས་སྤུན་ཟླ་དག་གིས་བོད་ནང་གི་གནས་སྟངས་ནི་སྒྲུང་ལྟ་བུ་ཞིག་དང་། སྣུམ་མཚོན་རི་མོ་ལྟ་བུ་ཞིག་ལས་མཐོང་དཀའ་ཚོད་རེད། ་་་་་་་

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་་ བོད་ཀྱི་རིག་གནས་ཚད་བཀག་ཅན་གྱི་བོད་ནང་དང་རང་དབང་ཅན་གྱི་བཙན་བྱོལ་སྤྱི་ཚོགས་གཉིས་བསྡུར་ན། ཕྱོགས་གང་ནས་ཀྱང་གོ་ལྡོག་ཏུ་མཐོང་བ་འདི་ལས་ང་ཚོས་ནམ་རྒྱུན་རྒྱ་ནག་གིས་བཀག་འགོག་དང་ཚོད་འཛིན་འོག་ན་བོད་ཀྱི་རིག་གནས་སྣ་ཚོགས་སྦྱང་བར་དཀའ་ངལ་ཆེ་རབས་བརྗོད་པ་ནི་སྐྱག་རྫུན་ཞིག་ཏུ་མཐོང་ཡོང་ངོ་།།
    འདི་ལས་ང་ཚོས་རང་གིས་མ་འཇོན་པ་ཡོད་ཚད་གཞན་ཁག་དཀྲི་རྒྱུར་དགའ་བའི་རང་གཤིས་ཤིག་མངོན་ཡོང་། རྒྱུ་མཚན་ནི་བོད་ནང་ནས་ཡོང་བའི་སློབ་ཆུང་གི་སློབ་མ་ཞིག་དང་འདི་ནས་འཚར་ལོངས་བྱུང་བའི་འཛིན་གྲྭ་བཅུ་གཉིས་པ་ཞིག་བསྡུར་ན་ད་དུང་བོད་ནང་གི་སློབ་སྦྱོང་སློབ་མ་བཟང་བ་དངོས་ཡོད་གནས་ཚུལ་ཡིན་པས་སོ།། ་་་་་་་་་

    Reply
  6. ཤར་མདའ། says:
    ལོ་ 12 སྔོན།

    དོན་དམ་གངས་དཀར་རྒྱལ་སྲས་ལགས་ཀྱི་གསུང་པ་ལྟར་རེད་བཙན་བྱོལ་བོད་མི་ཚང་མའི་ཁོང་གིས་དགོངས་གཞི་ལྟར་རྟོགས་ཐུབ་པ་ནུས་པ་འདོན་ངེས་རེད་ཡིན་ཡང་ལས་བྱེད་དང་དཔོན་པོ་སུ་ཞིག་གིས་དངོས་ད་གནས་ཚུལ་བཤད་མྱོང་ད་ལྟར་བར་བྱུང་མྱོང་མེད་ད་དུང་ཁག་པོ་རེད་མ་ཟད་ད་ལྟའི་སྤྱི་ཚོགས་ནང་དུ་དཀའ་ངལ་ཡོད་མཁན་ཚོ་རིག་རྒྱུ་གལ་ཆེན་རེད།  ད་དུང་འདི་ལྟར་ལས་བྱེད་གང་མང་ཞིག་འུ་ཚོས་བསམ་བློ་ནང་བཞིན་ཡོང་རྒྱུ་ནམ་ཁའི་མེད་ཏོག་རེད་ལོ།

    Reply
  7. གངས་དཀར་རྒྱལ་སྲས says:
    ལོ་ 12 སྔོན།

    ཨ་ལགས་ཀྱིས་རྩོམ་མཆན་ལ་བསམ་ཚུལ་བརྗོད་རྒྱུར། ཁྱོད་ཀྱིས།་་་་་་་ ཁྱེད་ཚོས་ཉམ་དམའ་བའི་མི་ལ་ལ་རེའི་གནས་སྟངས་སྦྲེངས་པ་ལས། ཉམ་ཐག་གྲངས་གཤེར་ཚད་ལྡན་ཞིག་དང་།་་་་་ཞེས་པ་ནི་མི་གཅིག་དང་གཉིས་ལ་མཚོན་ན་ཧ་ཅང་གི་དཀའ་མོ་ཞིག་སྟེ། ཉམ་དམའ་བའི་མི་ནི་ཡུལ་འདིའི་བྱང་རྡ་རམ་ས་ནས་ལྷོ་རྒྱ་མཚོའི་ཁ་བར་དུ་གང་ས་གང་དུ་ཡོད་ན་འདི་ལ་གྲངས་བཤེར་ཚད་ལྡན་ཞིག་ཇི་ལྟར་བྱེད། འདི་ནི་གཞུང་གི་རྩ་འཛུགས་རང་བཞིན་གྱིས་བཀོད་སྒྲིག་གིས་ཐག་གཅོད་བྱས་ན་ད་གཟོད་རེ་བ་ཡོད་པ་ཞིག་ཡིན་པ་ལས་མི་རེ་ཟུང་གིས་རེ་བ་མེད་པ་ཞིག་རེད།
    གཉིས། ངས་བཤད་བཞིན་པའི་སྐད་ཆ་དེ་དག་ལོ་བཅུ་ཕྲག་གཉིས་ཀྱི་གོང་ལའང་བྱུང་ཡོད་ན་ཐང་མོད། ངས་བཤད་པ་འདི་དག་ཉེ་ཆར་རྡ་སར་བྱུང་བའི་དོན་དག་ཡིན་ང་ལ་མི་ངོ་མ་ངོ་གཏུགས་རྒྱུ་ཡོད། ཡིད་མི་ཆེས་ན་འབྲེལ་བ་བྱས་ནས་ཤོག་དང་ངས་ངོ་གཏུགས་དགོས།

    Reply
  8. གངས་དཀར་རྒྱལ་སྲས says:
    ལོ་ 12 སྔོན།

    གལ་ཏེ་ཁྱེད་ཚོས་ཁས་ལེན་མི་ཐུབ་པ་རེ་ཡོད་ན་ཁྱེད་ཚོས་ངེས་པར་དུ་མང་ཚོགས་ལ་རྒྱུས་ལོན་དང་འབྲེལ་འདྲིས་བྱེད་དགོས། དེའང་སྐྱོ་ས་དང་ཁག་ས་ནས་དུས་ཡུན་ངེས་ཅན་ཞིག་རྣ་བས་ཉན་ཞིང་མིག་བལྟས་པ་ཡིན་ན་ད་གཟོད་མང་བོ་མང་བོ་ཞིག་མཐོང་ཡོང་གི་འདུག དེ་ལྟར་མ་བྱས་ན་ཁས་ལེན་མི་ཐུབ་པ་ཧ་ཅང་མང་བོ་ཞིག་ཡོད

    Reply
  9. ཅོ་རྟམ། says:
    ལོ་ 12 སྔོན།

    དངོས་ཡོད་དང་དངོས་བྱུང་གི་གནས་ཚུལ་རེད། རྒོ་བ་དང་ལ་དྭགས་ཀྱི་གཏམ་དེ་ཚོ་བདེན་དང་། འདི་དང་འདི་འདྲ་བའི་སྐད་ཆ་དག་གཞིས་ཆགས་ནང་ལ་ཁ་གསལ་གྱིས་ཕྱིར་རུ་མངོན་དང་མ་མངོན་གྱི་ཁྱད་པར་རེད་མ་གཏོགས། བསམ་ཚུལ་འདི་འདྲ་ཡོད་མཁན་མང་པོ་རེད། དེ་སྔོན་གཞུང་ཞབས་ཁ་ཤས་ཀྱིས་འདི་འདྲའི་བགྲོ་གླེང་ཞིག་བྱེད་ཀྱི་འདུག ང་བོད་ལ་ལོག་པ་ཡིན་ན་ལས་གནས་དང་གོ་གནས་གང་འདྲ་རག་གི་ཡོད་ན་དང་། ས་ཞིང་དང་ཕོག་ཐོབ་གང་འདྲ་ཡོད་མེད་སོགས། ད་དུང་སྐད་ཡིག་དང་འགྲོ་འདུག་སྐྱོད་གསུམ་ལ་དཀའ་ངལ་འཕྲད་ཀྱི་རེད་ཟེར་བཞིན། དེ་ལས་ད་ལྟའི་བཙན་བྱོལ་གནས་སྟངས་དེ་ང་ཚོ་ལ་བདེ་ཤོས་རེད་ཟེར་མཁན་ཡང་གོ་མཐོང་ཡོད།

    Reply
  10. ཅང་མེད། says:
    ལོ་ 12 སྔོན།

    གང་དཀར་རྒྱས་སྲས་ཀྱི་དངོས་ཡོད་གནས་ཚུལ་བྲིས་པ་ལ་རྒྱབ་སྐྱོར་ཡོད།
    རྡ་སའི་མེ་རྒན་མ་ཡིན་པའི་ས་གནས་གཞན་དུ་གསར་འབྱོར་ཡོད་པའི་ བློ་ཡིས་དཔག་པར་བྱོས་ དཀའ་ངལ་གཅིག་མཚུང་རེད།
    བོད་གཞུང་ལ་ངོ་རྒོལ་དང་ ཡར་ལངས་བྱེད། སྐད་བཏང་ཆོག་ཆོག་ཡིན།

    R,c R,c R,c R,c R,c R,c བེད་མེད་་་་་ བེད་མེད་་་་་ བེད་མེད་་་་་ བེད་མེད་་་་་ བེད་མེད་་་་་

    Reply
  11. ཨ says:
    ལོ་ 12 སྔོན།

    གངས་དཀར་རྒྱལ་སྲས་ལགས་ཀྱི་ལག་ནང་གི་མྱུག་རྩེ་དེ། བརྩེ་སྒྲུང་མ་ཡིན་པའི་དངོས་ཡོད་འཚོ་བ་གཞན་ཞིག་ལ་འདི་ལྟར་གཏད་པར་དགའ་བསུ་ཡོད། འོན་ཀྱང་། ཁྱེད་ཀྱི་རྩོམ་དེའི་དཀྱིལ་གྱི་སྐད་ཆ་ཕལ་ཆེ་བ་ཞིག ལོ་འདི་དང་འདི་ནས་བརྩིས་པའི་བཅུ་ཕྲག་གཉིའི་ནང་གི་ས་ཆ་འདིའི་དངོས་ཡོད་འཚོ་བའི་དཀའ་ངལ་ཞིག་ཡིན་རུང་། དཀའ་ངལ་འདི་ངེས་སྐྱོབ་དགོས་པའི་གནད་དོན་གསལ་ཁ་ཡོད་པ་ཞིག ཁྱེད་ཀྱི་རྩོམ་འདི་ནས་བརྩིས་པའི་དེའི་སྔར་གྱི་དོན་དག་འདིའི་སྐོར་གྱི་ཡི་གེ་དང་ཁ་བརྡ་གང་ནས་ཀྱང་མ་མཐོང་ཟེར་ཆོག་པ་འདྲ་ཞིག་རེད། ངའི་སྐད་ཆར་རྒྱུ་མཚན་ཡོད་དེ། ཁྱེད་ཚོས་ཉམ་དམའ་བའི་མི་ལ་ལ་རེའི་གནས་སྟངས་སྦྲེངས་པ་ལས། ཉམ་ཐག་གྲངས་གཤེར་ཚད་ལྡན་ཞིག་དང་། སྐྱོ་མདོག་གི་དངོས་ཡོད་གནས་ཚུལ་ངེས་ཅན་ཞིག ནམ་ཡང་ཕྱིར་བཏོན་བྱེད་ཀྱིན་མེད་པས་ཡིན། དེ་ནས་དོགས་གནས་ཀྱི་སྐད་ཆ་དེ་ཚོ། དོགས་པ་རང་ལས་རྒྱུ་མཚན་མ་གསལ་ན་སུ་ལའང་ཚོར་བ་སྤྲད་མདོག་ཁ་པོ་མ་རེད། དེ་མིན་ཁྱེད་ཀྱི་རྩོམ་དེའི་གཤམ་གྱི་དགོན་པའི་སྐོར་དེ་ངོ་མ་བདེན་པ་རེད། དགོན་པའི་འདི་དང་འདི་བཞིན་གྱི་བྱས་ཉེས་སྡུག་པོ་དེ་ཚོ། དགུང་གི་ཉི་མ་ཤར་ཤར་གྱི་རྩ་བའི་བླ་མ་གོང་ས་མཆོག་གིས་ཀྱང་འཆོས་ཐུབ་ཀྱིན་མེད་པར་སྣང་།

    Reply
  12. མི་ཆུང་། says:
    ལོ་ 12 སྔོན།

    གངས་དཀར་གྱིས་སྤྱི་ཚོགས་ཀྱི་ཟུར་སྣེ་ལས་བླངས་པའི་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག། འདི་ཚོ། ང་ཚོའི་སྤྱི་ཚོགས་ཆུང་ཆུང་དང་སྐུ་དྲག་གསར་པ་ཚོས་ཁེངས་པའི། རྡ་སའི་རི་ཁུག་ནང་ཉུང་ཉུང་མིན། ད་དུང་གཞིས་ཆགས་ནང་དུ་ཡང་། ཆེས་ཉམས་ཐག་པའི་ཁྱིམ་ཚང་མི་ཉུང་བ་ཞིག་ཡོད། མཐོ་རིམ་མི་སྣ་ཚོས་མི་མཐོང་བ་དང་། མཐོང་ཡང་མ་མཐོང་ཁུལ་བྱས་ནས། ཉི་མ་འདི་ལྟར་ཕུད་ཀྱིན་ཡོད།

    Reply
  13. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་་ ངྷ་ས་མེག་གྷན་གྱི་ངའི་གྲོགས་པོ་ཞིག་གི་ནང་ལ་ནམ་གུང་གསར་འབྱོར་བ་ཞིག་ཡོང་སྟེ། “ཉིན་གཉིས་ལ་ཟ་མ་ཁམ་གང་ཡང་མ་རག བཟའ་རྒྱུ་ཞིག་ཡོད་དམ། དྲིན་ཆེན་པོ” ཞེས་བཤད་ཀྱི་ཡོད་པའི་སྐད་ཆ་ཐོས། ལོ་འགའི་གོང་ལ་ངའི་གྲོགས་པོ་ཞིག་གིས་བོད་འབྱོར་ཕོ་གསར་ཞིག་ཟ་ཁང་དུ་ཁྲིད་ནས་འཐེན་ཐུག་ཕོར་བ་གང་ཉོས་པར་ཁོས། “ དྲིན་ཆེན་པོ། ངོ་མ་ཐུགས་རྗེ་ཆེ།
    མ་འོངས་པར་ངས་ཅིག་འཇོན་པ་ཡིན་ན་ཁྱོད་བརྗེད་མི་སྲིད” ཅེས་བཤད་འདུག དངོས་གནས་བྱས་ན་འཐེན་ཐུག་ཕོར་བ་གང་ལ་དེ་འདྲ་ཟེར་རིན་འདུག་གམ། སྤྱི་ཚོགས་ནང་གི་གནས་ཚུལ་འདི་རིགས་འུ་ཅག་གཞུང་གི་ལས་ཀྱི་སྣེ་མོ་བ་དེ་ཚོས་མཁྱེན་གྱི་ཡོད་དམ། ་་་་་་་

    Reply
  14. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    བཙན་བྱོལ་སྤྱི་ཚོགས་ཀྱི་ཟུར་རེ་ནས་ནག་ཁུང་ཆུང་ཆུང་རེ་མཐོང་ཐུབ་པ་ཡག་པོ་འདུག
    ཤེས་ཡོན་ཅན་ནམ་རྩོམ་པ་པོ། ཡིག་སྒྱུར་བ་སོགས་ཡོད་པ་བདག་གཅེས་གནང་དགོས་པ་མ་ཟད་མེད་པ་གསོ་སྐྱོང་དགོས་ལུགས་ད་བར་དུ་གང་མང་བཤད་མྱོང། ཐ་ན་ངས་རང་ཉིད་དཔེ་མཚོན་དུ་བཀོད་ནས་གྲོས་ཚོགས་ནང་དུ་བཤད་མྱོང། ཡིན་ན་ཡང་ཆུ་ནང་དུ་གཡག་བཏང་བ་རང་ངོ།
    གོང་གསལ་མཐོང་སྣང་ཁག་ནང་ནས། ཁས་ལེན་མི་ཐུབ་པ་ཁག་ཅིག་ཡོད་པ་འདི་ལྟར།
    ༡༽ གཞུང་དང་དམངས་ལ་བར་ཐག་རིང་བའི་གནས་བབ་ཅིག་དང་།
    ༢༽ ཆོལ་ཁ་ཆོས་ལུགས་བར་ལ་དགའ་ཁ་འཁྱེར་ཕྱོགས་ཀྱི་རིས་སུ་ཆད་པ།
    ༣༽གསར་འབྱོར་དང་གཞིས་ཆགས་བར་ལ་ཕན་ཚུན་ཉམས་མྱོང་དང་ཤེས་ཚད་བརྗེ་རིས་མེད་པ།
    ༤༽ ང་ཚོས་ནམ་རྒྱུན་རྒྱ་ནག་གིས་བཀག་འགོག་དང་ཚོད་འཛིན་འོག་ན་བོད་ཀྱི་རིག་གནས་སྣ་ཚོགས་སྦྱང་བར་དཀའ་ངལ་ཆེ་རབས་བརྗོད་པ་ནི་སྐྱག་རྫུན་ཞིག་ཏུ་མཐོང་ཡོང་ངོ་།
    ༥༽བོད་ནང་ནས་ཡོང་བའི་སློབ་ཆུང་གི་སློབ་མ་ཞིག་དང་འདི་ནས་འཚར་ལོངས་བྱུང་བའི་འཛིན་གྲྭ་བཅུ་གཉིས་པ་ཞིག་བསྡུར་ན་ད་དུང་བོད་ནང་གི་སློབ་སྦྱོང་སློབ་མ་བཟང་བ་་་
    ངའི་མཐོང་སྣང།
    ༡༽རྒྱ་ནག་གཞུང་དང་བསྡུར་ན་བཙན་བྱོལ་གཞུད་དམངས་ཀྱི་མཛའ་འབྲེལ་གཏིང་ཟབ།
    ༢༽ ཆོལ་ཁ ཆོས་ལུགས་ཀྱི་ཞེན་ཁོག་ཀྱང་དེ་ཙམ་ཆེན་པོ་ཞིག་མིན།
    ༣༽ དེང་སང་གསར་འབྱོར་བ་དང་གཞིས་ཆགས་བར་ལ་འགལ་བ་ཆེན་པོ་གང་ཡང་མེད།
    ༤༽ བོད་ནང་ན་བོད་ཀྱི་རིག་གཞུང་ཆ་ཚང་ཞིག་སློབ་སྦྱོང་གི་གོ་སྐབས་གནའ་ནས་ད་བར་དུ་མེད་པས་ངས་དངོས་སུ་མཐོང་ཡོད།
    ༥༽ བོད་ཡིག་གི་སྤུས་ཚད་གཅིག་པུའི་ཐོག་ནས་བཤད་པ་ཡིན་ན་དེ་འདྲའི་རིགས་མང། ཡིན་ཡང་སློབ་ཚན་གཞན་དག་དང་ཕྱོགས་ཡོངས་ནས་བསྡུར་ན་དེ་འདྲ་ཞིག་མིན།

    Reply
  15. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 12 སྔོན།

    གཞིས་ཆགས་གང་ཞིག་གི་མི་སུ་ཞིག་ཡིན་ཡང་། མ་མཐར་ཡང་རང་ཉིད་འདུག་སའི་ཁང་པ་ཞིག་ཡོད་པ་རེད།
    དགོན་སྡེ་ཁག་གིས་དངུལ་སྒོར་ས་ཡ་བྱེ་བ་ཕྱིའི་འཛུགས་སྐྲུན་ཐོག་གཏོང་བ་ལས་མང་ཚོགས་ཀྱི་དཀའ་ངལ་མཐོང་ཡང་མ་མཐོང་ཁུལ་བྱེད་ཀྱི་འདུག
    གོ་ཐོས་ལ་དགོན་པར་དངུལ་མང་གྲགས་ནས་རྒྱ་གར་གཞུང་གིས་ཉེས་ཆད་བཅད་འདུག་ཟེར།
    དངུལ་དེ་ཚོས་མང་ཚོགས་སྐྱོ་བོ་ཚོར་རོགས་པ་གནང་ན་ག་འདྲའི་ཡག་པོ་འདུག
    བེད་མེད་ཀྱི་དགོན་པ། བེད་མེད་ཀྱི་གཞུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese