ཉེ་སྔོན་པེ་ཅིན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱ་ནག་ཅི་ནན་ཞིང་ཆེན་གྱི་མགོ་ཁྲིད་གཞོན་པ་ཟུར་བ་ཐཱེན་ཤའི་རཱིན་གྱིས་རྒྱ་སྒོར་བྱེ་བ་གཅིག་ལྷག་གི་ལྐོག་རྔན་བླངས་པའི་ཉེས་འཛུཊ་བྱས་འདུག
འདས་ལོའི་ཕྱི་ཟླ་ ༧ ཚེས་ ༦ ཉིན་རྒྱ་ནག་ཅི་ནན་གྲོང་ཁྱེར་ཞིབ་བཤེར་ཁང་གིས། ཅི་ནན་ཞིང་ཆེན་གྱི་མགོ་ཁྲིད་གཞོན་པ་ཟུར་བ་ཐཱེན་ཤའི་རཱིན་གྱིས་ཕྱི་ལོ་ ༡༩༩༥ ནས་ ༢༠༡༡ བར་ཅི་ནན་ཞིང་ཆེན་གྱི་མགོ་ཁྲིད་གཞོན་པ་དང་ཅི་ནན་དངུལ་ཁང་གི་མགོ་ཁྲིད་སོགས་ཀྱི་འགན་འཁུར་སྐབས། ཐེངས་ ༨༥ ཙམ་ལ་དབང་ཆ་སྒེར་སྤྱོད་ཀྱིས་ཁེ་ལས་བདག་གཉེར་དང་བུ་ཕྲུག་སློབ་འཇུག ཁྱིམ་མིའི་ལས་གནས་བརྗེ་སྤོར་སོགས་ཀྱི་ཆེད་ཚོགས་པ་དང་མི་སྒེར་བཅས་ནས་རྒྱ་སྒོར་བྱེ་བ་གཅིག་དང་ས་ཡ་དགུ་ ༡༩༡༩།༣༥༧༥ ལྷག་གི་དངུལ་དངོས་ལྐོག་རྔན་བླངས་པའི་ནག་ཉེས་ལ་ཞིབ་བཤེར་བྱས་རྗེས། ཉེ་སྔོན་པེ་ཅིན་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཉེས་དོན་ཁུངས་སྐྱེལ་གྱི་དཔང་རྟགས་དང་བཅས་རྩིས་སྤྲོད་བྱས་ཡོད་འདུག ཅི་ནན་གྲོང་ཁྱེར་ཞིབ་བཤེར་ཁང་གིས་ཐཱེན་གྱིས་དབང་ཆ་སྒེར་སྤྱོད་ཀྱིས་གཞན་གྱི་དངུལ་དངོས་ལྐོག་ལེན་བྱས་པ་དང་འབྲེལ་བའི་ནག་ཉེས་རྣམས་གསལ་བཤད་བྱས་པ་སོགས་རྣམ་འགྱུར་ཡག་པོ་ཡིན་པ་མ་ཟད། ལྐོག་རྔན་བླངས་པའི་དངུལ་དངོས་ཕྱིར་བསྡུ་བྱས་ཡོད་སྟབས། བཅའ་ཁྲིམས་ལྟར་ཐཱེན་ལ་ཁྲིམས་ཆད་ཡང་མོ་བཅད་ན་འགྲིག་སྐོར་བཤད་འདུག
སྔ་ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་བཅོ་བརྒྱད་པ་མཇུག་སྒྲིལ་ཏེ་ཟླ་ ༩ ལྷག་འདས་པའི་ནང་། རྒྱ་ནག་གི་ཞིང་ཆེན་ཡན་གྱི་མཐོ་རིམ་དཔོན་རིགས་ ༩ ཡིས་ལྐོག་ཟ་རུལ་སུངས་བྱས་པའི་ཉེས་དོན་ལ་ཞིབ་བཤེར་བྱས་ཡོད་པ་དང་། ཆབ་སྲིད་དཔྱད་བརྗོད་པ་ཚོས་ཞི་ཅིན་ཕིན་གྱི་སྟག་དང་སྦྲང་ནག་མཉམ་རྡུང་གི་བསྒྲགས་གཏམ་དེས། རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་གྱི་མགོ་ཁྲིད་ཟུར་པ་ཀྲུའུ་ཡཱོང་ཁང་སོགས་དཔོན་རིགས་ཁག་ཅིག་ལ་དོགས་འདྲོག་བསླངས་བ་ཙམ་ལས་མཐར་ཐུག་གི་དམིགས་འབེན་མེད་སྐོར་དང་། གལ་སྲིད་ལྐོག་ཟ་རུལ་སུངས་ལ་ཁ་ཡོད་ལག་ཡོད་ཀྱིས་འགོག་རྒོལ་བྱེད་དགོས་ན། རྒྱ་གཞུང་གི་ཆབ་སྲིད་ལམ་ལུགས་ལ་བཅོས་བསྒྱུར་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་དོན་མཐུན་གྱིས་ལག་བསྟར་བྱེད་དགོས་ལ། དེ་ལྟར་བྱུང་ཚེ་ད་གཟོད་ལྐོག་ཟ་རུལ་སུངས་འགོག་རྒོལ་གྱི་བྱ་བར་ནུས་པ་འཐོན་ཐུབ་པ་ལས། ད་ལྟའི་དབང་ཆ་གཅིག་སྡུད་ལམ་ལུགས་འོག རྒྱ་ནག་དམར་ཤོག་གཞུང་གཙང་མ་བཟོ་ཐབས་མེད་སྐོར་སོགས་བརྗོད་འདུག