ཨ་རིའི་ནེའུ་ཡོག་ཏུ་ཡོད་པའི་རྒྱ་གར་གཞུང་ཚབ་ཡན་ལག་དང་ཨ་རིའི་གཞུང་བར་འགལ་བ་ཞིག་བྱུང་བ་དང་བསྟུན་ཏེ། ལྡི་ལིར་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་ལའང་རྒྱ་གར་གཞུང་གིས་རྣམ་འགྱུར་མི་ལེགས་པ་བསྟན་ཡོད་འདུག
ཁ་སང་ཕྱི་ཚེས་ ༡༧ ཉིན་རྒྱ་གར་གཞུང་གིས་བཀའ་ཁྱབ་བཏང་སྟེ་ལྡི་ལིར་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་མཐའ་འཁོར་གྱི་ཨར་འདམ་སྲུང་སྐྱོབ་ར་བ་ཁག་ཕྱིར་བསྡུ་དང་། རྒྱ་གར་གཞུང་གིས་སྤྲད་པའི་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་ཚོའི་ཐོབ་ཐང་ཁག་ཀྱང་ཕྱིར་བསྡུ་བྱས་ཡོད་འདུག དེ་ནི་ཟླ་འདིའི་ཚེས་ ༡༢ ཉིན། ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ཉེན་རྟོག་པས་ནེའུ་ཡོག་ཏུ་ཡོད་པའི་རྒྱ་གར་གཞུང་ཚབ་ཡན་ལག་ཁང་གི་སྐུ་ཚབ་གཞོན་པ་ལྕམ་ལྡེ་བེ་ཡྰ་ནེ་ (Devyani Khobragade) ཟེར་བས་ཨ་རིའི་ཐོངས་མཆན་དང་ཡིག་ཆ་རྫུན་བཟོ་བྱས་ཏེ། ཁོ་མོའི་བྱིས་པ་གཉོར་མཁཉ་བུད་མེད་སང་གྷེ་ཌ་ (Sangeeta Richard)ཟེར་བ་ཨ་རིར་འཐེན་པ་དང་། བུད་མེད་དེར་གླ་ཆ་དམའ་བོ་སྤྲད་པ་སོགས་ཀྱི་ཉེས་དོན་འོག་འཛིན་བཟུང་གིས་འདྲི་གཅོད་བྱས་ཡོད་པ་དང་། རྗེས་སུ་རྒྱ་གར་གཞུང་ཚབ་ཁང་གིས་འགན་ལེན་འོག་ཨ་སྒོར་ ༢༥༠༠༠༠ ཙམ་སྤྲད་དེ་ཀློད་གྲོལ་བཏང་ཡོད་པ་དེར་འཁོན་ལན་སློག་པ་ཞིག་ཡིན་འདུག
ལྕམ་ལྡེ་བེ་ཡྰ་ནེ་ཡིས་ཨ་རིའི་གཞུང་གིས་ཁོ་མོར་ཐོངས་མཆན་དང་ཡིག་ཆ་རྫུན་བཟོ་བྱས་ཡོད་པའི་ཉེས་འཛུགས་ལ་ངོས་ལེན་བྱས་མེད་པ་མ་ཟད། ཁོ་མོའི་བྱིས་གཉོར་མཁན་ལའང་གླ་ཆ་འདང་ངེས་སྤྲད་ཡོད་སྐོར་གསར་འགོད་པར་ བརྗོད་ཡོད་ཀྱང་། ༢༠༡༡ ལོར་བྱིས་གཉོར་མཁན་གྱིས་ལྕམ་ལྡེ་བེ་ཡྰ་ནེ་ཡིས་ཁོ་མོར་ཨ་རིའི་ཐོངས་མཆན་གྱི་ཆ་རྐྱེན་ནང་གཏན་འབེབས་བྱས་པའི་གླ་ཆ་ལས་ཉུང་བ་སྤྲད་པའི་ཞུ་གཏུག་བྱས་ཡོད་འདུག
ཨ་རིའི་གཞུང་གི་མགྲིན་ཚབ་པ་གཞོན་པ་ལྕམ་ཧེད་ཧྥ་(Marie Harf)ཡིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ལྕམ་ལྡེ་བེ་ཡྰ་ནེ་ནི་རྒྱ་གར་གཞུང་ཚབ་མི་སྣ་ངོ་མ་ཞིག་མིན་པ་དང་། ཁོ་མོ་ཁྲིམས་ལུགས་ལྟར་འཛིན་བཟུང་བྱས་པ་ཞིག་ཡིན་སྟབས་ཁྲིམས་ལུགས་ཀྱི་བརྒྱུད་རམ་ཆ་ཚང་འགྲོ་དགོས་སྐོར་བརྗོད་ཡོད་པ་དང་། གནད་དོན་དེའི་ཆེད་ཨ་རིའི་གཞུང་འབྲེལ་སྐུ་ཚབ་མི་སྣ་ཁག་ཅིག་རྒྱལ་ས་ལྡི་ལིར་འབྱོར་བར། རྒྱ་གར་ནང་སྲིད་བློན་ཆེན་དང་ཕྱི་སྲིད་བློན་ཆེན། གྲོས་ཚོགས་འོག་མའི་ཚོགས་གཙོ་བཅས་ཀྱིས་ཨ་རིའི་གཞུང་འབྲེལ་སྐུ་ཚབ་མི་སྣར་ཐུག་འཕྲད་ཀྱི་ཁས་ལེན་མ་བྱས་པར་ཨ་རིའི་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག
རྒྱ་གར་གསར་ལམ་ཁག་ཏུ་ཨ་རིའི་གཞུང་ཚབ་ཁང་དུ་མཚན་མཐུན་གཉེན་སྒྲིག་བྱས་པའི་ལས་བྱེད་ཡོད་པ་དེ་ནི་རྒྱ་གར་གྱི་རྩ་ཁྲིམས་ལ་འགལ་ཡོད་སྟབས། རྒྱ་གར་གཞུང་གིས་བཀའ་རྒྱ་བཏང་སྟེ་འཛིན་བཟུང་བྱེད་དགོས་པའི་གླེང་སློང་ཡོང་བཞིན་ཡོད་ཅིང་། གནད་དོན་དབྱེ་ཞིབ་པ་ཚོས། གལ་སྲིད་ལྕམ་ལྡེ་བེ་ཡྰ་ནེ་ཡིས་ཐོངས་མཆན་དང་ཡིག་ཆ་རྫུན་བཟོ་བྱས་པའི་ཉེས་པ་ར་འཕྲོད་བྱུང་ཚེ། ཨ་རིའི་རྩ་ཁྲིམས་གཞིར་བཟུང་ཁོ་མོར་ལོ་ ༡༥ ཁྲིམས་ཐག་གཅོད་རྒྱུ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག
གསར་འགོད་པ། ལྷ་སྐྱབས་རྒྱལ།