མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་ཕྲུག་ཚོས་དགེ་རྒན་རྩ་དགོངས་ལ་མ་ཕེབས་ལབ་པ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཨང་རྩིས་དགེ་རྒན་ཞིག་གིས་འཛིན་རིམ་བཅུ་པའི་སློབ་ཕྲུག་ཅིག་ལ་ཉེས་རྡུང་བཏང་བ་བརྒྱུད་སློབ་ཕྲུག་མང་པོ་ཞིག་འདུ་འཛོམས་བྱས་པའི་གནས་ཚུལ་སྐོར་ལ་གསར་འགོད་པས་འབྲེལ་ཡོད་ལ་བཅར་འདྲི་ཞུས་ཏེ་རྒྱུས་ལོན་བྱས་ཡོད། 

རེས་གཟའ་མིག་དམར་ཉིན། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་འདུ་འཛོམས་ཤིག་གི་སར། འཛིན་རིམ་བཅུ་པའི་སློབ་མ་ཞིག་དང་ཨང་རྩིས་དགེ་རྒན་ཞིག་གི་བར་རྩོད་རྙོག་བྱུང་མཐར་དགེ་རྒན་དེས་སློབ་ཕྲུག་དེར་ཉེས་རྡུང་བཏང་ཡོད་སྟབས། སློབ་གྲྭའི་འཛིན་སྐྱོང་གིས་སྒྲིག་གཞི་གཞིར་བཟུང་དགེ་རྒན་དེའི་ཟླ་གཅིག་གི་གསོལ་ཕོགས་གཅོག་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། ཕྱིས་སུ་སློབ་ཕྲུག་མང་པོ་ཞིག་གིས་བརྗོད་ཚིག་འདྲ་མིན་འཁོད་པའི་ཤོག་བྱང་བཟུང་སྟེ་སློབ་སྤྱིའི་ཡིག་ཚང་སྒོར་འདུ་འཛོམས་བྱས་ཡོད་འདུག

སྤྱི་ཚོགས་ནང་ཁག་ཅིག་གིས་སློབ་ཕྲུག་ཚོས་སློབ་གྲྭའི་འཛིན་སྐྱོང་ལ་ངོ་རྒོལ་བྱས་པ་རེད་ཟེར་བ་དང༌། ཁག་ཅིག་གིས་སློབ་གྲྭའི་གཞུང་ལ་ངོ་རྒོལ་བྱས་པ་མིན་པར་ཨང་རྩིས་དགེ་རྒན་རྩ་དགོངས་ལ་མི་འགྲོ་རྒྱུར་རེ་སྐུལ་ཞུས་ཚུལ་སོགས་བཤད་སྟངས་སྣ་ཚོགས་འབྱུང་བཞིན་པར། དེ་རིང་འདི་གའི་གསར་འགོད་པ་ཆེད་དུ་ངྷ་སྟེང་བོད་ཁྱིམ་སློབ་གྲྭར་བསྐྱོད་དེ། བོད་ཁྱིམ་ཤེས་ཡོན་འགན་འཛིན་བསོད་ནམས་སྒྲོལ་དཀར་ལགས་སུ་བཅར་འདྲི་ཞུས་པར། ཁོང་མོས་བརྗོད་དོན “སློབ་མའི་འདུ་འཛོམས་སར་སློབ་མ་ཞིག་གི་དཔུང་པའི་སྟེང་ཁབ་གཙགས་རི་མོ་བརྐོས་ཡོད་པ་ཨང་རྩིས་རྒན་ལགས་ཀྱིས་མཐོང་སྟེ། ཁབ་གཙགས་རི་མོ་འགེབས་དགོས་ལུགས་ལབ་འདུག སྐབས་དེར་སློབ་མ་དེས་རྣམ་འགྱུར་མི་ལེགས་པ་བསྟན་སྟབས། དགེ་རྒན་དགོངས་པ་འཚོམས་ཏེ་སློབ་ཕྲུག་དེར་ཉེས་རྡུང་བཏང་འདུག སྤྱིར་བཏང་ལུས་ལ་ཁབ་གཙགས་རི་མོ་བརྐོ་བ་དང་མགོའི་སྐྲ་འདྲ་མི་འདྲ་བཟོ་བ། ལུས་གང་སར་ཁུང་བུ་ཕུག་པ་སོགས་སློབ་གྲྭའི་སྒྲིག་སྲོལ་དང་འགལ་གྱི་ཡོད་པ་རེད་ལ། དེ་དག་བོད་པའི་ལུགས་སྲོལ་ཞིག་ཀྱང་མ་རེད། ང་ཚོས་སོ་སོའི་ཡ་རབས་བཟང་སྤྱོད་དོར་ཏེ་ཕྱི་རྒྱལ་གྱི་སྨྱོན་པའི་བྱ་སྤྱོད་རིགས་ལ་ལད་ཟློས་བྱས་ན་ཡག་པོ་མ་རེད”ཅེས་བརྗོད་སོང༌།

སློབ་མ་དེའི་ནམ་རྒྱུན་གྱི་སྤྱོད་པ་ག་འདྲ་ཡོད་དྲིས་པར། “སྤྱིར་བཏང་སློབ་མ་དེར་སྒྲིག་འཛུགས་ཀྱི་ཐོག་ནས་དཀའ་ངལ་མང་པོ་བྱུང་ཡོད་སྟབས། དངོས་གནས་བྱས་ན་འཛིན་རིམ་བརྒྱད་པའི་སྐབས་སློབ་གྲྭ་ནས་ཐོན་དགོས་ཀྱི་ཡོད་པ་རེད། ཡིན་ནའང༌། རྒྱུ་རྐྱེན་དེ་ཚོ་ངས་ཞིབ་ཕྲ་ཞུ་རྒྱུ་མིན། གང་ཡིན་ཟེར་ན། ཁོ་རང་གི་ཕ་མ་ལ་དཀའ་ངལ་འཕྲད་ངེས་རེད། གང་ལྟར་སློབ་མ་དེ་བོད་ཕྲུག་ཅིག་དང་ང་ཚོའི་སློབ་གྲྭའི་ནང་ནས་འཚར་ལོངས་བྱུང་བའི་སློབ་མ་ཞིག་ཡིན་སྟབས། སློབ་གྲྭའི་ངོས་ནས་ཁོ་རང་ལ་འཛིན་རིམ་ ༩ དང་ ༡༠ པའི་གོ་སྐབས་སྤྲད་དེ་གང་བྱུང་བྱུང་ཐབས་ཤེས་བྱས་དང་བྱེད་མུས་ཡིན།”ཞེས་བརྗོད་བྱུང༌།    

དགེ་རྒན་གྱིས་སློབ་མར་ཉེས་རྡུང་བཏང་བ་དེར་སློབ་གྲྭས་ཐག་གཅོད་ག་རེ་གནང་ཡོད་མེད་དྲིས་པའི་ལན་དུ། “སྤྱིར་བཏང་དགེ་རྒན་གྱིས་སློབ་མར་ཉེས་རྡུང་གཏོང་བ་དེ་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་ལ། རྒྱ་གར་གཞུང་གི་ཁྲིམས་ལའང་འགལ་གྱི་ཡོད་པ་རེད། དེ་བཞིན་ྋརྒྱལ་བ་རིན་པོ་ཆེ་དང་ཨ་མ་ལགས་བཅས་ཚང་མས་དེའི་སྒང་ལ་བཀའ་སློབ་ཞེ་དྲག་གནང་གི་ཡོད་སྟབས། ང་ཚོས་ཁྲིམས་དང་བཀའ་སློབ་དེ་དག་བསྒྲུབ་དགོས་པར་བརྟེན། ལོ་ཤས་སྔོན་འཛིན་སྐྱོང་ཚོགས་འདུའི་ཐོག་དགེ་རྒན་གྱིས་སློབ་མར་ཉེས་རྡུང་བཏང་ན། དགེ་རྒན་གྱི་ཟླ་གཅིག་གི་གསོལ་ཕོགས་མེད་པ་བཟོ་རྒྱུའི་ཐག་གཅོད་གནང་ཡོད་པ་རེད། སྔོན་ཆད་སློབ་གྲྭ་ཁ་ཤས་ནང་དཀའ་ངལ་དེ་འཕྲད་ཡོད་པ་རེད་ལ་ཐག་གཅོད་ཀྱང་དེ་རང་གནང་ཡོད་པ་རེད། དགེ་རྒན་ཁ་ཤས་ཀྱིས་མོས་མཐུན་གནང་གི་མེད་ཀྱང་ཕྱོགས་གཉིས་ཀའི་འདོད་ཐོག་ལ་ཡོང་བ་ཞིག་ཁག་པོ་ཡིན་དུས་སྒྲིག་གཞི་དེ་རང་ལག་བསྟར་བྱས་པ་རེད”ཅེས་བརྗོད་སོང༌།

སློབ་མ་དེར་ཐག་གཅོད་ག་རེ་གནང་འཆར་ཡོད་མེད་དྲིས་པར་ཁོང་མོས། “ ད་ལྟའི་ཆར་ཐག་གཅོད་འདི་རེད་ཟེར་ནས་གསལ་བསྒྲགས་བྱེད་ཐུབ་ཀྱི་མི་འདུག་ཀྱང༌། ཁོ་རང་འདིར་མུ་མཐུད་དུ་བསྡད་པ་ཡིན་ན་མ་སྐྱིད་པ་ཡོང་གི་རེད་བསམ་གྱི་འདུག ད་ལྟ་འཛིན་རིམ་ ༡༠ པའི་ལོ་གཅིག་གི་སློབ་ཚན་ཚང་མ་བསླབ་ཟིན་སྟབས། ང་ཚོས་ཁོ་རང་གནས་སྐབས་པ་ལགས་མཉམ་དུ་བསྡད་བཅུག་སྟེ། འཛིན་རིམ་ ༡༠ པའི་ཡིག་ཚད་བཏང་ཚར་རྗེས། ཐག་གཅོད་ག་རེ་བྱེད་དགོས་མིན་བལྟ་རྒྱུ་རེད། ད་ལྟའི་ཆར་ང་ཚོས་གྲོས་བསྡུར་བྱེད་བཞིན་པ་ཡིན། ”ཞེས་གསུངས་སོང༌།

ཁ་སང་ཚེས་ ༢༠ ཉིན་སློབ་གྲྭའི་རྒན་བདག་གསར་རྙིང་ཐུན་མོང་ནས་སློབ་སྤྱི་ལ་སྙན་ཞུ་ཕུལ་བའི་ནང༌། ཁ་སང་གི་བྱུང་རྐྱེན་དེ་ནི་ངེད་འགན་བདག་ཚང་མས་འབོད་སྐུལ་དང་སྣེ་འཁྲིད་པ་གཏན་ནས་མིན། ང་ཚོ་ནི་དུས་དང་རྣམ་པ་ཀུན་ཏུ་བོད་ཁྱིམ་གྱི་དབུ་འཁྲིད་རྣམས་པའི་ལམ་སྟོན་བཀའ་སློབ་ལ་བརྩི་བཀུར་དང༌། རང་ཉིད་ཀྱི་དམ་སྲུང་ཅི་བཞིན་གཞུང་གི་ལངས་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། ཡིན་ཡང་གསལ་བཤད་ཀྱི་ཆེད་དུ་ཞུ་རྒྱུར། ༼རྒན་ལགས་མ་ཕེབས་རོགས་གནང༌། སློབ་སྤྱི་མཆོག་ནས་ཀྱང་ངེས་པར་དུ་རྒན་ལགས་བཀག་འགོག་དང་རྩ་དགོངས་མ་གནང་རོགས་གནང༌། ༽ཞེས་སློབ་ཕྲུག་མང་པོ་ཞིག་མ་བསྐུལ་དྭང་བླངས་ངང་སློབ་སྤྱིའི་ཡིག་ཚང་མདུན་དུ་འདུས་ཏེ་བསྡད་པ་མཐོང་དུས། བློ་འཚབ་ཆེན་པོའི་ངང་ཆེད་དུ་སློབ་མ་རྣམས་ཞི་འཇམ་ཡོང་སླད། དེ་གར་བཅར་པ་ཡིན་པ་མ་གཏོགས་གཞན་དམིགས་ཡུལ་གང་ཡང་མེད། ཅེས་སོགས་བཀོད་འདུག

མཇུག་ཏུ་གསར་འགོད་པས་དོ་བདག་དགེ་རྒན་དང་སློབ་ཕྲུག་གཉིས་ལ་བཅར་འདྲི་ཞུ་རྩིས་བྱས་ཀྱང་དགེ་རྒན་དེས་གནས་ཚུལ་དེའི་སྐོར་ལ་སྐད་ཆ་བཤད་འདོད་མེད་པའི་རྣམ་འགྱུར་བསྟན་སོང་ལ་སློབ་ཕྲུག་དེར་འབྲེལ་བ་བྱེད་ཐུབ་མ་སོང་། གོང་གི་པར་དང་པོ་དེ་བློ་བཟང་དབང་རྒྱལ་ལགས་ཀྱི་དྲ་ཚིགས་ལས་འདྲེན་བཀོད་བྱས་པ་ཡིན།

གསར་འགོད་པ། པདྨ་མཚོ།

 

 

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 17

  1. གངས says:
    ལོ་ 12 སྔོན།

    མི་ཉན་པ་ལ་རྒན་གྱི་གསུང་ལས་དབྱིག་པ་དགའ། ང་ཚོའི་བྱིས་པ་དེ་ཚོ་བསླབ་བྱ་ཡིས་བཏུལ་ཐུབ་པའི་རིགས་རྒྱུད་ཡིན་ནི་མ་རེད།

    Reply
  2. ཤག་སྒང་པ། says:
    ལོ་ 12 སྔོན།

    བོད་ཕྲུག་ཁྱིམ་སྡེ་ལ་ཚོགས་སྡེ་སུ་དང་མ་མཐུན་པའི་ཁུངས་མེད་ལུང་མེད་ཀྱི་བསྒྲིགས་གཞི་མང་དག་ཅིག་ཡོད་པ་རེད། དཔེར་ན། སློབ་ཕྲུག་ལ་ཉེས་ན་ཟླ་གཅིག་གི་གླ་ཕོགས། དགོངས་པ་ཞུ་དགོས་བྱུང་ཚེ་ཉེས་པ་འབུམ། དེ་ཡང་ལས་བྱེད་པ་མི་རེ་ལ་ཉེས་པ་མི་འདྲ་བ་སོགས། མདོར་ན། ཡོང་སྒོ་ལས་ཆག་སྒོ་ཆེ་བའི་བསྒྲིགས་གཞི་འདི་ཚོས་སྲིད་ཞུ་བ་རྣམས་སུན་འཚེར་ཆེན་པ་ཚོར་གྱི་ཡོད་པ་འདྲ།

    Reply
  3. འཇམ་གཅེས ། says:
    ལོ་ 12 སྔོན།

    བོད་རང་གི་སྐད་ཡིག་དང་བཟང་སྤྱོད་ཀྱི་འཕོངས་པའི་སློབ་ཕྲུགས་དཔུང་སྡེ་འདི་འདི་དག་གི་བྱ་སྤྱོད་ངན་པ་འདི་ལྟ་བུ་དེང་སྐབས་མང་རུ་འགྲོ་བཞིན་མངོན་རྟགས་གང་མང་ཐོན་བཞིན་པ་འདིའི་འབྱུང་ཁུང་ངོ་མ་གང་ཡིན་བཙལ་དགོས་པ་ལས། དེ་མིན་འུར་ཤོད་གཅིག་པུའི་ཕན་ཐོག་གང་ཡང་མེད།

    Reply
  4. གངས་ལྡོམ། says:
    ལོ་ 12 སྔོན།

    ལུང་རྟོགས་ཀྱིས་བཤད་པ་ལ་གནས་ལུགས་འདུག ༼འདིར་བོད་ཁྱིམ་སློབ་ཕྲུག་ཚོའི་ཤོག་བྱང་དེ་དག་ལ་ལྟོས་དང་། ༽

    Reply
  5. གངས་ལྡོམ། says:
    ལོ་ 12 སྔོན།

    དེང་གི་སྤྱི་ཚོགས་འདིའི་ནང་དགེ་རྒན་གནང་ཡ་དངོས་གནས་ཁག་པོ་འདུག
    སློབ་ཕྲུག་སྤྱོད་ངན་ཚོས་ཡར་ཁ་ལན་སློག་པ་དང་།
    སློབ་གྲྭའི་འགོ་ཁྲིད་ཚོས་མར་གནོན་ནས།
    ལང་ན་ལང་མི་ཐུབ་པ་དང་། འགྲོ་ན་འགྲོ་མི་ཐུབ་པ་ཞིག་བཟོ་གི་འདུག་ག

    Reply
  6. ལུང་རྟོགས། says:
    ལོ་ 12 སྔོན།

    གང་ཕྲུག་ལགས། ཁྱེད་ཀྱང་བོད་ཁྱིམ་ཚང་གི་དགེ་རྒན་ཞིག་ཡིན་ན་ཐང་། དེ་ཡིན་ན་ང་ལ་ཞུ་རྒྱུ་ཞིག་ཡོད། འགན་མི་ཁུར་མཁན་ནི་བོད་ཁྱིམ་ཚང་གི་དགེ་ལས་སློབ་ཕྲུག་དེ་དག་རེད། བཙན་བྱོལ་ནང་ལ་བོད་ཀྱི་སློབ་གྲྭ་ལོགས་སུ་བཙུགས་དགོས་དོན་ཅི་རེད། འདི་ནི་བོད་རང་གི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་དུ་མ་རེད་དམ། བོད་ཁྱིམ་ཚང་གིས་བོད་ཡིག་ལ་འཛིན་པའི་ལང་ཕྱོགས་ལ་ལྟོས་དང་། བོད་ཁྱིམ་དབུ་འཛིན་རྗེ་བཙུན་པད་མས་ཤེས་ཡོན་སྲིད་བྱུས་ལ་འཛིན་པའི་རྣམ་འགྱུར་ལ་ལྟོས་དང་། ཟླ་གཅིག་སྔོན་གྱི་བོད་ཁྱིམ་དབུ་བརྙེས་པའི་མཛད་སྒོ་དེ་ལ་ལྟོས་དང་། འདིར་བོད་ཁྱིམ་སློབ་ཕྲུག་ཚོའི་ཤོག་བྱང་དེ་དག་ལ་ལྟོས་དང་། འགན་མི་ཁུར་མཁན་སུ་ཡིན་གཞི་ནས་ཤེས་ཡོང་། 

    Reply
  7. ལྗང་གཞོན། says:
    ལོ་ 12 སྔོན།

    དྲ་གྲོགས་ཚོར་ཁག་མེད། གནས་ཚུལ་དངོས་འདི་འདྲ་ཞིག་རེད་འདུག དང་པོ་སློབ་ཕྲུག་དེ་ལྡི་ལི་ཕྱོགས་ནས་ཡིན་པ་དང་སློབ་ཡོན་སྤྲད་དེ་བོད་ཁྱིམ་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ཅིག་རེད་འདུག

    གཉིས་པ་སློབ་ཕྲུག་དེས་སྟོད་ཐུང་གི་ཕུ་ཐུང་ཡར་བརྫེས་ཏེ་ཁབ་བརྩགས་རི་མོ་ཕྱི་རུ་བསྟན་ནས་འགྲོ་བཞིན་པར་དགེ་རྒན་དེས་ཕུ་ཐུང་མར་གློད་དེ་ཁབ་བརྩགས་རི་མོ་མི་མཐོང་བ་བྱ་དགོས་པའི་སྐད་ཆ་སྐད་ཁ་ལ་མ་ཉན་པ་མ་ཟད་སྤྱོད་པ་ལོག་པར་བརྟེན། དགེ་རྒན་གྱིས་ལག་པ་གྱག་འདུག དེ་དངོས་སུ་མཐོང་མཁན་སློབ་ཕྲུག་གསུམ་ཡོད་པ་ལས་གཅིག་གིས་ང་རང་ཉིད་ལ་བཤད་པའི་སྐད་ཆ་ཡིན།

    སློབ་ཕྲུག་ཚོས་འཕྲེད་དར་བཟུང་སྟེ་འདུ་འཛོམས་བྱས་པ་དེ། དང་ཐོག་དགེ་རྒན་དེ་སློབ་གྲྭ་ནས་ཕྱིར་འབུད་གཏོང་རྒྱུའི་ཐག་གཅོད་ཅིག་བྱུང་ཡོད་སྐོར་སློབ་མ་ཚོས་ཐོས་སྟབས། སློབ་མ་ཚོས་སློབ་གྲྭའི་འཛིན་སྐྱོང་ལ་དགེ་རྒན་དེ་ནམ་རྒྱུན་སློབ་ཕྲུག་ལ་ཤ་ཚ་དང་སློབ་ཁྲིད་ཡག་པོ་བྱེད་མཁན་གྱི་དགེ་རྒན་ལེགས་གྲས་ཤིག་ཡིན་པས་ཕྱིར་འབུད་མི་གཏོང་པའི་འབོད་སྐུལ་ཞུ་ཕྱིར་འདུ་འཛོམས་བྱས་འདུག་ལ། ཕྱོགས་གཞན་ཞིག་ནས་བཤད་ན་དགེ་རྒན་དེ་ཕྱིར་འབུད་གཏོང་རྒྱུར་ངོ་རྒོལ་གྱི་རྣམ་པ་ཞིག་རྐྱང་ཆགས་འདུག

    རྗེས་སུ་དགེ་རྒན་དེ་ཕྱིར་འབུད་གཏོང་མ་དགོས་པར་གླ་ཕོག་གཅོག་རྒྱུ་བྱས་པ་དེར་ཡང་། མུ་མཐུད་སློབ་ཕྲུག་ཚོས་ངོ་རྒོལ་བྱས་འདུག་ལ། དགེ་རྒན་ཚོས་ཀྱང་འཛིན་སྐྱོང་གི་ཐག་གཅོད་དེར་ངོ་རྒོལ་གྱིས་སློབ་ཁྲིད་བྱེད་དུ་མ་ཡོང་པའི་གནས་ཚུལ་ཀྱང་ཐོན་འདུག

    སློབ་ཕྲུག་ཚོའི་ཁྲོད་དོན་རྐྱེན་སློང་མཁན་གྱི་སློབ་ཕྲུག་དེར་རྡུང་གི་ཡིན་ཟེར་མཁན་ཡང་བྱུང་ཡོད་འདུག

    Reply
  8. གངས་ཕྲུག says:
    ལོ་ 12 སྔོན།

    ལུང་རྟོགས་ལགས། གསུང་རྒྱུ་དང་འབྲི་རྒྱུ་ལས་སླ་པོ་ཡོད་རེད།
    རང་གི་མཇིང་པའི་སྒང་ལ་འབབ་དུས་ཤེས་ཀྱི་རེད། དགེ་རྒན་ཟེར་དུས་ཡི་གེ་སློབ་ཐུབ་ཙམ་གྱི་འགྲིག་གི་མེད་ད་ལྟའི་དུས་འདིར་དགེ་རྒན་དེ་དག་ཕ་མ་དང་དགེ་རྒན་གཉིས་ཀར་གྱི་འགན་འཁུར་དགོས་ཡོད།
    ལུང་རྟོགས་ལགས། རྒྱུན་དུ་གསར་འགྱུར་ཡང་ཀུན་སློང་བཟང་པོ་ཞིག་འཁུར་ནས་འབྲི་དགོས་པས་འགན་མེད་པའི་འཆལ་གཏམ་མ་གསུང་ན་ལེགས་པར་མཐོང་ངོ།

    Reply
  9. ལུང་རྟོགས། says:
    ལོ་ 12 སྔོན།

    འདི་ནི་ཆེ་ས་མ་མཐོང་ཆུང་ས་མཐོང་བ་རང་རེད། དགོས་པ་སློབ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་གི་སློབ་གསོ་ཡག་པོ་ཞིག་མ་སྤྲད་པར། མི་དགོས་པ་ཁབ་བརྩག་རི་མོ་བཀག་འགོག་བྱེད་པ་ནི་གད་མོ་ཤོར་བའི་གནས་རེད། ནུབ་ཕྱོགས་པའི་སློབ་གསོ་སྤྲད་ན་ནུབ་ཕྱོགས་པའི་ལད་ཟློས་བྱེད་དང་བྱེད།

    Reply
  10. Tseringdorjee says:
    ལོ་ 12 སྔོན།

    ང་རང་གིས་གོ་བ་བྱས་ན་དགེ་རྒན་དེས་སློབ་ཕྲུག་ལ་ཉེས་རྡུང་བཏང་རྗེས་སློབ་ཕྲུག་ཚོས་དགེ་རྒན་དེའི་བྱེད་སྟངས་ཐོག་ངོ་རྒོལ་བྱས་པ་རེད་ཟེར་གྱི་འདུག དེ་ནས་རྙོག་དྲ་ལངས་ཏེ་དགེ་རྒན་ལ་ཉེས་པ་བཏང་རྗེས་དགེ་རྒན་དེས་རྩ་དགོངས་ཞུས་པའི་རྗེས་ལ་སློབ་མ་སྐོར་ཞིག་གིས་སླར་ཡང་དགེ་རྒན་དེ་རྩ་དགོངས་བཏང་ཆོག་གི་མེད་ཅེས་ཞི་བའི་ངོ་རྒོལ་བྱས་པ་རེད་ཟེར་གྱི་འདུག ད་གང་ལྟར་གསར་འགྱུར་འདིའི་འོག་གི་རྒན་བདག་ཚོའི་ཡི་གེ་དེ་ལས་གསལ་བོ་ཆགས་སོང་། ཡིན་ནའང་དགེ་རྒན་ཚོས་སློབ་མར་ཉེས་རྡུང་བཏང་བ་དེ་འགྲིག་ཡོད་མ་རེད་བསམ་གྱི་འདུག རྩ་བའི་དེང་སྐབས་སློབ་མ་དང་སུ་འདྲ་ཞིག་ཡིན་ན་ཉེས་རྡུང་གཏོང་བའི་དུས་ཚོད་ཡལ་ཚར་ཡོད་པ་རེད། གཉིས་ནས་བོད་ཁྱིམ་སྒྲིག་གཞིའི་ནང་དགེ་རྒན་གྱིས་སློབ་ཕྲུག་ཚོར་ཉེས་རྡུང་གཏན་ནས་གཏོང་ཆོག་གི་མེད་ཅེས་འཁོད་ཡོད་རེད།

    Reply
  11. གངས་ཕྲུག says:
    ལོ་ 12 སྔོན།

    མགྱོགས་མྱུར་བོད་ཁྱིམ་དགེ་རྒན་མཐུན་ཚོགས་ཤིག་ངེས་པར་འཛུགས་དགོས་འདུག
    དེ་ལྟར་མ་གནང་ཚེ་བོད་ཁྱིམས་དེ་ལོ་ཤས་རྗེས་སུ་གཅེན་མོ་ཚེ་རིང་སྒྲོལ་མ་ལགས་ཀྱི་དགོངས་དོན་རྣམས་ཆུད་བཟོས་སུ་འགྲོ་ངེས་རེད་འདུག

    Reply
  12. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    ཁབ་གཙགས་རི་མོ་དང་འབྲེལ་བ་འདིར་ངེད་ལ་ཉམས་མྱོང་ཕྲན་བུ་ཞིག་ཡོད། ང་ལོ་ཉེར་གསུམ་ཡིན་དུས་དཔུང་པར་སྐབས་དེའི་སེམས་ཚོར་༼ པཎ་ཆེན་འཁྲུངས་སྐར་དང་འབྲེལ་ནས་བདུན་གཉིས་ལ་བཙོན་འཇུག་བྱས་རྗེས། ༽ཞིག་དང་འབྲེལ་ནས་ཡི་གེ་ཞིག་བྲིས་ཡོད། ཡི་གེ་དེར་རང་ངོས་ནས་རྒྱུ་མཚན་ཡོད་ལོས་ཆེ། རིམ་པར་སྤྱི་ཚོགས་འདྲ་མིན་འགྲིམས་སྐབས། ཁབ་གཙགས་རི་མོ་དེ་དང་འབྲེལ་ནས་མཐོང་ཆུང་མང་པོ་གཟེད་དགོས་བྱུང། དེ་ནི་ང་སྒེར་གཅིག་པུར་མཐོང་ཆུང་མ་རེད། བོད་པ་ཚོས་ཀྱང་འདི་འདྲ་གནང་གི་རེད་དམ་ཟེར་བ་སོགས་ཡིན།
    ཐའེ་ཝན་ནས་ཉིན་གཅིག་སྣང་མེད་ངང་འཛིན་གྲྭའི་ནང་དཔུང་པའི་སྟེང་གི་ཁབ་གཙགས་རི་མོ་ཀུན་གྱིས་མཐོང། ཉིན་དེར་རྒན་ལགས་ཀྱིས་མགོ་བོ་འཕྲེད་དུ་གཡུག་བཞིན་ང་ཚོའི་སྤྱི་ཚོགས་ནང་གི་ཇག་ཚོགས་དང། ཐ་མག་ནག་པོ་བཏུང་མཁན། ཨ་རག་ཚོད་མེད་བཏུང་ནས་ཡུལ་འཁྱམས་རྒྱག་མཁན། སེམས་པ་བདེ་བོ་མེད་མཁན་ཕོ་མོ་གཉིས་ཀས་ལུས་ལ་འདྲ་མིན་བརྐོ་ཡི་འདུག དམིགས་བསལ་སྐྲ་སེར་འཁྱམས་པོ་རིང་ལུགས་ཁྱོན་ནས་མེད་མཁན་དེ་ཚོ་རེད། ཁོང་ཚོའི་རིགས་གཅིག་སྤྲང་འཁྱམས་རྒྱབ་ནས་སྤྱི་ཚོགས་གཞན་ཡང་མི་དགོས་པའི་ངན་སྤྱོད་ན་ཚ་བཞིན་བགོ་བཞིན་འདུག་ཟེར། ཁྱེད་ཚོ་བོད་དང་ང་ཚོ་ཐའེ་ཝན་ཡིན་ན་མང་ཆེ་བ་ནང་པ་རེད། ད་དུང་འཇར་པན་གྱི་སློབ་གྲོགས་ཁ་ཤས་ལ་མཛུབ་མོ་བཙུགས་ནས། ཁོང་ཚོའང་དེ་བཞིན་རེད། ང་ཚོའི་སྤྱི་ཚོགས་ངོ་ཚ་སྨིན་པོ་དང་སྤྱོད་བཟང་ད་བར་ཡོད་པ་དང་མ་འོངས་པར་ཡོད་དགོས་པ་གལ་ཆེན་རེད།ཅེས་བཀའ་བཀྱོན་ལྟ་བུའི་བསླབ་བྱ་རིང་པོ་ཞིག་གནང་བ། ཁབ་གཙགས་རི་མོ་དང་འབྲེལ་ནས་དེ་རིང་ཉིན་ཐོ་སྔོགས་དེ་འདིར་བཀོད་འདོད་བྱུང།
    རྗེས་སུ་བོད་ཀྱི་དཔེ་མཛོད་ཁང་དུ་བོད་རིག་པར་མཁས་དབང་ཡིན་པའི་ཨིན་ཇི་པ་ཞིག་ལ་དེའི་སྐོར་སྐད་ཆ་དྲིས་པ་ཡིན། ཁོང་གིས་ངྷ་རམ་ས་ལར་འཁྱམས་སྡོད་མཁན་ཨིན་ཇི་ཕོ་མོ་དེ་ཚོས་ཨིན་ཇི་པ་སྤྱིའི་ཀུན་སྤྱོད་དང་གནས་བབ་མཚོན་གི་མ་རེད་ཟེར། ཡིན་ནའང། ང་ཚོའི་སྤྱི་ཚོགས་ཐོབ་ཐང་རྩོད་རྒྱུར་དགའ་བོ་ཡོད་ཙང། དེ་ཚོ་ཚང་མ་ཐོབ་ཐང་ནང་སྦྱར་གི་རེད། སྤྱིར་བཏང་ཚན་རིག་དང་འཕྲོད་བསྟེན་གང་ནས་བཤད་ཀྱང་ཁབ་གཙགས་རི་མོས་མིའི་ལུས་ལ་གནོད་ཀྱི་ཡོད་པ་གསལ་བོ་རེད་ཟེར། དེ་ནས་བཟུང་སྟེ་ཁབ་གཙགས་རི་མོ་འདི་དོན་དམ་གྱི་སྒྱུ་རྩལ་གྱི་ཁྱབ་ཁོངས་ལ་སྦྱར་འོས་མིན་དང། ང་ཚོ་བོད་ཀྱི་རིག་གནས་ཡ་རབས་བཟང་སྤྱོད་དང་མཐུན་གྱི་ཡོད་མེད་ལ་བསམ་བློ་ཡང་ཡང་བཏང་བ་ཡིན།།

    Reply
  13. ཉི་མ་ལྷ་མོ། says:
    ལོ་ 12 སྔོན།

    གནས་ཚུལ་འདི་རིགས་བྱུང་སྐབས་བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ག་མགྱོགས་གནས་ཚུལ་དངོས་གནས་དེ་འཁོད་ཐུབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་འདུག སྤྱི་ཚོགས་བརྒྱུད་ལམ་ཁག་ནང་བོད་ཁྱིམ་གནས་ཚུལ་དེ་སྐོར་ལ་སྐད་ཆ་འདྲ་མི་འདྲ་བདེན་པ་མིན་པ་མང་པོ་འཐོན་ཡོང་གི་འདུག སྔོན་མ་མ་སུ་རིར་གནས་ཚུལ་བྱུང་སྐབས་ཀྱང་རྒྱ་གར་གསར་ཤོག་ཁག་ཅིག་ནང་སློབ་ཕྲུག་ཚོས་སློབ་གྲྭའི་གཞུང་དང་བོད་གཞུང་ལ་ངོ་རྒོལ་རྒྱག་གི་ཡོད་པ་འདྲ་བོ་ཞིག་འཁོད་འདུག ད་རེས་ཀྱང་དཀྲོགས་གཏམ་ཆགས་རྒྱུའི་ཉེན་ཁ་ཆེན་པོ་འདུག་ཕྱི་ལོག་ན་མགོ་འཚོས་ལ་མ་འཚོས་པའི་སྐད་ཆ་སྣ་ཚོགས་ཤིག་ཤོད་ཀྱི་འདུག

    Reply
  14. བཀྲ་ཤིས་ནོར་བཟང་། says:
    ལོ་ 12 སྔོན།

    དྲ་གྲོགས་ཚོ། གནས་ཚུལ་འདི་ཅུང་ཡ་མཚན་པོ་ཞིག་རེད། བོད་ཁྱིམ་སྒྲིག་གཞིའི་ནང་སློབ་མར་ཉེས་རྡུང་བཏང་མི་ཆོག་པ་ཧ་གོ་བཞིན་དུ་ཉེས་རྡུང་བཏང་། དེ་མ་ཐག་ཡིག་ཚང་གིས་ཟླ་གཅིག་གི་ཟླ་ཕོག་བཅག་ཅིང་། དགེ་རྒན་དེས་ཁ་ཐུག་ལ་རྩ་དགོངས་ཞུས། དེ་དང་མཉམ་དུ་སློབ་མ་མང་པོས་བརྗོད་ཚིག་སྣ་ཚོགས་འཁོད་པའི་འཕྲེད་དར་འཕྱར་ནས་འདུ་འཛོམས་བྱས། དགེ་རྒན་དང་སློབ་ཕྲུག་དེ་གཉིས་ཀྱི་གནས་ཚུལ་ཐག་གཅོད་བྱེད་རྒྱུ་རྗེས་ལ་བཞག ང་རང་གནས་ཚུལ་འདིའི་རྒྱབ་ལོགས་ན་དོགས་པ་ཆེན་པོ་འདུག སྔོན་མ་ཞིག་ནས་བོད་ཁྱིམ་སློབ་གྲྭ་ཁག་ནང་སློབ་ཕྲུག་ལ་ཉེས་རྡུང་གཏོང་མི་ཆོག་ཅེས་པའི་སྒྲིག་གཞི་དེ་བཞག་མ་ཐག་དགེ་རྒན་རྙིང་ཞེན་ཅན་མང་པོ་ཞིག་གིས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་མ་ཟད། དགེ་རྒན་འགའ་རེ་སྒྲིག་གཞི་དེར་འདོད་པ་མེད་པར་རྩ་དགོངས་ཀྱང་ཞུས་ཡོད་པ་རེད། ད་རེས་ཀྱི་གནས་ཚུལ་འདི་འདྲ་ཞིག་ལ་རྐྱེན་བྱས་ཏེ་སྒྲིག་གཞིར་འགྱུར་བ་གཏོང་འདོད་མ་རེད་དམ། ཐོག་མའི་གནས་ཚུལ་བྱུང་སྟངས་དེའི་མདུན་ཕྱོགས་ཡ་མཚན་རེད། གནས་ཚུལ་བྱུང་མ་ཐག་སློབ་མ་མང་པོ་འདུ་འཛོམས་བྱས་པ་དེའི་རྒྱབ་ལོགས་ཡ་མཚན་རེད།

    Reply
  15. སེངྒེ་ says:
    ལོ་ 12 སྔོན།

    སློབ་གྲྭའི་སྒྲིག་གཞིའི་ནང་ཁབ་གཙགས་རི་མོ་བྲིས་མི་ཆོག་ལབ་ཡོད་ན་སློབ་ཕྲུག་ལ་གནས་ལུགས་རྒྱུ་མཚན་བཤད་དགོས་
    དེ་ལྟར་མ་ཉན་ན་མ་ཉན་པ་བྱེད་ནས་བཞག་ཤོག
    ཉེས་རྡུང་གཏོང་ན་ཁྲིམས་དང་སྒྲིག་གཞིར་འགལ་གྱི་ཡོད་པ་ཡིན་ན་ཡིག་ཚང་ཞུས་ན་འགྲིག་གི་འདུག་ག
    དེ་འདྲའི་ཉེས་རྡུང་གཏོང་དགོས་པ་མི་འདུག་ག
    བུང་བུ་ཡར་སླང་པའི་ངོ་མེད་རྔ་མ་ཆད་པའི་བཀའ་ཀྱོན་རེད།

    Reply
  16. གངས་བུ། says:
    ལོ་ 12 སྔོན།

    ངོ་དེབ་ཁག་ནང་དུ་སློབ་ཕྲུག་ཚོས་སློབ་གྲྭའི་གཞུང་ལ་ངོ་རྒོལ་གནང་བ་ཡིན་སྐོར་བརྗོད་ཀྱིན་འདུག སློབ་ཕྲུག་མང་པོ་ཞིག་གིས་འཕྲེད་དར་འཕྱར་ནས་ཡིག་ཚང་སྒོ་ཁར་ངོ་རྒོལ་བྱེད་ཀྱིན་འདུག་ཅེས་འཁོད་འདདུག གསར་འགྱུར་འདིའི་ནང་སློབ་ཕྲུག་ཚོས་དགེ་རྒན་རྩ་དགོངས་ལ་མི་འགྲོ་ཆེད་འདུ་འཛོམ་ཞུ་འབོད་བྱས་པ་ཡིན་མདོག་མདོག་ཅིག་ལབ་འདུག གསལ་བོ་ཞིག་ཆགས་ཐུབ་མ་སོང་། ཡིན་ནའང་སློབ་ཕྲུག་ཚོས་མང་ཚོའི་མཁས་དབང་ལོངས་སུ་སྤྱད་པར་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཐམས་པ་ཡོད། སློབ་ཕྲུག་དེའི་སྤྱོད་ལམ་ག་ཚོད་འགྲིག་མེད་ནའང་ལག་པ་བསྐྱངས་ཏེ་ཉེས་རྡུང་བཏང་བ་དེ་ནོར་བ་རེད།

    Reply
  17. བྱམས་པ་དོན་ལྡན། says:
    ལོ་ 12 སྔོན།

    སློབ་གྲྭའི་སྒྲིག་གཞིའི་ནང་ཁབ་གཙགས་རི་མོ་བྲིས་མི་ཆོག་ལབ་ཡོད་དམ། དགེ་རྒན་གྱིས་སློབ་མར་ཉེས་རྡུང་བཏང་ན་འགྲིག་གི་ཡོད་ལབ་ཡོད་དམ། ཁྱད་མཚར་ནོར་འཁྲུལ་དང་པོ་གཉིས་པ་ཚང་མ་དགེ་རྒན་གྱིས་བཟོས་པ་ཡིན་ནའང་གསར་འགྱུར་འདིའི་ནང་སློབ་ཕྲུག་ལ་ནག་ཉེས་ཡོད་པའི་བཟོ་འདྲ་ཞིག་འཁོད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese