འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༠ ཉིན་ཉག་ཆུ་རྫོང་ཀ་ར་བཙོན་ཁང་དུ་བཀག་ཉར་བྱས་པའི་བོད་མི་ ༤ ལས་མི་ ༢ ཀློད་གྲོལ་བཏང་ཡོད་འདུག
ཟླ་སྔོན་མའི་ཕྱི་ཚེས་ ༩ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཁྲིམས་ཆད་ལ་བསྐྱར་ཞིབ་ཆེད། རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་ཞུ་འབོད་དུ་བསྐྱོད་པའི་རིན་པོ་ཆེ་མཆོག་གི་སྲིང་མོ་དང་། ཁམས་ཉག་ཆུའི་མི་སྐྱ་སོག་རང་བློ་རིས། ལུག་རྫི་ཨ་བདེ། འདུམ་འཕྲིན་ལས། ལྷ་མོ་ཆོས་འབྲུག་བཅས་ལས། སྐྱེས་པ་ ༤ ཉག་ཆུ་རྫོང་ཉེན་རྟོག་པས་ཉག་ཆུ་རྫོང་ཀ་ར་བཙོན་ཁང་དུ་བཀག་ཉར་བྱས་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༢ ཉིན་ལྷ་མོ་ཆོས་འགྲུབ་ལགས་ཀློད་གྲོལ་བཏང་ཡོད་པ་དང་། ཕྱི་ཚེས་ ༤ ཉིན་སོག་ར་གླུ་རི་ལགས་ཀློད་གྲོལ་བཏང་ཡོད་འདུག
གནས་ཚུལ་འབྱོར་བ་ལྟར་ན། ལུག་རྫི་ཨ་བདེ་དང་འདུམ་འཕྲིན་ལས་གཉིས་མུ་མཐུད་དུ་བཀག་ཉར་འོག་ཡོད་པ་དང་། བཙོན་ཁང་དུ་ཁོ་ཚོར་གཅར་རྡུང་བྱས་མེད་ཀྱང་། ཞུ་འབོད་ཀྱི་ལས་གཞི་དེར་སུས་བརྒྱུད་སྐུལ་བྱས་པ་དང་། ལམ་གྱི་འགྲོ་གྲོན་སུས་བཏང་བ། པེ་ཅིན་གྱི་ལས་ཁུངས་གང་དག་ལ་ཞུ་གཏུག་བྱས་ཡོད་མེད་སོགས་འདྲི་རྩད་བྱས་ཡོད་འདུག