ཕྱི་ཟླ་ ༧ ཚེས་ ༣༡ ཉིན་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་དགེ་འདུན་པ་ཡོན་ཏན་རྒྱ་མཚོ་ལགས་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག
འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༣༡ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡:༣༠ ཡས་མས་སུ། རྔ་པ་ཁུལ་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་དགེ་འདུན་པ་ཡོན་ཏན་རྒྱ་མཚོ་ལགས། རྒྱ་གཞུང་ཉེན་རྟོག་པས་གློ་བུར་འཛིན་བཟུང་བྱས་ཡོད་པ་དང་། གྲྭ་ཡོན་ཏན་ནམ་ཡོན་ཏན་རྒྱ་མཚོ་ལགས་ནི་མཛོད་དགེ་རྫོང་ཐང་སྐོར་རུ་ཁག་གཉིས་པ་ནས་ཡིན་པ་དང་། ད་ལྟ་རང་ལོ་ ༣༥ ཡིན་འདུག
ཟླ་སྔོན་མའི་ཕྱི་ཚེས་ ༢༠ ཉིན་རྔ་པ་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་རྒྱལ་གཅེས་དཔའ་བོ་གྲྭ་དཀོན་མཆོག་བསོད་ནམས་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ་འདས་གྲོངས་སུ་གྱུར་རྗེས། རྒྱ་གཞུང་གིས་ཐང་སྐོར་དགོན་གྲོང་གཉིས་ནས་ཁྱོན་བོད་མི་ ༢༡ ཙམ་འཛིན་བཟུང་བྱས་པའི་ཁྲོད་ནས་མི་ ༩ ད་ལྟའི་ཆར་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་སྟབས། ཁྱིམ་མི་གཉེན་འབྲེལ་ཚོས་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། རྒྱ་གཞུང་གི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་དེར་ས་གནས་མི་མང་བློ་ཕམ་དང་ཡིད་ཐང་ཆད་ཡོད་འདུག