རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་གྱི་མགོ་ཁྲིད་ཟུར་པ་ཀྲུའུ་ཡཱོང་ཁང་ཁྱིམ་ཚང་གི་ཚོང་ལས་སྤྱི་གཉེར་བ་བུས་པིན་འཛིན་བཟུང་བྱས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྱི་མཚན་མོར་རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་གྱི་མགོ་ཁྲིད་ཟུར་པ་ཀྲུའུ་ཡཱོང་ཁང་ཚང་གི་ཚོང་ལས་སྤྱི་གཉེར་བ་བུས་པིན་ཟེར་བ་ཕྱི་རྒྱལ་དུ་བྲོས་བྱོལ་དུ་འགྲོ་རྩིས་ཀྱིས་པེ་ཅིན་ནུབ་ཕྱོགས་གནམ་ཐང་དུ་འབྱོར་སྐབས། གློ་བུར་དུ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག
པཱོ་ཤིན་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། བུས་པིན་ཀྲུའུ་ཡཱོང་ཁང་ཁྱིམ་ཚང་གི་རྒྱུ་དངོས་ཀྱི་རྨང་གཞི་འཇོག་མཁན་མི་སྣ་གཙོ་བོ་ཡིན་སྟབས། ཁོ་འཛིན་བཟུང་བྱས་པ་དེས་ཀྲུའུ་ཡཱོང་ཁང་ཕ་བུ་གཉིས་ཀྱིས་ལྐོག་ཟ་རུལ་སུངས་བྱས་པའི་གསང་བ་མང་པོ་བརྟོལ་རྒྱུ་ཡིན་པ་མ་ཟད། ཅང་སུའུ་ཞིང་ཆེན་གྱི་མགོ་ཁྲིད་ལོ་ཀྲི་ཅིན་གྱིས་གཙོས་རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་གཞན་མང་པོར་ལྐོག་ཟ་རུལ་སུངས་དང་གཞུང་གི་དབང་ཆ་སྒེར་གཅོད་དང་། བུད་མེད་མང་པོ་བསླུ་འགུག་གིས་རྒྱས་སྤྲོས་བཏང་བ་བཅས་ཀྱི་གྱོད་དོན་མང་པོ་ཞིག་གི་ནང་ཚུད་རྒྱུ་ཡིན་ལུགས་བརྗོད་འདུག
ཐེངས་འདིར་བུས་པིན་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ ༤ ཙམ་ཡོད་པར་ཚོད་དཔག་བྱེད་ཀྱིན་ཡོད་པ་དག་ནི། གཅིག ཀྲུའུ་ཡཱོང་ཁང་ཁྱིམ་ཚང་གི་ཆེད་དུ་རྒྱལ་ཁབ་ཀྱི་རྒྱུ་དངོས་དུང་ཕྱུར་བརྒྱ་ཕྲག་འགའ་ལྐོག་ཟ་བྱས་པ། གཉིས། དྲ་རྒྱའི་ནག་ཚོགས་རྩ་འཛུགས་བྱས་ཏེ་སྤྱི་ཚོགས་ཀྱི་གྲགས་ཅན་མི་སྣར་བསྙོན་འཛུགས་དང་། འབྲེལ་ཡོད་དཔོན་རིགས་ཉེས་ཅན་ཚོའི་བྱ་སྤྱོད་འགེབ་སྲུང་བྱས། གསུམ། ཁྲུང་ཆིན་གྲོང་ཁྱེར་ཉེན་རྟོག་ཁང་གི་མགོ་ཁྲིད་ཝང་ལི་ཅིན་དང་ཡོ་ལིན་ཞིང་ཆེན་ཏཱ་ཉན་གྲོང་ཁྱེར་ཧྲི་ཌི་རྐང་རྩེད་སྤོ་ལོ་སྤྲོ་ཚོགས་ཁང་གི་སྤྱི་གཉེར་བ་ཤིས་མིན་སོགས་པའོ་ཤི་ལའི་ཡི་གྱོད་དོན་ནང་ཞུགས་པར་མཐུན་འགྱུར་བསྐྲུན་པ། བཞི། དུས་ཡུན་རིང་པོར་ཀྲུང་དབྱང་བརྙན་འཕྲིན་ཁང་དང་དབུས་དྲིལ་བསྒྲགས་ཁང་གི་དཔོན་རིགས་ཁག་ཅིག་དང་མཉམ་འབྲེལ་གྱིས། བརྙན་འཕྲིན་ལེ་ཚན་དང་དཔྱིད་དུས་ཀྱི་དགོང་ཚོགས་ཐོག་མི་སྣ་འདེམས་པར་ཁ་གཡར་ཏེ། བུད་མེད་གློག་བརྙན་འཁྲབ་སྟོན་པ་དང་གཞས་མ་མང་པོར་བསླུ་འགུག་ལྐོག་འབྲེལ་བྱས་པ་བཅས་ཡིན་འདུག
་་་་་ ཁོ་འཛིན་བཟུང་བྱས་པ་དེས་ཀྲུའུ་ཡཱོང་ཁང་ཕ་བུ་གཉིས་ཀྱིས་ལྐོག་ཟ་རུལ་སུངས་བྱས་པའི་གསང་བ་མང་པོ་བརྟོལ་རྒྱུ་ཡིན་པ་་་་་་་