མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མ་དང་བོད་བརྒྱུད་ནང་བསྟན་བར་གྱི་འབྲེལ་བའི་སྐོར་ལྷ་མེད་སྨྲ་བ་ཚོར་བཤད་དབང་མེད།

བོད་ཀྱི་དུས་བབ།
༢༠༡༣/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

བཞུགས་སྒར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་ཐེངས་༢༤ པ་སྲུང་གཙི་དང་འབྲེལ་བཀའ་སྤྱི་གཉིས་ཀྱིས་༧གོང་ས་མཆོག་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་དང་འབྲེལ་བོད་ནང་གི་གནས་སྟངས་སྐོར་ལ་གསུང་བཤད་གནང་ཡོད།

དེ་རིང་ཞོགས་པའི་ཆུ་ཚོད་ ༩།༠༠ པ་ཙམ་ལ། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་ཐེངས་ ༢༤  པ་སྲུང་གཙི་གནང་ཡོད་ཅིང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དབུས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་། གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ། དྷ་ས་ཉེ་འཁོར་སློབ་གྲྭ་ཁག་གི་སློབ་ཕྲུག་དང་དགོན་སྡེ་ཁག་གི་གྲྭ་བཙུན། བཞུགས་སྒར་གྱི་མི་མང་བཅས་འདུ་འཛོམས་བྱུང་སོང་།  

མཛད་སྒོའི་ཐོག་མར་སྲིད་སྐྱོང་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་སྒྲེང་འཛུགས་དང་བོད་བསྟན་སྲིད་ཆེད་འདས་གྲོངས་སུ་ཕྱིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཞུས་རྗེས། བོད་ཀྱི་ཟློས་གར་ཚོགས་པས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་ཆེ་བསྟོད་མཉམ་གཞས་ཕུལ་བ་དང་། དེ་ནས་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་ལས་བྱེད་བགྲེས་ཡོལ་ཐོན་པ་ ༤ ལ་སྲིད་སྐྱོང་མཆོག་གིས་གཟེངས་བསྟོད་བྱ་དགའ་དང་ཕྱག་འཁྱེར། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་ ༤ ལ་ཞབས་ལོ་ཧྲིལ་བོ་ ༢༥ རིང་ཞབས་ཞུ་ཞུས་པར་གཟེངས་བསྟོད་བྱ་དགའ་བཅས་གནང་རྗེས། གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་གིས་འདོན་སྤེལ་གནང་བའི་དོལ་རྒྱལ་སྐོར་གྱི་བཀའ་སློབ་དང་། ཆོས་ཚོགས་ཁག་གི་ལམ་སྟོན་བཀའ་སློབ། དེ་བཞིན་༼ནང་ཆོས་ངོ་སྤྲོད་སེམས་ཀྱི་དཔལ་ཡོན།༽དང་༼ སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག༽།  ༼གསར་བྱུང་དངོས་ལུགས་དང་འཇིག་རྟེན་ཆགས་རིམ། ༽བཅས་ཕྱག་དེབ་ཁག་ ༦ དང་། བོད་ཀྱི་ཟློས་གར་ཚོགས་པའི་རྐང་བྲོ་གླུ་གཞས་འོད་སྡེར་༼དབྱར་སྐྱིད ༢༠༡༣༽དང་། བུད་མེད་ལྷན་ཚོགས་ཀྱི་དབྱིན་ཡིག་དཔེ་དེབ་༼བོད་ནང་གི་བུད་མེད་ཀྱི་གནས་བབ།༽ཅེས་པ་སོགས་དབུ་འབྱེད་གནང་སོང་།

སྤྱི་འཐུས་ཚོགས་གཞོན་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་ཡིག་ཐོག་ནས་སྒྲོག་སྦྱངས་གནང་བའི་ནང་། “ དེ་རིང་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་བའི་དུས་ཚིགས་གལ་ཆེན་ཞིག་ཀྱང་ཆགས་ཡོད། ཉེ་བའི་སྔོན་དུ་ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་ཡོད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་དུས་བཀག་བསྐྱར་ཞིབ་ཚོགས་ཐེངས་ ༡༧ པ་འཚོགས་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཁག་ཅིག་གི་སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་བཟང་དུ་གཏོང་སླད་དོན་དམ་གྱི་ཐམས་ལམ་ཞིག་ལག་བསྟར་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། ལྷག་པར་ཁེ་ཎ་ཌ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ། ཧྥ་རན་སི། འཇར་མན། ནེའུ་ཛི་ལན་ཌི། སུད་སི། ཨ་རི། དབྱིན་ཡུལ། ཨ་ཡི་སི་ལེན་ཌི། ཉི་ཧོང་། ཕོ་ལེན་ཌི། ཨོ་སི་ཊོ་ལི་ཡ་བཅས་ཀྱི་སྐུ་ཚབ་འཐུས་མི་རྣམ་པས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་བློ་འཚབ་ཀྱི་རྣམ་པ་ཤུགས་ཆེན་བསྟན་པ་དང་སྦྲགས། རྒྱ་ནག་གཞུང་ནས་བོད་མིའི་ཆོས་དད་དང་རིག་གཞུང་། སྨྲ་བརྗོད་རང་དབང་ཐོབ་ཐང་སོགས་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་སྐོར་ནན་པོ་གསུངས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མི་གཙོས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དེ་དག་སྲུང་སྐྱོབ་སླད་ཐབས་ལམ་ངེས་ཅན་ཞིག་ལག་བསྟར་བྱེད་དགོས་པའི་ལམ་སྟོན་གནང་ཡོད། ”ཅེས་བཀོད་འདུག  

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེའི་གཏམ་བཤད་ཅིག་ལ་ལན་འདེབས་གནང་དོན། “རྒྱ་ནག་གཞུང་གིས་དུས་རྟག་ཏུ་འཆམ་མཐུན་དང་། བརྟན་བརླིང་ཟེར་བ་སོགས་བཤད་དང་ཤོད་བཞིན་ཡོད་རུང་། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཁྲིན་ཆོན་གོ་ཡིས། ‘རལ་གྲི་གཤོམ་པོའི་སྙིང་སྟོབས་ཀྱི་ཐོག་ནས་བོད་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས།’ཞེས་པའི་རྩོམ་ཡིག་དང་གཏམ་བཤད་སྤེལ་བ་ཉེ་སྔོན་ཕྱི་ཟླ་ ༡༡ ཚེས་ ༡ ཉིན་རྒྱ་གཞུང་གིས་གཉེར་བའི་དུས་དེབ་དང་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་བྱས་ཡོད་པའི་ནང་། ‘ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་’དབུ་མའི་ལམ་དང་བོད་ཆེན་པོ། ཚད་མཐོའི་རང་སྐྱོང་བཅས་ཟེར་བའི་ལོག་སྤྱོད་རེ་ངན་ཐེར་འདོན་གཏིང་ཟབ་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས། བོད་བརྒྱུད་ནང་བསྟན་དང་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་བར་དབྱེ་བ་གསལ་པོ་འབྱེད་དགོས་པ་དང་། ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་ཞེས་པའི་མིང་བར་དབྱེ་བ་གསལ་པོ་འབྱེད་པ། རང་རྟོགས་ངང་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ་བཅས་བྱས་ནས། ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཡིན་པའི་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད། དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ་ཡོང་བ་བྱས་ཏེ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་ལ། དགྲ་ཡའི་ཕྱོགས་གཏོགས་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་སྐད་སྒྲ་དང་གཟུགས་བརྙན་ཐོས་རྒྱུ་མེད་པ་དང་མཐོང་རྒྱུ་མེད་པ་བྱེད་དགོས།’ ཞེས་སོགས་བཤད་ཡོད། འོན་ཀྱང་གོང་གསལ་ཁོ་པའི་རྩོམ་ཡིག་དང་གཏམ་བཤད་དེ་དག་ནང་ལོ་རྒྱུས་དངོས་ཡོད་ཀྱི་ཁུངས་ལུང་སྣེ་གཅིག་མེད་ནའང་། བསྒྲུབ་ཐབས་མེད་པའི་བོད་རྒྱ་ཆེའི་མི་མང་རྣམས་ལམ་ལོག་ཏུ་འཁྲིད་ཐབས་དང་། བོད་རྒྱ་མི་རིགས་གཉིས་ཀྱི་བར་འགལ་ཟླ་དང་འཁོན་འཛིན་ཆེ་རུ་གཏོང་ཐབས་བཅས་ཀྱི་ཆེད་དུ་ཡིན་ཞིང་། བདེན་པས་ཕོངས་པའི་གཏམ་བཤད་དེ་ལྟ་བུར་སུས་ཀྱང་ཡིད་ཆེས་དང་། རྒྱབ་སྐྱོར་བྱེད་མཁན་མེད་པར་བརྟེན། ཚིག་ཟིན་རེ་རེར་གསལ་བཤད་དགོས་དོན་མི་འདུག་ནའང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་བརྒྱུད་ནང་བསྟན་བར་དང་། ཁོང་དང་ཁོང་གི་སྐྱེ་ཕྲེང་བར་གྱི་འབྲེལ་ལམ་སོགས་ལྷ་མེད་སྨྲ་བ་དང་སྐྱེ་བ་སྔ་ཕྱི་ཙམ་ཡང་ཁས་ལེན་མི་བྱེད་མཁན་གྱི་སྲིད་གཞུང་ཞིག་ལ་བརྗོད་དབང་མེད་ལ་བརྗོད་ལུགས་ཀྱང་ཤེས་ཀྱི་མེད། ཁོང་གི་མཛད་འཕྲིན་དང་། ཁོང་དང་བོད་མི་མང་གི་བསམ་བློའི་འབྲེལ་ཐག་ཇི་ལྟར་ཡིན་མིན་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཟུར་བལྟས་ལེབ་མཐོང་ཡིན་པས་དམར་ཤོག་དྲུང་ཆེ་ཁྲོན་ཆོན་གོ་ཡིས་དེ་ལྟར་ངལ་བ་བྱས་པ་ནི་དོན་མེད་ཁོ་ན་ཡིན”ཞེས་བཀོད་འདུག

སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསུང་བཤད་ཡིག་ཐོག་ནས་སྒྲོག་སྦྱངས་གནང་བའི་ནང་། “བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་དོན་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་བཟང་ཤོས་གྲོས་མོལ་བརྒྱུད་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུར་གཉིས་མོས་འགྲིག་ཆགས་ཡོང་ཐབས་བྱེད་རྒྱུ་དེ་ཉིད་ཡིན་པའི་ཡིད་ཆེས་བརྟན་པོ་ཞུ་བཞིན་ཡོད། དེ་ཡང་དབུ་མའི་ལམ་གྱི་དོན་སྙིང་ནི། བོད་རིགས་ཡོིངས་ལ་འཛིན་སྐྱོང་གཅིག་ནང་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་ལག་བསྟར་ཡོང་ཐབས་བྱེད་རྒྱུ་དེ་ཡིན་སྟབས། དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་ཆ་རྐྱེན་ཁག་དང་ཡོངས་སུ་མཐུན་པ་ཡིན། ང་ཚོས་བོད་ཁ་བྲལ་རྩོད་ཀྱི་མེད་པ་མ་ཟད། ཚད་མཐོའི་རང་སྐྱོང་སྐོར་ཡང་བཤད་མེད། ང་ཚོའི་དགོས་འདུན་ནི་མིང་དོན་མཚུངས་པའི་རང་སྐྱོང་ཡིན།

དེ་མཚུངས་བོད་ཆེན་པོ་ཞེས་པའི་ཐ་སྙད་ནམ་ཡང་བེད་སྤྱོད་བྱེད་མྱོང་མེད། བོད་ཆོལ་ཁ་གསུམ་ནི་གནའ་སྔ་མོ་ནས་མཐོ་སྒང་བོད་ཀྱི་ས་ཁུལ་སྡེ་ཚན་གཅིག་གི་ངོ་བོར་གནས་ཡོད། སྐད་ཡིག་དང་ཆོས་ལུགས། ཡུལ་གོམས་གཤིས་ལུགས། ས་བབ་ཁོར་ཡུག་བཅས་ཕྱོགས་ཐམས་ཅད་ནས་གཅིག་གྱུར་ཡིན་བཞིན་པ་དེ། ཞིང་ཆེན་ཁག་ནང་དུམ་བུ་མང་པོར་བཏང་བ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་སུ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་གསལ་བ་དང་ནང་འགལ་ཆགས་ཡོད། རྩ་ཁྲིམས་དོན་ཚན་བཞི་པའི་ནང་‘གྲངས་ཉུང་མི་རིགས་འདུས་སྡོད་བྱེད་པའི་ས་གནས་སོ་སོར་ས་གནས་རང་སྐྱོང་ལག་ལེན་བསྟར་ཏེ་རང་སྐྱོང་ལས་ཁུངས་འཛུགས་རྒྱུ་དང་རང་སྐྱོང་དབང་ཆ་སྤྲོད་རྒྱུ།’ཞེས་གསལ་ཡོད། རྩ་ཁྲིམས་ཀྱི་ཆ་རྐྱེན་དེ་གཞིར་བཟུང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ལ་མཚོན་ན་ཡུ་གུར་མི་རིགས་ཀྱི་བརྒྱ་ཆ་ ༩༩ དེའི་ནང་ཚུད་ཡོད་པ་དང་། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ནང་ཀྲོང་རིགས་བརྒྱ་ཆ་ ༩༥ ཚུད་ཡོད། འོན་ཀྱང་བོད་རང་སྐྱོང་ལྗོངས་ནང་བོད་རིགས་བརྒྱ་ཆ་ ༥༠ ལས་ཉུང་བ་མ་གཏོགས་ཚུད་མེད། བོད་རིགས་མི་འབོར་མང་བ་བོད་རིགས་རང་སྐྱོང་ཁུལ་དང་། རང་སྐྱོང་རྫོང་གི་ངོ་བོར་ཉེ་འབྲེལ་ཞིང་ཆེན་གཞན་གྱི་ནང་ཟླ་བསྒྲིལ་བཏང་ཡོད།

བོད་ཆོལ་ཁ་གསུམ་གྱི་ས་ཁུལ་བསྡོམས་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཞི་ཆ་གཅིག་ཟིན་གྱི་ཡོད་པ་ནི། གནའ་སྔ་མོ་ནས་རང་བཞིན་གྱིས་བྱུང་བའི་བོད་མི་རིགས་ཀྱི་ཡུལ་ལུང་ཆགས་སྟངས་ཤིག་ལས་ང་ཚོས་གསར་བཟོ་བྱས་པ་ཞིག་མིན་པ་མ་ཟད། བོད་རིགས་གཅིག་གྱུར་བྱེད་རྒྱུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཡོང་མ་སྲིད་པ་དེ་བས་ཀྱང་མིན། དཔེར་ན་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ནི་རྒྱ་ནག་གི་ལྔ་ཆ་གཅིག་ཟིན་གྱི་ཡོད་པ་དང་། ནང་སོག་རང་སྐྱོང་ནི་བརྒྱད་ཆ་གཅིག་ཟིན་གྱི་ཡོད། དེར་བརྟེན་ང་ཚོའི་མིང་དོན་མཚུངས་པའི་རང་སྐྱོང་གི་མངོན་འདོད་དེ་ཁྲིམས་ཀྱི་ཆ་རྐྱེན་ཁག་ཇི་བཞིན་ལག་བསྟར་ཐུབ་ཐབས་དང་། རང་ཁྱིམ་རང་བདག་ཡོང་ཐབས་བྱེད་པའི་འཛིན་སྐྱོང་གི་གནས་སྟངས་ཤིག་ལས་ས་ཁྱོན་དང་འབྲེལ་བ་གང་ཡང་མེད།

ཆོས་དང་སྐད་ཡིག གོམས་གཤིས། དཔལ་འབྱོར། ས་བབ་ཁོར་ཡུག་བཅས་གཅིག་གྱུར་ཡིན་པའི་བོད་རིགས་རྣམས་ད་མུས་བཞིན་དུམ་བུ་མང་པོར་བགོས་པ་ལས་གཅིག་གྱུར་བཟོས་ན་འཛིན་སྐྱོང་གི་ཆ་ནས་སྟབས་བདེ་བ་དང་ཚགས་ཚུད་པ་ཡོང་རྒྱུ་ཡིན་པ་གསལ་པོ་རེད། རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་སྐྱོན་འཛུགས་བྱས་པ་ལྟར་རྒྱ་རིགས་ཡོངས་རྫོགས་ཕྱིར་འབུད་བྱེད་རྒྱུ་ང་ཚོའི་ཀུན་སློང་མིན་པ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ནང་གསལ་པོ་འཁོད་ཡོད། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་དར་སྤེལ་བྱེད་པར་བོད་ཀྱི་ས་ཁུལ་ནང་བོད་རིགས་གྲངས་ཀ་མང་བ་ཡོད་དགོས་པ་ནི་སྨོས་ཅི་དགོས།

རྒྱལ་སྤྱིའི་དབུ་འཁྲིད་ཁག་དང་གྲོས་ཚོགས་ཀྱི་འཐུས་མི། མཁས་པ། རྩོམ་པ་པོ་སོགས་གནད་ཡོད་མི་སྣ་མང་པོས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་མོས་མཐུན་རྒྱབ་སྐྱོར་བྱས་ཡོད། ཁྱད་པར་རྒྱ་རིགས་མཁས་པ་དང་། རྩོམ་པ་པོ། ཆོས་དད་ཅན་སོགས་རྒྱ་རིགས་མི་མང་ནང་ལོ་རེ་བཞིན་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། ཕྱི་ལོ་ ༢༠༡༡ ནས་ད་བར་རྒྱལ་ཁབ་ཁག་བཅུ་གྲངས་ནང་བོད་དོན་སྐོར་གྲོས་ཆོད་སོགས་འཇོག་ཐུབ་པ་བྱུང་བ་དང་། དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་མགོ་འཁྲིད་གསར་པའི་སྐུ་ཚབ་བར་འབྲེལ་མོལ་བྱེད་དགོས་པའི་རེ་འདུན་བཏོན་ཡོད། དེ་མཚུངས་རྒྱལ་ཁབ་བཅོ་བརྒྱད་ལྷག་གི་ཕྱི་སྲིད་བློན་ཆེན་ནམ་ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ་དང་མགྲིན་ཚབ་པ། གྲོས་ཚོགས་འཐུས་མི་བཅས་ཀྱིས་རྒྱ་ནག་གཞུང་ལ་བོད་དོན་དཀའ་རྙོག་སེལ་ཐབས་དགོས་པའི་སྐུལ་འདེད་བྱས་ཡོད།”ཅེས་བཀོད་འདུག   

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དགྱེས་བཞེས་གནང་སྐབས་བཀའ་སློབ་ཕེབས་པའི་ནང་‘གཟེངས་རྟགས་འདིས་ང་ཚོས་དྲང་བདེན་དང་སྙིང་སྟོབས། ཆོད་སེམས་བཅས་ལ་བརྟེན་ནས་བོད་དོན་བདེན་མཐའ་གསལ་རྒྱུའི་ཡིད་ཆེས་བསྐྱར་ནན་བྱེད་བྱུང་’ཞེས་གསུངས་ཡོད། དེ་མཚུངས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༢ ཉིན་༸གོང་ས་མཆོག་གིས་མགོན་པོ་གང་ཉིད་གསེར་ཞལ་འཚོ་བཞུགས་རིང་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་དོན་བདེན་མཐའ་གསལ་ངེས་ཡིན་པའི་བཀའ་བཞེས་བཟང་པོ་སྤྱི་བསྩལ་བྱུང་ཡོད།”ཞེས་བཀོད་འདུག

མཇུག་ཏུ་བོད་ཀྱི་ཟློས་གར་ཚོགས་པ་དང་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། ཐང་སྟོང་གླུ་གར་ཚོགས་པ་སོགས་གཙོས་སློབ་གྲྭ་ཁག་དང་ཚོགས་པ་སྒྲིག་འཛུགས་ཁག་གིས་གཞས་སྣ་འཁྲབ་སྟོན་གནང་སོང་།  

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 18

  1. གཟུར་གནས་བློ་ལྡན། says:
    ལོ་ 11 སྔོན།

    བར་ཞི་ཕུན་ཚོགས་ནས་གསུངས་པ་དེ་ག་རང་རེད། ད་ང་ཚོས་མ་འོངས་པར་བསམ་བློ་གཏོང་དགོས་པ་འདྲ།

    ད་ལྟ་གཞི་ནས་གངས་སྐྱིད་ཀྱི་དྲུང་ཆེ་ནས་ལས་དོའི་བར་གྱི་ལས་བྱེད་མང་ཆེ་བ་དང། གཞིས་ཆགས་ཁག་གི་གཞིས་མགོ་ནས་གྲོང་པ་དཀྱུས་མའི་བར། དགོན་སྡེ་ཁག་གི་མཁན་པོ་ནས་གྲྭ་རྐྱང་རྡོབ་རྡོབ་བར་བཅས་ཚང་མས། སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་དྲན་ཞིང། ཁོང་གི་བླ་ན་མེད་པའི་མཛད་རྗེས་དག་གླེང་གི་འདུག

    དེ་བཞིན་དམིགས་བསལ་སྐུ་ཚབ་ཀྱིས་གཙོས་བཀའ་ཟུར་མང་ཆེ་བས་ཟམ་གདོང་རིན་པོ་ཆེའི་སྐུ་གཟུགས་ཀྱིས་ལྕོགས་པ་ཡིན་ན་བསྐྱར་དུ་ཕེབས་དགོས་པར་བསམ་གྱི་ཡོད།

    དེ་བཞིན་བོད་ནང་མཁས་པ་མང་པོས་ཀྱང་དེ་ལྟར་བསམས་མུས་རེད།

    སོང་ཙང། བོད་མི་རིགས་ལ་རེ་བ་ཡོད་ན། ཟམ་གདོང་རིན་པོ་ཆེ་མཆོག་བསྐྱར་དུ་ཕེབས་པར་སྨོན། གལ་སྲིད་ཞལ་བཞེས་མ་གནང་དུས།

    རྒྱལ་བ་རིན་པོ་ཆེ་དང་ཁོང་གི་ཐུགས་འདུན་རྨ་མེད་པར་རྟོགས་ཤིང་སྒྲུབ་ནུས་པ་ཞིག་ཡོང་དགོས་ཀྱི་འདུག

    དེ་ལ་ཕལ་ཆེ་གང་ནས་བསམ་ཡང་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་ལས་མེད་པ་འདྲ། མང་པོ་ཞིག་གིས་འདི་ལྟར་མ་འོངས་པར་བསམ་བློ་གཏོང་གི་ཡོད་པ་རེད།།

    Reply
  2. བར་ཕུ་ཕུན་ཚོགས། says:
    ལོ་ 11 སྔོན།

    ངོ་མ་བསམ་ཚུལ་སྤེལ་མཁན་ཚོ་རིག་པ་གཅིག་ལས་གཅིག་ཕྲ་ཞིང་། དཔྱད་བརྗོད་གཅིག་ལས་གཅིག་གིས་མང་བ་སྤེལ་འདུག་པས་དགའ་བསུ་ཡོད། མ་འོངས་པའི་སྲིད་སྐྱོང་ཞིག་མཛུབ་སྟོན་གནང་ན་དེ་བས་ཀྱང་དགའ་བསུ་ཞུ་རྒྱུ་ཡིན།།

    Reply
  3. རྟ་ནག says:
    ལོ་ 11 སྔོན།

    རྣམ་པ་ཚོས་དགོག་དགོས་སའི་རྒྱ་དཔོན་ཀྲོའུ་ཝེན་ཆོན་ལ་མི་དགོག་པར་འུ་ཚོའི་བཀའ་ཁྲི་བློ་སེང་ལ་དགོག་དགོས་དོན་མེད། བོད་པས་འཇོན་མེད་ན་བློ་སེང་གཅིག་པོའི་སྐྱོན་ག་ལ་ཡིན། ང་ཚོའི་དཔོན་འབངས་ཐུན་མོང་གིས་མ་འཇོན་པ་རེད། དང་པོ་བཀའ་བློན་འདམ་དུས་ཀྱང་ང་ཚོ་ཐུན་མང་གིས་འདམ་པ་རེད། བཀའ་ཁྲིའི་གོ་གནས་འདི་དབང་དང་བཙན་གྱིས་བཟུང་པ་ཅི་ཡང་མ་རེད། དེ་ཡིན་དུས་ཁྲི་འདིའི་སྒང་ལ་བློ་སེང་ཡིན་ནའང་འདྲ།  ཡང་བོད་མི་གཞན་ཞིག་ཡིན་ན་འདྲ། གང་ལྟར་ཁྲི་འདི་སྒང་ལ་བཞག་ཚར་བ་ནས་བཟུང་ང་ཚོས་ཅི་ཐུབ་གང་ཐུབ་ཀྱིས་དེ་ལ་རམ་འདེགས་བསྒྲུབ་དགོས།  བློ་སེང་ལ་དགོས་པ་ནི་ང་ཚོའི་རམ་འདེགས་དང་མཐུན་སྒྲིལ་ཡིན། ཁོང་མི་གཅིག་པོ་ཅི་འདྲ་འཇོན་ཡང་དཔའ་ཁེར་རྒྱུག་གི་ས་མི་ཆོད། སྤུན་ཟླ་ཚོ། ང་ཚོས་ཅི་ཐུབ་གང་ཐུབ་ཀྱི་རྒྱབ་སྐྱོར་བྱེད་ཡ། དེ་མིན་ད་དུང་མུ་མཐུད་དུ་དགོག་ན་འདོད་ནི་འདྲ་ཡོད་ཚེ་དགོག་ཡུལ་ཀྲོའུ་ཝེན་ཆོན་ལྷག་འདུག   གལ་ཏེ་སྨྱུག་ཁ་རྒོད་པོ་འདྲ་ཡོད་ཚེ་སྨྱུག་རྩེ་ཀྲོའུ་ཝེན་ཆོན་གྱི་སྟེང་ལ་སྐོར་རོགས་ཞུ།

    Reply
  4. ཇོ་སྲས། says:
    ལོ་ 11 སྔོན།

    འབྲོག་ཕྲུག་བྷེ་ལོ་་་་ཟེར་བ་འདི་དྲི་བས་ནག་འདེད་བྱས་ན་་་ཚུར་འཁོར་ནས་ངན་སྨྲས་བྱེད་སྟངས་ལ་བལྟས་ན་དྲ་འབུ་རྐུབ་རུལ་ཞིག་གི་སྒྲུང་གཏམ་ཡིད་ལ་འཁོར་མོད། གད་མོ་ཤོར་ནས་བཞག་པ་ཡིན་ན་ཚེ་ཐར་བཏང་བ་ཅི་ལ་མི་མཚུངས།

    ལར་ནས་བགྲོ་གླེང་གནང་འདོད་དང་ལས་ཀ་བྱེད་འདོད་ཡོད་དང་པོར་རང་ངོས་ནས་ཤེས་རྟོགས་ཀྱི་ཁུངས་འཁྱོལ་བའི་མ་རྩ་ཞིག་གསོག་སྒྲུབ་མ་བྱས་ན་རྩ་བ་ནས་ཡོང་གི་མ་རེད། ཕལ་ཆེར་འདི་ལ་ཁྱེད་ཉམས་མྱོང་མང་པོ་བྱུང་ཡོད་ཀྱི་རེད། དེ་བས་ད་ནས་བཟུང་རང་ངོ་དང་རང་གི་ལྗིད་ཁོག་མཐོང་ནས་བག་པོ་ཡོད་གྱིས་ཤིག་ལོ།།

    Reply
  5. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 11 སྔོན།

    ཇོ་སྲས་ཚང་དང་གཅིག གནས་ཚང་བ་དང་གཉིས། ཤར་ཁུག་འབོད་པ་གསུམ། ད་དུང་་་་་ བཅས་ནི་རྟག་ཏུ་རང་རང་གི་ཚོར་འདུ་ཐར་ཐོར་ཙམ་གླེང་བ་གཙོ་འཛོན་བྱེད་ལ། བསམ་ཚུལ་སྤྱི་བུམ་བ་བརྗོད་པར་ཆེད་གཉེར་བྱེད་པ་ལས། གཏན་ཚིགས་རང་བཞིན་དང་། གནས་ལུགས་རང་བཞིན། གནད་དོན་ལ་དབྱེ་ཞིབ་རང་བཞིན་གྱིས་སྨྲ་བ་ནི་ཉིན་མོའི་སྐར་གྱི་དཔེ་དང་སྒོ་ཀུན་ནས་མཚུངས། དེ་དག་ནི་སྤྱིར་ལྟ་རྒྱ་དང་ཐོས་རྒྱ། གཟིགས་རྒྱང་མེད་པ་བཅས་རང་ཉིད་རྣམ་དཔྱོད་ཀྱི་རྩལ་མ་རྒྱས་པའི་གནས་ཙམ་ལས་སྐྱོན་གནད་ཆེ་རིགས་མེད།

    དེ་ལས་ཀྱང་ཚབས་ཆེ་ཞིང་སྐྱུག་བྲོ་རང་བཞིན་དང་ཤིན་ཏུ་བློ་ཕམ་རང་བཞིན་གྱི་གནད་དོན་གལ་ཆེ་ཞིག་ཡོད་པ་ནི། ཁུངས་མེད་ལུང་མེད་དང་། མགོ་མེད་མཇུག་མེད་ཀྱི་འཆལ་གཏམ་དང་དབྱེན་དཀྲུག་རིགས་ཀྱིས་སྤྱི་ཚོགས་ཟང་ཟིང་དུ་བསྒྱུར་བའམ་བསྒྱུར་ཐབས་ལ་འབད་པའི་སྒང་དུ། དྲང་སྐྱོང་བདེན་སྲུང་དང་། ཟུར་གནས་དཔྱད་གཏམ་གྱི་དྲི་མ་ཆ་རྡུལ་ཙམ་ཡང་མེད་ཁར། ནང་གི་ཕྲག་དོག་དང་། སྒེར་གྱི་ཤ་འཁོན་ཡོད་ཚད་སྤྱི་ཐོག་སྐབས་འཚོལ་གྱི་ཚུལ་དུ་རྩོད་པའི་བྱ་སྤྱོད་དེ་དག་རེད།
    སྤྱིར་ན་ཁྱོད་ཅག་དང་བགྲོ་གླེང་ངམ་ཁ་རྩོད་བྱེད་པ་ནི་དུས་འདའི་གནས་ལས་མ་འདས་མོད། བྱ་སྤྱོད་དེ་དག་རྟག་ཏུ་དང་ཡང་ཡང་མཐོང་ཐོས་ཀྱི་དབང་གིས་མ་བཟོད་མྱུར་བྲིས་ཐལ་བ་ཙམ་མོ།

    Reply
  6. ཇོ་སྲས། says:
    ལོ་ 11 སྔོན།

    གསེར་འབྲུག་སྡེ་ལྔ་ཁྱེད་སྙིང་རྗེ། སྲིད་སྐྱོང་ལ་བསམ་འཆར་བཤད་ན། སྐྱོན་འདོན་བྱས་ན་སྙིང་ནད་ཡོད་དགོས་པ་རེད་པས། འོ་ན་མང་གཙོའི་ལོངས་སྤྱོད་བྱེད་རྒྱུར་དང་པོར་བྱེད་ཡུལ་བྱེད་མཁན་བར་ལ་ཤ་འཁོན་དང་སྙིང་ནད་ཅིག་དགོས་པ་རེད་དམ། ཧཧཧཧཧཧ མགོ་བཙུགས་དུས་ནས་སྐད་ཆ་ཆོ་མེད་མ་གསུངས། ཤར་ཕྱོགས་ཁུག་རྟ་ལ་སྲིད་སྐྱོང་གིས་དྲང་པོ་མ་བྱས་པ་མགོ་རྒྱལ་བ་རིན་པོ་ཆེ་ནས་ཞོལ་ང་བར་དུ་ཚང་མས་མཁྱེན་གི་ཡོད་པ་རེད། དེ་ངས་འདིར་གླེང་གི་མེད། སོང་ཙང། ཁྱེད་ཀྱིས་སྙིང་ནད་ཟེར་བ་ལྟ་བུའི་ཚིག་འདི་འདྲ་བེད་སྤྱོད་མ་བཏང་ན་ཡག་གི་རེད། དེ་ཐོག་མ་ནས་སེམས་ལ་ཉོར། བསམ་སྤྱོད་ལ་བདག་པོ་རྒྱོབ་དེ་ནས་བཀའ་མོལ་གནང་ཆོག་གི་རེད།

    བཀའ་ཤག་སྔོན་མ་ཕེབས་མེད་ན་བཙན་བྱོལ་བོད་མིའི་སྐྱབས་བཅོལ་ལག་དེབ་ཚང་ཁྲིམས་དང་མི་མཐུན་པ་རྫུན་མ་རྫུན་རྐྱང་རྐྱང་རེད། བཀའ་ཤག་སྔོན་མས་བོད་ནས་སྐྱེ་བ་འཁོད་ཆོག་པ་གང་ཞིག་ལ་རྒྱ་གར་དུ་གནས་སྡོད་བྱ་ས་ཁྲིམས་མཐུན་དུ་འགོད་ཆོག་པ་བཅས་ཞལ་བཞེས་གནང་བ་རེད།

    གནས་བསྐོར་སོགས་ལ་ཤུགས་མ་བསྐྱོན་ཟེར་བ་སྐྱག་རྫུན་རེད། ཤུགས་བསྐྱོན་མཁན་ད་ལྟའི་བདེ་སྲུང་བཀའ་བློན་དེ་ག་རང་རེད་འདུག་པས། ཉིད་ནས་ཡིག་ཐོག་ནས་བཀའ་འདྲི་ཞུ་རོགས། དེ་བཞིན་བཀའ་ཁྲི་སྔོན་མས་རྒྱ་གར་གཞུང་ལ་ཐེངས་མང་པོར་ཞུས་པ་རེད། ཡིན་ནའང། བློ་བཟང་སེང་གེ་ལྟར་ཚུལ་མཐུན་མིན་པའི་ལམ་དང། འབྲེལ་བ་འདྲ་མིན་བརྒྱུད་ནས་རྒྱབ་སྐྱོར་འཚོལ་གི་མ་རེད། བཀའ་ཤག་སྔོན་མ་དྲང་བདེན་གྱི་ཚབ་མཚོན་བོད་མི་རིགས་ཀྱི་མགོ་རུ་བཞུགས་མཁན། མི་མང་གིས་བརྩི་བཀུར་ཡོད་པས་ད་ལྟའི་བློ་སེང་གི་བྱེད་སྟངས་དང་མི་འདྲ་བ་ཤེས་དགོས་པ་རེད།

    བོད་རྒྱ་འབྲེལ་མོལ་ཐད་ཨུ་ཚུགས་རྒྱབ་མ་རྒྱབ་ཡོད་པ་མ་རེད། ཆབ་སྲིད་ཟེར་པ་དེ་ཕྱག་ལས་གནང་སྟངས་ཤིག་དང་ལམ་ཁ་གང་ན་ཡོད་ན་དེ་ནས་ཐབས་ཤེས་གནང་དགོས་པ་རེད་མོད། ཁོ་ལ་ཡ་བྱེད་མཁན་མེད་པ་འདི་ག་རེ་རེད་དམ།

    དེ་ནས་ང་སྲིད་སྐྱོང་ཡིན་ན། བློ་བཟང་སེང་གེ་ལས་ལྷག་ཅིག་འཇོན་གི་རེད་བསམས། གལ་སྲིད་ཕྱི་ལ་མི་འཇོན་ན་ནང་ལ་འཇོན་གི་རེད། ཁོང་ལ་ཕྱི་ནང་གཉིས་ཀར་གྲུབ་འབྲས་སྲན་རྡོག་ཙམ་ཡང་སྟོན་ཡ་མེད་པ་གསལ་བོ་མ་རེད་དམ། ངྷ་རམ་ས་ལར་བཞུགས་ན་འཛིན་སྐྱོང་མི་མཁྱེན། བོད་མིའི་ནང་དུ་ཕེབས་ན་བོད་སྐད་ཡག་པོ་གསུང་ཤེས་ཀི་མ་རེད་ལ། བོད་ཀྱི་ཆོས་དང་རིག་གནས་ད་ག་བ་ག་བ། སོང་ཙང། ཁོང་བོད་སྤྱི་ཚོགས་ནང་བེད་མེད་ཆགས་ཡོད་པ་རེད། དེ་ཡིན་པ་ཧ་གོ་ནས། ཁོང་མཆོག་གིས་རང་ཉིད་བོད་མི་ཕྱེད་ཀ་ཞིག་ཡིན་པ་ཧ་གོ་ནས་ཕྱི་རྒྱལ་ལ་མང་པོ་ཕེབས་ཀི་ཡོད་པ་རེད། ཡིན་ནའང། ཕེབས་ནས་གྲུབ་འབྲས་སྣ་གཅིག་སྟོན་ཡ་མེད་ཝ། གྲོས་ཚོགས་ཀྱི་གྲོས་ཆོད་ནི་ལོ་ལྔ་བཅུའི་ནང་ཁང་པ་གང་བ་ཞིག་ང་ཚོས་རེག་མེད་འགྲོ

    ཨོ། དོན་དག་ངོ་མ་དེ་ལྟར་རེད། དེ་ལས་ཁོས་རྩ་དགོངས་མགྱོགས་པོར་ཞུས་བཞག་ན། གཅིག་བྱས་ན་ལོ་རྒྱུས་ནང་ནག་ཉེས་འཁུར་དགོས་མདོག་ཁ་པོ་མ་རེད།

    Reply
  7. གསེར་འབྲུག་སྡེར་ལྔ་ says:
    ལོ་ 11 སྔོན།

    ཇོ་སྲས་འདི་ཤར་ཁུག་ལྟ་བུ་སྙིང་ནད་ཞིག་བརྩད་ཀྱིན་པ་འདྲ། དེ་མིན་ན་བྱས་རྗེས་ཡོད་ཚད་བཀའ་ཤག་སྐབས་སྔོན་མར་བཙན་གྱིས་སྦྱར་གྱིན་པ་དེས་ལྟོ་འཕོར་བཀའ་ཤག་སྐབས་སྔོན་མར་གཟེད་བསྡད་མཁན་ཞིག་མིན་ན་ཅི་རེད།
    དོན་དངོས་བཤའ་ཤག་སྐབས་སྔོན་མས་རྒྱ་གར་ནང་གནས་སྡོད་བྱས་ཆོག་པའི་ལག་དེབ་RC. ལོ་ལྔའི་དུས་འགྱངས་ཕར་ཟད། གསར་བཟོ་བྱེད་རྒྱུར་ཡང་བཀའ་ངལ་རབ་དང་རིམ་པ་ཕྲད་ཡོད་པ་རེད་ལ། ལྷག་པར་དུ་གསར་འབྱོར་ཚོའི་གནས་བསྐོར་ལག་དེབ་དང་གསར་བཟོ་བྱེད་རྒྱུའི་ཐད་ཁ་ཡ་ཁྱོན་ནས་བྱས་ཡོད་པ་མ་རེད། ལར་ནས་རྒྱ་གར་གཞུང་འཛིན་ཡང་རིམ་པ་འགྱུར་བ་ཕྱིན་པ་རེད་ལ། ལོ་འགའི་རྗེས་གཞི་ནས་འབྲས་བུ་སྨིན་ཡོང་བ་ནི་ཡ་མཚན་དངོས་བྱུང་རང་རེད། དེ་ལས་ལྡོག་ཏེས་བོད་པའི་ངོ་བོ་མཚོན་བྱེད་ཙམ་གྱི་དང་བླངས་དཔྱ་ཁྲལ་ལག་དེབ་ལྗང་ཁུའི་ཐད་དཀའ་ངལ་འཕར་མ་ཞིག་སྤྲད་ཡོད་པ་རེད་ལ། ད་ཆ་དེའི་ཐད་བཀའ་ཤག་དང་གྲོས་ཚོགས་ཀྱི་གཞུང་འབྲེལ་མི་སྣ་ཨ་རི་དང་ནུབ་ཕྱོགས་སུ་ཕྱོགས་ཕེབས་གནང་སྐབས་སྙན་བསུན་མི་ཉུང་བ་བཟོ་ཡི་ཡོད་པར་བསྒྲགས།
    དེས་ན་རྒྱ་བོད་འབྲེལ་མོལ་ཐད་བཀའ་ཤག་སྐབས་སྔོན་མ་ཡིན་ནའང་འ྄དྲ་གང་ལྟར་སྲིད་དབང་རྩིས་སྤྲོད་མ་གནང་བར་འབྲས་བུ་སྒོར་ཐིག་ཡིན་པ་མ་ཟད། བོད་ནང་གི་ཛ་དྲག་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ལས་ལས་བཟང་ཕྱོགས་ཀྱི་འགྱུར་བ་སྤུ་ཙམ་ཡང་ཕྱིན་མེད་པ་རེད། དེ་ལྟ་བས་བོད་ཀྱི་སྲིད་སྐྱོང་སེངྒེ་ཚང་གིས༼ཕྱིའི་རྣམ་པ་ལས་ནང་གི་དོང་སྙིང་གལ་ཆེ་༽ཞེས་པའི་གཏམ་བཤད་དེ་རྒྱུ་མཚན་ངེས་ཅན་ལྡན་ཡོད་པ་རེད། ཀྲུང་དབྱང་སྲིད་གཞུང་གིས་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་བོད་ཀྱི་གནད་དོན་བསེལ་འདོད་མེད་པ་མ་ཟད། བོད་ཀྱི་གནད་དོན་ཟེར་བ་ཞིག་གླེང་གི་ཡང་མེད་པས་སྲིད་སྐྱོང་སེངྒེ་ཚང་ཕྱག་སྟོང་སྤྱན་སྟོང་ཡིན་ན་ཡང་ཁག་པོ་བྱས་པ་རེད་ལ། རྫུ་འཕྲུལ་བཏོན་རྒྱུ་ཡོད་ན་ཡང་ཁག་པོ་བྱས་པ་རེད་དོ། རྒྱུ་མཚན། ༧རྒྱལ་བས་ཀྱང་ནི་མི་འགྲུབ་ན། ས྄ེང་གེ་ཚང་གིས་ཅི་ཞིག་འགྲུབ།
    མ་གཞི་ཇོ་སྲས་ལགས་སྲིད་སྐྱོང་ཡིན་དབང་དུ་བཏང་ན་འཇོན་ཐང་ག་རེ་འདོན་རྒྱུ་ཡོད། ཐབས་ལམ་བཟང་བ་དང་འཆར་གཞི་བཟང་བ་འདྲ་ག་རེ་བཏོན་རྒྱུ་ཡོད་དམ། དྲི་བ་འདི་རེད། དེ་ནས་ག་ལེར་གླེང་ཆོག།

    Reply
  8. ཇོ་སྲས། says:
    ལོ་ 11 སྔོན།

    ལ་སོ་འབྲོག་ཕྲུག་བྷེ་ལོ་ལ།

    བསྟོད་ར་གཏོང་གདའ་གཏོང། གཏོང་ཡ་ཡོད་ན་ངས་དང་པོར་བྱས་ནས་གཏོང་ས་རེད། ང་ཚོས་ད་བར་རེ་བ་རྒྱབ། འབུམ་རམས་པ་རེད་ལབ། ཁྲིམས་ལུགས་མཁས་དབང་རེད་ལབ། ཧ་ཝ་ཌའི་ཉམས་ཞིབ་པ་ངོ་ཡིན་ལབ་ན། ལགས་སོ་ལབ་ནས་ད་བར་སླེབས་པ་རེད། ད་ངོ་ནས་ཅིག་ཡིན་པ་ཡིན་ན། དཔོན་གི་ལོང་ན་ར་བ་ཟེར་བ་ལྟར། འཇོན་ན་འཇོན་སར་བཞག་ཡོད་པ་རེད། སུ་གང་འགོག་མཁན་ཡོད་པ་རེད། མ་གཞི་ནས་དང་པོ་ནས་ཁས་བླངས་དམ་བཅས་པ་རེད་ཝ། དམ་བཅའ་བཞག་པ་རྣམས་གྲངས་ཀ་བརྩི་དགོས་ན་གྲངས་ཀྱིས་ཟིན་གི་མ་རེད། ད་རྒྱལ་བ་རིན་པོ་ཆེས་སྲིད་དབང་རྩིས་སྤྲད། ཁོང་ཡར་ཁྲིད་མར་ཁྲིད། བསྟོད་བསྔགས་གནང། ཞེ་དྲག་གཟིགས་གསོལ་གནང་བ་རེད། ཟམ་གདོང་རིན་པོ་ཆེས་དེ་དེ་བཞིན་གནང་བ་རེད། ཐ་ན་དམ་འབུལ་ཉིན་མོར་མཁས་དབང་ཡིན་ན་ཅིག་རེད་གསུངས་པ་རེད། དེ་ཚོ་ཚང་མ་བོད་མི་མང་གི་ཆེད་དུ་བློ་བཟང་སེང་གེར་ག་རེ་ཡོད་མེད་དང་ག་རེ་ཡོད་མེད་ལ་མ་གཟིགས་པར་ཡར་བཞག བསྟོད་བསྔགས་གནང་བ་རེད། ཡར་ལ་ཅུང་ཙམ་འཇོག་དགོས་པ་དེ་ཆོས་ཉིད་ཡིན་ཡང། ཡར་བཞག་པ་དེས་ཡ་གི་སྒང་ནས་གེ་གང་ཡང་མ་འཇོན་ན་ཐབས་སྐྱོ་བོ་དེ་ན་འདུག་ལ།

    ད་བར་བྱས་རྗེས་ཆེན་པོ་གཉིས་ཡོད་པ་ནི། ཁོང་གི་མོ་ཌར་་་གློག་དམར་པོ་་་་ཞིག་ཐབས་ཤེས་བྱས་རེག་པ་རེད།

    གཞན་རྒྱ་གར་གཞུང་ལ་སྙན་ཞུ་ཡང་ཡང་རྒྱབ་པས་་་ཡར་མར་འགྲོ་དུས་སྐུ་སྲུང་་་་ཁ་ཤས་རེག་པ་རེད།

    དེ་ནས་་ཁ་སང་འཇུ་ཆེན་ཐུབ་བསྟན་གྱི་གྲོགས་པོ་་བླ་མ་སི་ཏིས་ཁོང་གི་དགོན་པར་གདན་འདྲེན་ཞུས་པ་རེད།

    དེ་ཚོ་གསུམ་ག་ཁོང་གི་ད་བར་གྱི་བྱས་རྗེས་ཡག་ཤོས་དེ་རེད། དེ་མིན་གེ་གང་ཡང་མཐོང་ཡ་མི་འདུག

    མ་བསྟད་པ་མིན། བསྟོད་ཡ་ཅིག་གེ་མི་འདུག

    Reply
  9. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 11 སྔོན།

    ཇོ་སྲས་ལགས་ཀྱིས་གསུངས་པ་ངོ་མ་ཅིས་མ་བདེན། བདག་ནི་ཁྱོད་དང་ཁྱོད་ལྟ་བུ་རྒྱ་བོད་ལོ་རྒྱུས་དང་། ཆབ་སྲིད། ཁྲིམས་ལུགས་བཅས་ཀྱི་འཕེལ་རིམ་དང་། འགྱུར་ལྡོག སྐབས་བསྟུན་རྩོད་གླེང་སོགས་ཀྱི་སྟེང་ཡོངས་སུ་རྨོངས་ཤིང་མུན་གནས་བྱིས་པ་རྣམས་ཀྱི་ཁྲོད་དུ་མཁས་ཤིང་མཛངས་པ་ཡིན་ཞེས་ཁ་ཕོ་ཆེ་སྐྱོད་ཀྱི་སྒོ་ནས་བརྗོད་ཀྱང་འོས་མེད་མ་མཐོང་མི་སེམས་མོད།
    དཔལ་ལྡན་མཁས་དབང་འབུམ་རོམས་པ་དང་ཁྱད་མཁས་པ་སྲིད་སྐྱོང་མཆོག་ལྟ་བུའི་རྣམས་ཀྱི་དྲུང་དུ་ནི་ཡོངས་སུ་རྨོངས་ཤིང་། རབ་ཏུ་ལྐུགས་པ། ཤིན་ཏུ་འཐོམ་པའི་དབང་གིས། དྲན་དབང་དགེ་ཆོས་ཀྱིས་གསུངས་བསྡོམས་ལྟར། གླེན་པ་ལྕགས་ཀྱིས་བརྡུངས་བ་ན། སུས་འདྲ་ཞིག་གིས་རྒོལ་བ་ནུས། ཞེས་གསུངས་པ་དང་ཡོངས་སུ་མཚུངས་ཡོད་པ་ངོས་འཛིན་བྱེད་བཞིན་ཡོད།

    Reply
  10. མི་རྒོད། says:
    ལོ་ 11 སྔོན།

    ངས་མཆན་འདི་ལ་གུས་བཀུར་ཞུ། དེ་དོན་མེད་དང་ གནད་མེད་ཞིག་མེད་པ ་་་ གནད་ལྡན་དང་དོན་ལ་འབབ་པ་རེད་ཤག།།།།

    ཐེངས་འདིའི་དཔལ་ལྡན་སྲིད་སྐྱོང་མཆོག་གམ་བཀའ་ཤག་གི་གསུང་བཤད་དེ་དོན་དངོས་ཐོག་ཞིབ་འཇུག་དང་དཔྱད་བརྗོད་རང་བཞིན་གྱི་ཁྱད་ཆོས་ལྡན་པ་མ་ཟད། གནད་ལ་འཁེལ་ཞིང་ཕྱི་ནང་གི་གནས་བབ་ལ་གཞིག་པའི་ངེས་པར་དུ་དུས་འཚམ་གྱི་གསུང་བཤད་ཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།
    དཔལ་ལྡན་མཁས་དབང་སྲིད་སྐྱོང་མཆོག་་ནི་འཛམ་གླིང་སྤྱི་དང་། བྱེ་བྲག་ཨེ་ཤེ་ཡེ་གླིང་ཆེན་གྱི་ཁྲོད་དུ་ཆེས་དཀོན་པའི་འཛམ་གླིང་ཁྲིམས་ལུགས་རིག་པ་དང་། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ལ་ཁྱད་ལས་འབུམ་རོམས་པའི་ཕྱག་བཞེས་མཛད་ཅིང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཕོ་འགྱུར་དང་དེང་རབས་ཆབ་སྲིད་རང་བཞིན་གྱི་གོམ་འགྲོས་དང་རྗེས་ཟིན་པའི་སྒོ་ནས་བོད་ཀྱི་ཆབ་སྲིད་ཀྱི་དབུ་འཁྲིད་དུ་ཕེབས་པ་ནི་བོད་དམངས་ཀྱི་གཟི་བརྗིད་དང་། སྤོབས་པ། དགའ་མགུ་ཡི་རངས་བྱ་འོས་ཀྱི་གནས་ལས་མ་འདས་པས། ང་ཚོ་ནམ་ཡང་ཁྱོད་ཀྱི་རྒྱབ་ནས་འདེགས་ཤིང་མདུན་ནས་བཀུར་བར་བྱའོ། །

    Reply
  11. ཇོ་སྲས། says:
    ལོ་ 11 སྔོན།

    འབྲོག་ཕྲུག་བྷེ་ལོ་ཟེར་བ་འདི་ཡིག་རྨོངས་པའི་ནང་གི་མཁས་མདོག་ཁ་པོ་དེ་འདྲ་ཡིན་ས་རེད་ལ། ད་དུང་རྐུབ་ལྡགས་རྐྱང་བྱེད་མཁན་དེ་འདྲ་ཡིན་པ་ད་བལྟས་ན་ཤེས་ཀྱི་འདུག

    ཁྱེད་ཀྱིས་བསྟོད་བསྔགས་བཏང་མ་བཏང་ཡོད་པ་མ་རེད། ད་བར་དུ་བསྟོད་བསྔགས་བཏང་བ་རེད། ང་ཚོས་འོས་ཤོག་བླུགས་པ་རེད། ད་ལོ་གསུམ་ཚང་ལ་ཉེ། གྲུབ་འབྲས་སྣེ་གཅིག་བསྟན་རྒྱུ་མེད་པ་མ་ཤེས་སམ།

    དཔེར་ན།
    ༡ སྐྱབས་བཅོལ་ལག་དེབ་ ཨར་སེ་་་ལོ་ལྔ་བྱས་པ་དེ་བཀའ་ཤག་སྐབས་སྔོན་མའི་ཕྱག་ལས་གནང་ཟིན་པ་རེད། གྲུབ་འབྲས་ད་ལྟ་སྨིན་པ་ཙམ་རེད།

    ༢ བོད་སློབ་འཛིན་ཚོགས་རྩིས་ལེན་བྱེད་པ་དེའང་བཀའ་ཤག་སྐབས་སྔོན་མའི་དུས་རེད། སྲིད་སྐྱོང་བློ་སེང་གིས་ཡོངས་བསྒྲགས་བྱས་པ་རེད། ཤོབ་གཏམ་བཤད་པ་རེད། ཡིན་ནའང། ད་ལྟ་རྩིས་སྤྲོད་གནང་གི་ཡོད་པ་མ་རེད། དེ་ཁྱེད་ཀྱིས་ཤེས་སམ།

    ༣ ཕྱི་རྒྱལ་ལ་མང་པོ་སོང་བ་རེད། སོང་ནས་གྲོས་ཆོད་ཁ་ཤས་ཤིག་ཐོབ་པ་དེ་རེད། དེས་ཅི་ཕན།

    ༤ ཚོགས་འདུ་མང་པོ་འཚོགས་པ་རེད། པེད་ཤག་ འབུམ ༣༥༧ ལྷག་འགྲོ་སོང་བཏང་བ་རེད། ཁུ་སིམ་མེ་རེད་མ་གཏོགས། བསྟན་ཡ་གཅིག་ཀྱང་མེད་པ་དེ་རེད།

    ༥ ཁོ་དང་བཀའ་བློན་ཚོ་ཕྱི་རྒྱལ་ལ་སོང་ནས་ད་བར་ཤེས་ཚོད་བྱས་ན་་་ཨ་སྒོར་འབུམ ༡༢ བཏང་ཟིན་འདུག ག་རེ་ཡོད་པ་རེད།

    ༦ ཤེས་ཡོན་གང་མིན་ཚད་གལ་ཆེན་ཡིན་ཟེར། ཁོ་རང་གི་བོད་ཡིག་ཀློག་སྟངས་ལ་བལྟས་ན། ཁ་རྩང་ནོ་ཝེ་ཞི་བདེའི་གཏམ་བཤད་སྐྱོར་དུས་ཚིག་མཚམས་གཅོད་ཕྱོགས་ཤེས་ཀྱི་མེད་པ་རང་འཇགས་རེད། ཞབས་འདྲེན་རེད། ཤེས་ཡོན་སྲིད་བྱུས་ལ་ག་རེ་བྱས་སོང། བོད་ཕྱི་ནང་གི་མཁས་པ་ཚོས་དགག་པ་རྒྱབ་སོང་མ་གཏོགས། བོད་མི་ཕྱེད་ཀ་་་་དོན་དག་མེད་མཁན་གསོ་སྐྱོང་བྱེད་མཁན་དེ་འདྲ། པེད་ཤག་ཡོད་ན་འཆོང་རྐྱང་བྱེད་མཁན་དེ་འདྲ་ཡིན་པ་ཐག་ཆོད་རེད།

    ༧ གཞིས་ཆགས་ཁག་ལ་སོང་བ་རེད། ག་རེ་ལབ་ཀྱི་འདུག ཐ་ན་དབུ་མའི་ལམ་ཡག་པོ་ཞིག་འགྲེལ་བཤད་གནང་ཤེས་ཀྱི་མི་འདུག དེའི་ཁར་གཞིས་ཆགས་མི་མང་ལ་མཐོང་ཆུང་བཏང་ནས། མ་འོངས་པར་ཨ་རིའི་གྲོས་ཚོགས་ནས་ཆོག་མཆན་ཐོབ་ན་ཁྱོད་ཚོ་ཨ་རིང་བཏང་གི་ཡིན་ཟེར། མ་བཏང་ན་ང་ལ་སྙན་ཞུ་ཕུལ་ཞོག་ཨ་ཟེར། དེ་མགོ་ཁྲིད་ཅིག་བྱེད་སྟངས་རེད་དམ། ཁ་སྟབས་འདི་ལས་མེད་ན་ཅི་བྱ།

    ༨ གྲོས་ཚོགས་ནང་དུ་ཕེབས་ན་སྔོན་རྩིས་སོགས་ཀྱི་སྐོར་ལ་ཚིག་གཅིག་གསུང་ཡ་མེད།

    ༩ འབྲེལ་མོལ་སྐོར་དྲི་བ་བཏང་ཡང་ལན་ཚིག་གཅིག་མེད། ཡར་བསྐོར་མར་བསྐོར་མི་ཚང་མ་ཉོབ་ཡོད་པ་མ་ཤེས་སམ།

    ༡༠ ཁོང་ཕྱི་རྒྱལ་ལ་འགྲོ་དུས་ཕ་ཡུལ་གཅིག་པ་ཚོར་ལྐོག་ནས་བཀའ་བཀོད་བཏང་ནས། མོ་ཌ་རྫིག་པོ་བཏང་ནས་བསུ་གི་ཤོག་ཟེར། ནང་ན་ལྗིད་ཁོག་མེད་ན་སུས་བརྩི་བཀུར་བྱེད་ཀྱི་རེད།

    ད་དུང་ཧམ་པ་ཚ་ཙང། ཕྱིའི་རྣམ་པ་ལས་ནང་གི་དོན་དག་གལ་ཆེན་ཡིན་ཟེར། ཁྱེད་ནས་ཧ་གོ་མེད་དམ། ངོ་ནས་ཞུས་ཡིན། ང་ད་ནི་ཐང་ཆད་སོང། ཁོང་མགྱོགས་པོར་ལོ་ལྔ་རྫོགས་སོང་ན་སེམས་སྐྱིད་པོ་འདུག དེ་མིན་བོད་མི་རིགས་ཀྱི་གནས་བབ་ཇེ་སྡུག་ཇེ་སྡུག་ལ་འགྲོ་ས་རེད།།

    དཀོན་མཆོག་མཁྱེན།།

    Reply
  12. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 11 སྔོན།

    ཐེངས་འདིའི་དཔལ་ལྡན་སྲིད་སྐྱོང་མཆོག་གམ་བཀའ་ཤག་གི་གསུང་བཤད་དེ་དོན་དངོས་ཐོག་ཞིབ་འཇུག་དང་དཔྱད་བརྗོད་རང་བཞིན་གྱི་ཁྱད་ཆོས་ལྡན་པ་མ་ཟད། གནད་ལ་འཁེལ་ཞིང་ཕྱི་ནང་གི་གནས་བབ་ལ་གཞིག་པའི་ངེས་པར་དུ་དུས་འཚམ་གྱི་གསུང་བཤད་ཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།
    དཔལ་ལྡན་མཁས་དབང་སྲིད་སྐྱོང་མཆོག་་ནི་འཛམ་གླིང་སྤྱི་དང་། བྱེ་བྲག་ཨེ་ཤེ་ཡེ་གླིང་ཆེན་གྱི་ཁྲོད་དུ་ཆེས་དཀོན་པའི་འཛམ་གླིང་ཁྲིམས་ལུགས་རིག་པ་དང་། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ལ་ཁྱད་ལས་འབུམ་རོམས་པའི་ཕྱག་བཞེས་མཛད་ཅིང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཕོ་འགྱུར་དང་དེང་རབས་ཆབ་སྲིད་རང་བཞིན་གྱི་གོམ་འགྲོས་དང་རྗེས་ཟིན་པའི་སྒོ་ནས་བོད་ཀྱི་ཆབ་སྲིད་ཀྱི་དབུ་འཁྲིད་དུ་ཕེབས་པ་ནི་བོད་དམངས་ཀྱི་གཟི་བརྗིད་དང་། སྤོབས་པ། དགའ་མགུ་ཡི་རངས་བྱ་འོས་ཀྱི་གནས་ལས་མ་འདས་པས། ང་ཚོ་ནམ་ཡང་ཁྱོད་ཀྱི་རྒྱབ་ནས་འདེགས་ཤིང་མདུན་ནས་བཀུར་བར་བྱའོ། །

    Reply
  13. གནས་ཚང་། says:
    ལོ་ 11 སྔོན།

    ཡ་མཚན། དཀོན་མཆོག་གསུམ་ལྷ་མ་ཡིན་པར་ཐལ། དེ་ལ་སྐྱབས་སུ་འགྲོ་མཁན་ཚོ་ལྷ་མེད་སྨྲ་བ་ཡིན་པའི་ཕྱིར། དེར་ཐལ། དེའི་ཕྱིར། ཚ། བྲོས་བྱོལ་སྤྱི་འཐུས་ཚོགས་པ་ནང་བ་མ་ཡིན་པར་ཕྱི་རོལ་བ་ཡིན་པར་ཐལ།

    Reply
  14. ཇོ་སྲས། says:
    ལོ་ 11 སྔོན།

    ཡང་བཀའ་ཤག་གི་གཏམ་བཤད་དེ་བཀའ་ཤག་ལྷན་རྒྱས་ནས་གྲོས་བསྡུར་མ་བྱས་པར་སྲིད་སྐྱོང་གིས་སྒེར་གཅོད་བྱས་པ་འདྲ། སྤྱིར་སྒེར་གཅོད་བྱེད་པ་ཁོ་རང་གི་གཤིས་ཀ་ཡིན་ཡང། དེ་རིང་ཞབས་འདྲེན་ཞུས་འདུག

    གཏམ་བཤད་ནང་་༼ ཞིང་ཆེན་ཁག་ནང་དུམ་བུ་མང་པོར་བཏང་བ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་སུ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་གསལ་བ་དང་ནང་འགལ་ཆགས་ཡོད། ༽འདི་ཟེར།

    ནང་འགལ་ཆགས་ཡོད་ཅེས་རྫིག་གཏམ་བཤད་ནས་ཅི་ཕན། ཅི་ལྟར་ནང་འགལ་ཆགས་ཡོད་མེད་ཤེས་པའི་ཐོག་ནས་རེ་རེ་བཞིན་ཐེར་འདོན་གནང་བ་ཡིན་ན། རྒྱས་ཉན་གི་རེད་ལ། གཏམ་བཤད་ལ་ལྗིད་ཁོག་ཡང་ཡོད་པ་རེད། དེ་མིན་ཟེར་རྗེས་འབྲངས་ནས་ཁུངས་ག་ནས་འཁྱོལ། མི་རྗེ་སྲིད་སྐྱོང་མཆོག ད་དངོས་གནས་ཁྱེད་ཀྱིས་ངའི་རེ་བ་ཚང་མ་བརླག་གི་འཇུག་ས་རེད། དེ་སྔ་ཁྱེད་ལ་རེ་བ་ཆེན་པོ་བྱས་ཏེ་འོས་ཤོག་འཕངས་ཤིང། མི་མང་པོར་འབོད་སྐུལ་བྱས། རྒྱབ་སྐྱོར་རྩོམ་ཡིག་བྲིས། གང་མིན་ཚད་བྱས་པ་ཡིན། ད་ཁྱེད་ལ་དངོས་གནས་སྟོན་ཡ་གེ་མི་འདུག་གཱ བླ་མ་མཁྱེན།།

    Reply
  15. བློ་བཟང་མདོ་སྔགས། says:
    ལོ་ 11 སྔོན།

    “ཏཱ་ལའི་བླ་མ་དང་བོད་བརྒྱུད་ནང་བསྟན་བར་གྱི་འབྲེལ་བའི་སྐོར་ལྷ་མེད་སྨྲ་བ་ཚོར་བཤད་དབང་མེད།”
    ངས་འདི་ནས་གློ་བུར་དུ་བོད་ཀྱི་གཏན་དཔེ་ཞིག་དྲན་སོང་། “བསྟོད་མི་ཤེས་མཁན་ཞིག་གིས་བསྟོད་པ་བྱེད་པ་ལས། སྨད་མི་ཤེས་མཁན་ཞིག་གིས་སྨད་ན་དགའ།” ཞེས་པ་དེ་དྲན་དུ་བཅུག་སོང་།

    Reply
  16. TenzingPuntsok says:
    ལོ་ 11 སྔོན།

    ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མགོན་དཔུང་འཇིག་རྟེན་ཞི་བདེ་དེད་དཔོན། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་ཐམས་ཅད་མཁྱེན་ཅང་གཟིགས་པ་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་གཟེངས་རྟགས་བཞེས་ཏེ་ལོ་ངོ་ཉེར་བཞི་འཁོར་བའི་བཀྲ་ཤི་བདེ་ལེགས་ཞུ་བ་དང་ཆབ་ཅིག་ཁྱེད་ཀྱི་བཞེད་དགོངས་ཐམས་ཅད་འགྲུབ་ཅིང་འཛམ་གླིང་ཁྱོན་ཀུན་ཞི་བདེ་འོད་སྣང་གིས་ཁྱབ་གྱུར་ཅིག

    Reply
  17. བཀྲ་ཤིས། says:
    ལོ་ 11 སྔོན།

    བཀའ་ཤག་སྔོན་མའི་སྐབས་ལ་གཞུང་འབྲེལ་ཡིག་ཆ་དང་གསུང་འཕྲིན་ཁག་ཀློག་སྐབས་བློ་སྐྱེད་ཆེན་པོ་བསྟེར་ཐུབ་ཀྱང་ད་ལྟའི་བཀའ་ཤག་གི་གསུང་འཕྲིན་ཁག་ཀློག་རྒྱུར་དྭངས་འདོད་དང་སྤྲོ་བ་གང་ཡང་བསླེབས་མ་སོང་ངོ།།།

    Reply
  18. ཉི་མ་འོད་ཟེར། says:
    ལོ་ 11 སྔོན།

    ༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་ཅང་གཟིགས་པ་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་ནོ་སྦེལ་གཟེངས་རྟགས་བཞེས་ཏེ་ལོ་ངོ་ 24 ་ཙམ་འཁོར་བར་བཀྲ་ཤིས་བདེ་ལེགས་ཀྱིས་བདེན་འབྲེལ་གྲངས་མེད་ཞུ་བ་དང་འབྲེལ་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ལ་ལན་འདེབས་གནང་བ་དེ་ཐུགས་ཆེ་ཆེ་མི་ཞུ་ཐབས་མེད་ཡིན་ཡང་ལུང་དང་རིག་པའི་སྒྲུབ་པའི་ལན་འདེབས་ཤིག་ཆགས་མེད་པར་གཞུང་འབྲེལ་ལྟ་བུའི་ལན་འདེབས་སྦམ་པོ་ཞིག་བྱས་འདུག་པ་དེ་འདོད་པ་ཁེངས་པ་ཞགི་བྱུང་མ་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese