དེ་རིང་ཉིན་གུང་ཆུ་ཚོད་ ༡༢།༠༠ སྟེང་། ༧གོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་ཆིབས་འཐོན་གྱིས་དགའ་ལྡན་ཕོ་བྲང་གི་གནད་ཡོད་མི་སྣ་དང་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས། བཞུགས་སྒར་སེར་སྐྱ་མི་མང་གི་ཕེབས་སྐྱེལ་ཁྲོད་རྒྱལ་ས་ལྡི་ལིར་ཕེབས་གནང་སོང་། ཟླ་འདིའི་ཕྱི་ཚེས་ ༩ ཉིན་ནས་བཟུང་ཡུ་རོབ་ཤར་ཕྱོགས་རྒྱལ་ཁབ་ལེ་ཁྲི་ཝེ་ཡཱ (Latvia) གྱི་གྲོང་ཁྱེར་རེ་གྷེར་ (Riga) ནང་མང་ཆོགས་ལ་༼བྱམས་བརྩེ་ལྡན་པའི་རིག་གཞུང་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༣ ཉིན་ལོའུ་ཐེ་ནི་ཡཱ་ (Lithuania) རྒྱལ་ཁབ་དུ་ཆིབས་བསྒྱུར་གྱིས་མང་ཚོགས་ལ་༼འཛམ་གླིང་ནང་ཞི་བདེ་དང་བདེ་སྐྱིད་ཀྱི་ལམ་བུ༽ ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༤ ཉིན་ནས་བཟུང་༸གོང་ས་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ (Czech Republic) ཀྱི་རྒྱལ་སར་ཆིབས་བསྒྱུར་གྱིས་མི་མང་ལ་༼དེང་དུས་སྤྱི་ཚོགས་ནང་བྱམས་སྙིང་རྗེ་དང་གུས་བརྩི༽ ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་། དགེ་བཤེས་གླང་རི་ཐར་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༡༨ ཉིན་ནས་བཟུང་འཇར་མན་ནང་ཆིབས་བསྒྱུར་གྱིས་མང་ཚོགས་ལ་༼བྱམས་བརྩེ་དང་བཟོད་སེམས་བརྒྱུད་པའི་ནུས་པ༽ དང་༼བྱམས་བརྩེ་དང་གདུང་སེམས་མཉམ་སྐྱེད༽ ཅེས་པའི་བརྗོད་གཞི་ཁག་གི་ཐོག་བཀའ་སློབ་དང་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་བསྐྱངས་རྒྱུ་ཡིན་འདུག
གསར་འགོད་པ། དོན་གོ