མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་མཐའ་ནས་མི་ཚེ་རྒས་པའི་རྒན་པོ་ཁག་ཅིག་དང་ཁ་བརྡ་བྱས།

བོད་ཀྱི་དུས་བབ།
༢༠༡༣/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་མི་མང་བཅིངས་གྲོལ་དམག་ཟེར་བས་བོད་ཁམས་ཡོངས་ལ་བཙན་འཛུལ་བྱས་ཏེ། ༧གོང་ས་མཆོག་གིས་གཙོས་བོད་མི་ ༨༠༠༠༠ ལྷག་རྒྱ་བལ་འབྲུག་གསུམ་ནང་སྐྱབས་བཅོལ་དུ་འབྱོར་ཞིང་། བཙན་བྱོལ་ནང་བོད་མི་ཚོས་རང་གིས་འཚོ་གནས་ཆེད་ཞིང་ལས་དང་ལམ་བཟོ། རུམ་འཐག་དང་ཚོང་ལས་ཙག་ཙིག་གཉེར་བ་སོགས་དཀའ་སྡུག་དུ་མར་གདོང་ལེན་བྱས་ཡོད་པ་མ་ཟད། སྐད་ཡིག་དང་ཡུལ་སྲོལ། བཟའ་ཆས་དང་ས་ཆུ་མ་འཕྲོད་པ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ཡོད་པ་སྨྲོས་ལ་དགོས།
    བོད་མི་ཚོ་བཙན་བྱོལ་དུ་འབྱོར་བ་དང་མཉམ་དུ་བོད་མི་མང་པོ་ཞིག་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་འགྲོ་རྒྱུའི་གོ་སྐབས་ཐོབ་ཡོད། དེ་ཡང། ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་སྐབས་དེའི་བོད་གཞུང་དོན་གཅོད་ཁང་དང་། བཞུགས་སྒར་ངྷ་རམ་ས་ལར་རྟེན་གཞི་བྱས་པའི་བོད་གཞུང་ནང་སྲིད་ལས་ཁུངས་གཉིས་མཉམ་འབྲེལ་ཐོག་ ༡༩༦༧ ལོར་མི་ ༦ དང་། ༡༩༦༩ ལོར་མི་ ༢༡ བཅས་ཁྱོན་མི་ ༢༧ ཙམ་ཨ་རིའི་བྱང་ཤར་མངའ་སྡེ་མེན་(Maine)ནང་ཤིང་ནགས་ཀྱི་ལས་ཀ་བྱེད་བར་བཏང་ཡོད་ཅིང་། ཁོང་ཅག་ནི་ཧ་ལམ་ཨ་རིའི་ནང་ངལ་རྩོལ་བྱེད་དུ་འགྲོ་མཁན་བོད་མི་ཐོག་མའི་གྲས་ཡིན་འདུག
     སྐབས་དེར་ཨ་རི་དང་ཝེ་ཐི་ནམ་དམག་འཁྲུག་རྒྱག་བཞིན་པའི་སྐབས་དང་འཁེལ་ཡོད་ཅིང་། རྒྱལ་ཁབ་ནང་ཁུལ་དུའང་ཕོ་མོ་འདྲ་མཉམ་དང་མི་རིགས་དབྱེ་འབྱེད་འཐབ་རྩོད། ད་དུང་གཞུང་དང་དམག་འཁྲུག་ལ་ངོ་རྒོལ་གྱི་ཆབ་སྲིད་ལས་འགུལ་སྣ་ཚོགས་ཤིག་སྤེལ་བཞིན་ཡོད་སྟབས། ཨ་རིའི་ནང་ལས་ཀ་བྱེད་མཁན་མ་འདང་བའི་དཀའ་ངལ་དང་། ལྷག་པར་དུ་ལུས་ཤུགས་ངལ་རྩོལ་བྱེད་མཁན་དགོས་མཁོ་ཆེ་སྟབས། རྒྱལ་ཁབ་གཞན་ནས་ལས་ཀ་བྱེད་མཁན་འབོར་ཆེན་ཨ་རིར་ལས་ཀ་བྱེད་དུ་ཡོང་རྒྱུའི་གོ་སྐབས་རག་ཡོད་འདུག
    ལོ་ངོ་ ༤༠ ལྷག་གི་སྔོན་ལ་ཨ་རིར་འབྱོར་བའི་བོད་མི་དེ་དག་དེང་སྐབས་ཨ་རིའི་ས་གནས་ཁག་མང་པོ་ཞིག་ཏུ་གནས་སྡོད་བྱས་ཡོད་ཅིང་། ཨ་རིར་ཐོག་མ་འབྱོར་སྐབས་སྐད་ཡིག་དང་དཔལ་འབྱོར། ཡུལ་ཁྲིམས་སོགས་ཀྱི་ཐོག་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཡོད་པ་གདོན་མི་ཟ་ཡང་། ཁོང་ཅག་གིས་བརྗོད་པ་ལྟར་ན། རྒྱ་བལ་འབྲུག་གསུམ་ཁུལ་དུ་གནས་སྡོད་བྱེད་མཁན་སྐྱབས་བཅོལ་བོད་མི་ཚོ་དང་བསྡུར་ན་དཀའ་ངལ་དེ་ཙམ་འཕྲད་མེད་པ་དང་། ལྷག་པར་དུ་བོད་ནང་ ༡༩༥༨ ལོ་ནས་མགོ་བཙུགས་པའི་མཆོངས་སྐྱོད་ཆེན་མོའི་མནར་གཅོད་དང་། ༡༩༦༦ ལོ་ནས་ ༡༩༧༦ ལོའི་བར་གྱི་རིག་གནས་གསར་བརྗེའི་མུ་གེ་སོགས་བརྒྱུད་མྱོང་མཁན་དག་དང་བསྡུར་ན་ཁོང་ཅག་ནི་ཧ་ཅང་ལས་བསོད་ཆེན་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཟེར།
     ལོ་རབས་དྲུག་བཅུའི་ནང་ཨ་རིར་འབྱོར་བའི་བོད་མི་དེ་དག་གིས་ཕྱི་ནང་གི་དཀའ་ངལ་མང་པོར་གདོང་ལེན་བྱས་ཏེ་སོ་སོའི་བུ་ཕྲུག་ལ་ཤེས་ཡོན་སློབ་གསོ་ཡག་པོ་སྤྲད་ཡོད་ཅིང་། དེང་སང་ཨ་རིའི་དབུས་གཞུང་དང་མངའ་སྡེ་གཞུང་གི་ལས་ཁུངས་ཆེ་ཁག་གི་ལས་བྱེད་དང་། སྨན་ཁང་ཆེ་ཁག་གི་ཨམ་རྗེ། དངུལ་ཁང་གི་ལས་བྱེད། དེ་བཞིན། རྩེད་རིགས་དང་གློག་ཀླད་ཆེད་ལས་པ་སོགས་ཀྱི་ཕྱག་ལས་གནང་མཁན་ཡོད་པ་དང་། གསར་འགོད་པས་དྲུག་ཅུ་རེ་གྲངས་ནང་གཞུང་འབྲེལ་ཐོག་ཨ་རིར་ལས་ཀ་བྱེད་དུ་ཡོང་སྟེ་དེང་སྐབས་ཨ་རིའི་ནུབ་བྱང་མང་སྡེ་འོར་རྒན་དང་། ཝ་ཞིན་ཊོན་མངའ་ཁུལ་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་རྒན་རབས་པ་ཁག་ཅིག་ལ་ཁོང་ཅག་གི་འདས་དོན་སྐོར་ལ་གླེང་མོལ་བྱས་ཡོད།
  ཨ་རིར་ལས་ཀ་བྱེད་དུ་འགྲོ་རྒྱུའི་འཆར་གཞི་དེའི་ཐོག་མའི་བྱུང་སྟངས་སྐོར་ལ། ཕ་ཡུལ་འཕན་པོ་དང་ད་ལྟ་དགུང་ལོ་ ༧༠ ཡིན་པའི་སྐུ་ཞབས་འཕྲིན་ལས་ཆོས་རྒྱལ་ལགས་དང་གླེང་མོལ་བྱེད་སྐབས་ཁོང་གིས། “ ང་སྐབས་དེར་ཤེས་རིག་ལས་ཁུངས་ནང་ལས་ཀ་བྱེད་ཀྱི་ཡོད། ཉིན་ཞིག་ནང་སྲིད་ལས་ཁུངས་ཀྱིས་བོད་མི་ཁ་ཤས་ཨ་རིར་ལས་ཀ་བྱེད་དུ་གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་ཞིག་སྤེལ་འདུག་པ་མཐོང་ནས་ཐོ་འགོད་བྱས་པ་ཡིན། དེ་དུས་ང་ཚོར་ཡིག་ཆ་དེ་འདྲ་དམིགས་བསལ་གང་ཡང་ཡོད་པ་མ་རེད། ཡིག་ཆ་དགོས་མཁོ་དེ་ཙམ་མེད་པ་འདྲ། འདེམས་སྟངས་ཀྱི་ཆ་ནས་ཀྱང་ཞིབ་ཚགས་དེ་འདྲ་ཡོད་པ་མ་རེད། མ་གཞི་སྐབས་དེར་ཨ་རིར་འགྲོ་རྒྱུར་རྔམ་སྐྲག་གང་ཡང་ཡོད་པ་མ་རེད། མི་ཁ་ཤས་ཀྱིས་ད་དུང་འགྲོ་རྒྱུ་མེད། ཕར་སླེབས་ན་དམག་རྒྱག་སར་གཏོང་གི་རེད་ཟེར་ནས་ཞེད་སྣང་བྱེད་ཀྱི་འདུག གང་ལྟར་མཐའ་མ་དེར་ཨ་རི་བ་མི་གཅིག་དང་རྒྱ་གར་ཤིང་ནགས་ཚན་པའི་མི་གཅིག་བསླེབས་ཏེ། ང་ཚོས་དབྱིན་སྐད་ཤེས་མིན་དང་ཕར་སླེབས་ན་ལས་ཀར་ཧུར་ཐག་བྱེད་དགོས་པ། ང་ཚོ་ཕར་ཕྱིན་ནས་ཡག་པོ་ཆགས་པ་ཡིན་ན་རྗེས་མ་བསྐྱར་དུ་ལས་ཀ་བྱེེད་མཁན་མང་ཙམ་ལེན་འཆར་ཡོད་པ་སོགས་བཤད་སོང་། མཐའ་མ་དེར་ཐོ་འགོད་བྱས་ཡོད་པའི་མི་ ༡༢ ལས་མི་ ༦ བདམས་པ་རེད། དེ་ནས་ནེའུ་ཡོག་དོན་གཅོད་ཁང་གི་ལས་བྱེད་ཕུན་རྡོར་ལགས་ཟེར་བ་ཞིག་གིས་ང་ཚོར་ཡིག་ཆ་དང་ཕར་ཚུར་ཚང་མར་རོཊ་པ་བྱས་སོང” ཞེས་བརྗོད་བྱུང་།
        ཁོ་ཚོ་ཨ་རིར་འབྱོར་རྗེས་བོད་དོན་ཁྱབ་བསྒྲགས་སོགས་ཀྱི་ལས་འགུལ་རིགས་སྤེལ་ཐུབ་ཡོད་མེད་སྐོར་ལ། ཕ་ཡུལ་གནམ་རུ་དང་ད་ལྟ་དགུང་ལོ་ ༦༩ ཡིན་པའི་སྐུ་ཞབས་རིན་ཆེན་ཚོགས་གཉིས་ལགས་ཀྱིས་བརྗོད་དོན། “ ང་ཚོ་ཐོག་མ་ཨ་རིར་འབྱོར་མ་ཐག་ནས་སྡོད་ས་དང་ལས་ཀ་བྱེད་ས་ཤིང་ནགས་ནང་རེད། ཕྱི་ལོགས་ཀྱི་གནས་ཚུལ་གང་ཡང་ཧ་གོ་ཐུབ་ཀྱི་ཡོད་པ་མ་རེད། ང་ཚོར་རྒྱུན་རིང་པོར་ལས་འགུལ་སྤེལ་ས་དང་སྐད་འབོད་རྒྱག་ས་ཡོད་པ་མ་རེད། ལོ་གཉིས་རྗེས་ཤིང་ལས་པ་རིམ་པ་གཉིས་པ་འབྱོར་སོང་། དེ་ནས་ང་ཚོ་མཚམས་རེར་བོད་པའི་དུས་ཆེན་ཁག་ཏུ་བསང་གསོལ་སོགས་ལ་འདུ་འཛོམས་བྱས་རྒྱུ་བྱུང་བ་རེད། ཆབ་སྲིད་ལས་འགུལ་དེ་འདྲ་དམིགས་བསལ་སྤེལ་ཐུབ་མེད་ཀྱང་། ང་ཚོ་ཚང་མས་དང་བླངས་ཐོག་ནས་མི་རེ་ནས་བདུན་ཕྲག་རེར་ཨ་སྒོར་གཅིག་རེ་བསྡུས་ཏེ་ཕར་རྒྱ་གར་ལ་བཏང་བ་ཡིན། ཡང་བར་སྐབས་ཤིག་ལ་ལྡི་ལིའི་བོད་ཁང་རྒྱག་གི་ཡོད་པ་ཐོས་ཏེ་ང་ཚོ་ཚང་མ་རུབ་རུབ་བྱས་ཏེ་རོགས་དངུལ་ཞིག་བཏང་བ་ཡིན” ཞེས་བརྗོད་བྱུང་།
ཨ་རིར་ཐོག་མ་འབྱོར་སྐབས་ཀྱི་མྱོང་ཚོར་སྐོར་ལ། ཕ་ཡུལ་འབྲི་གུང་དང་ད་ལྟ་དགུང་ལོ་ ༧༨ ཡིན་པའི་སྐུ་ཞབས་བརྩོན་འགྲུས་ཀུན་དགའ་ལགས་ཀྱིས་བརྗོད་དོན། “ ང་ཚོ་དང་པོ་འདིར་འབྱོར་བ་དང་ཐད་ཀར་ཤིང་ནགས་ནང་བཏང་ཡོད་སྟབས། ང་ཚོར་ཤིང་ནགས་མ་གཏོགས་མཐོང་རྒྱུ་ཡོད་པ་མ་རེད། ལས་ཀ་ཡང་བྲེལ་བ་ཞེ་དྲག་རེད། ལུང་པ་དེར་སྐྱིད་པོ་ཁྱོན་ནས་མི་འདུག ལོ་གཉིས་གསུམ་རྗེས་ཕྱིར་རྒྱ་གར་དུ་ལོག་དགོས་དྲན་བསྡད་ཡོད་པ་རེད” ཅེས་བརྗོད་བྱུང་། རིན་ཆེན་ཚོགས་གཉིས་ལགས་ཀྱིས་དེའི་སྐོར་ལ། “ ཐོག་མའི་དཀའ་ངལ་དེ་ང་ཚོ་ཚང་མ་གཅིག་མཚུངས་རེད། སྐད་མི་ཤེས་པ་དེ་རེད། དེའི་སྒང་ལ་ང་ཚོའི་ལས་ཀ་བྱེད་རོགས་གཞན་པ་དེ་ཚོ་མང་ཆེ་བ་ཁེ་ན་ཌ་ནས་ཡོང་བའི་ཧྥ་རན་སིའི་སྐད་རྒྱག་མཁན་རྐྱང་རེད། མཉམ་དུ་ལས་ཀ་བྱས། ཐབ་ཚང་གཅིག་ཏུ་ཞལ་ལག་ཟོས་ཏེ་བསྡད་པ་རེད་དེ། སྐད་བརྡ་འཕྲོད་ཀྱི་ཡོད་པ་མ་རེད། ཕར་ཚུར་འཛུམ་འདྲ་བསྟན། དགད་མོ་འདྲ་ཤོར་ནས་འགྲོ་བསྡད་ཡོད” ཅེས་བརྗོད་སོང་།
      ཨ་རིར་བསླེབས་ནས་ལོ་གསུམ་བཞི་ཕྱིན་རྗེས་ག་ལེར་གཞིས་ཆགས་པའི་སྐོར་ལ། བརྩོན་འགྲུས་ཀུན་དགའ་ལགས་ཀྱིས་བརྗོད་དོན། “ ག་ལེར་ལོ་དང་ཟླ་བ་ཕྱིན་པ་དང་ལས་ཀ་ཡང་གོམས་ཏེ་ལས་སླ་རུ་ཕྱིན་ཞིང་། སེམས་པ་ཡང་ཅུང་ལྷོད་ལྷོད་འདྲ་བོ་ཆགས་སོང་། ང་ཚོ་ཐོག་མ་ཚུར་ཡོང་དུས་ལོ་གསུམ་གྱི་གན་རྒྱ་བཞག་ཡོད་པ་དེ་རྫོགས་རྗེས། སོ་སོ་ས་གནས་གཞན་ལ་ཕྱིན་ཆོག་པ་དང་། ལས་ཀ་ཡང་གཞན་པ་བཙལ་ཆོག་གི་ཡོད་སྟབས་ང་རང་ནེའུ་རྗར་སི་ལ་སྤར་ཏེ་སྨན་ཁང་ཞིག་ཏུ་ལས་ཀ་བྱས་པ་ཡིན། ག་ལེར་མཐོང་རྒྱུ་ཐོས་རྒྱུ་མང་དུ་ཕྱིན་པ་དང་སེམས་པ་ཡང་ཅུང་ཇེ་སྐྱིད་དུ་ཕྱིན་ཏེ། ལོ་ལྔ་དྲུག་རྗེས་ལ་ཕར་རྒྱ་གར་ལ་ཐེངས་གཅིག་འགྲོ་ཐུབ་སོང་། ཨ་རི་ནས་ཕར་རྒྱ་གར་ལ་ཕྱིན་སྐབས་གཞི་ནས་རྒྱ་གར་དེ་ལུང་པ་སྐྱོ་བོ་ཡིན་པ་དང་ཨ་རི་ངོ་མ་ལུང་པ་སྐྱིད་པོ་ཡིན་པ། སོ་སོར་དངོས་གནས་ལམ་འགྲོ་རྒྱུག་འདུག་གཱ་བསམ་བསམ་བྱུང་སོང” ཞེས་བརྗོད་བྱུང་། དེའི་སྐོར་ལ་རིན་ཆེན་ཚོགས་གཉིས་ལགས་ཀྱིས་བརྗོད་དོན། “ སྐད་དེ་དཀའ་ངལ་འདྲ་ཞིག་རེད་མ་གཏོགས་གཞན་ལས་ཀའི་ཕྱོགས་ནས་དཀའ་ངལ་དེ་ཙམ་འཕྲད་མ་སོང་། དེ་སྔོན་བོད་ནས་བྲོས་བྱོལ་དུ་བསླེབས་སྐབས་དཀའ་སྡུག་མང་པོ་མྱངས་པ་རེད། རྒྱ་གར་ནས་ཀྱང་དཀའ་ལས་མང་པོ་བརྒྱབ་པ་རེད། དེ་དག་ལ་བསམ་ན་འདི་གའི་ལས་ཀ་དཀའ་ལས་འདུག་བསམ་པ་མི་འདུག ད་དུང་མཚམས་རེར་སོ་སོའི་གླ་ཆ་རྒྱ་གར་གྱི་དངུལ་ལ་རྩིས་བརྒྱབ་སྟེ། ཨ་ཙི་ང་ཚོས་དངུལ་མང་པོ་ཞེ་བོ་བཟོ་བཞིན་འདུག་ཟེར་ནས་ཕན་ཚུན་གཅིག་ལབ་རྒྱག་གི་ཡོད་པ་རེད” ཅེས་བརྗོད་བྱུང་།
  སྐབས་དེར་ཁོ་ཚོའི་འཚོ་བའི་གནས་སྟངས་དང་ལས་ཀ་བྱེད་སའི་ཁོར་ཡུག་སོགས་ཀྱི་སྐོར་ལ། སྐུ་ཞབས་འཕྲིན་ལས་ཆོས་རྒྱལ་ལགས་ཀྱིས་བརྗོད་དོན། “ དེ་དུས་ང་རང་ཚོའི་ལས་ཀ་ཤིང་སྡོང་ཆེན་པོ་གཅོད་རྒྱུ་དེ་འདྲ་མ་རེད། འཕྲུལ་ཆས་བཀོལ་ནས་ཤིང་སྡོང་ཆུང་ཆུང་རིགས་ཞིབ་ཞིབ་བཟོས་ཏེ། དེ་ནས་ཤོག་བུའི་བཟོ་གྲྭར་གཏོང་གི་ཡོད་པ་རེད། སྡོད་སར་ཆ་རྐྱེན་འཛོམས་པོ་དང་ཁ་ལག་དཔེ་ཡག་པོ་ཡོད་པ་རེད། དཔེར་ན་བརྙན་འཕྲིན་ལྟ་རྒྱུ་དང་གཟུགས་པོ་བཀྲུ་བྱེད་ཆུ་ཚ་བོ་སོགས་རྒྱུན་ལྡན་རེད། ད་དུང་མཚམས་རེར་ང་ཚོས་ཉིན་གུང་ཁ་ལག་གྲངས་ཀ་རྒྱག་གི་ཡོད། ཁ་ལག་སྣ་ཁ་ཅོ་ལྔ་ཉི་ཤུ་དེ་འདྲ་བཟོས་འདུག དེ་དུས་ང་ཚོར་གླ་ཆ་ཆུ་ཚོད་རེར་ཨ་སྒོར་ ༢ རེད། གླ་ཆ་ཅུང་ཆུང་བའི་གྲས་རེད། ཡིན་ན་ཡང་སྒང་གི་ལས་བྱེད་ཚོས་ང་ཚོར་ལས་ཀ་འདི་ཙམ་བྱེད་དགོས་རེད། འདི་ཙམ་ཚར་དགོས་རེད་ཅེས་ལབ་ཀྱི་མི་འདུག ལས་ཀའི་གནོན་ཤུགས་དེ་འདྲ་གང་ཡང་ཡོད་པ་མ་རེད། ཁོ་ཚོས་ནམ་རྒྱུན་ང་ཚོར་གཟབ་གཟབ་དང་བརྟན་པོ་བྱོས། སོ་སོ་ལ་སྐྱོན་མ་ཡོང་བ་བྱོས་ལབ་སོང་། ང་རང་ཚོ་དང་པོ་ནས་ལས་ཀ་བྱེད་དུ་ཡོང་བ་ཡིན་ཡང་མི་སེར་ཆགས་རྒྱུར་རྙོག་གྲ་གང་ཡང་འཕྲད་མ་སོང་། ལོ་བཞི་ལྔ་ཕྱིན་རྗེས་མི་སེར་སྙན་ཞུ་ཕུལ་ཆོག་གི་འདུག ང་ཚོ་ཚུར་བསླེབས་མ་ཐག་ནས་གཏན་སྡོད་ལག་འཁྱེར་(Green Card) རག་པ་རེད། དེ་མ་ཟད་མི་ཁ་ཤས་ལ་གནམ་ཐང་རང་ནས་སྤྲད་པ་རེད” ཅེས་བརྗོད་བྱུང་།
       ཨ་རི་ནང་གཞིས་ཆགས་རྗེས་བུ་ཕྲུག་ཚོར་ཤེས་ཡོན་སློབ་གསོ་སྤྲོད་ཕྱོགས་སྐོར་ལ། ཕ་ཡུལ་ཨ་མདོ་རྡོ་སྦིས་རྒྱ་ཚང་ནས་ཡིན་ཞིང་། ད་ལྟ་དགུང་ལོ་༨༢ ཡིན་པའི་སྐུ་ཞབས་དཀོན་མཆོག་ཚེ་རིང་ལགས་ཀྱིས་བརྗོད་དོན། “བུ་ཕྲུག་གསོ་སྐྱོང་གི་ཐད་ནས་དཀའ་ངལ་ཟེར་ན་འདྲ། རྩ་བའི་འགྲོ་སྟངས་མ་འདྲ་བའི་དབང་གིས་བུ་ཕྲུག་ཚོར་བདག་པོ་རྒྱག་སྟངས་ཐོག་དཀའ་ངལ་གང་འཚམ་འཕྲད་སོང་། སྤྱིར་འདི་གའི་ཕ་མ་ཚོས་སོ་སོའི་བུ་ཕྲུག་ཚོ་ལོ་བཅོ་བརྒྱད་བརྒལ་ཚར་ན་འགན་འཁུར་གྱི་ཡོད་པ་མ་རེད། ཡིན་ན་ཡང་ང་ཚོ་བོད་པ་ཚོའི་འགྲོ་སྟངས་དེ་འདྲ་མ་རེད། བུ་ཕྲུག་ཚོ་ནར་སོན་གྱི་རིམ་པ་དང་སློབ་སྦྱོང་གི་མགོ་མཇུག་ཆ་ཚང་ལ་བདག་པོ་རྒྱག་དགོས་ཀྱི་ཡོད་པ་རེད། ཡིན་ནའང་བོད་པ་རང་གི་སྐད་དང་ཡི་གེའི་ཐོག་ལ་གང་ཡང་བྱེད་ཐུབ་མ་སོང་། ངའི་ནང་མིར་མཚོན་ན། བུ་ཕྲུག་ཚོ་ཆུང་ཆུང་ཡིན་དུས་ནས་ངའི་ཁྱིམ་ཚང་གཅིག་པོ་ས་གནས་ཁུག་ཀྱོག་ཅིག་ཏུ་ལོ་ ༡༨ ཙམ་ལ་བསྡད་པ་རེད། ས་དེར་ངེད་ཚང་གཅིག་པུ་ལས་བོད་པ་གཅིག་ཀྱང་མཐོང་རྒྱུ་ཡོད་པ་མ་རེད། བུ་ཕྲུག་ཚོས་སློབ་སྦྱོང་བྱེད་ས་དང་རྩེད་མོ་རྩེད་ས་ཚང་མར་དབྱིན་སྐད་མ་གཏོགས་བོད་སྐད་ཐོས་རྒྱུ་ཡོད་པ་མ་རེད། རྒྱུ་མཚན་དེ་དག་གི་འོག་ནས་ཁོ་ཚོར་ཕར་བོད་སྐད་བཤད་ན་གོ་བརྡ་འཕྲོད་པ་ཙམ་ལས། ཚུར་བོད་སྐད་ཤོད་ཤེས་ཀྱི་ཡོད་པ་མ་རེད” ཅེས་བརྗོད་བྱུང་།
  ཡང་སྐུ་ཞབས་བརྩོན་འགྲུས་ཀུན་དགའ་ལགས་ཀྱིས་དེའི་སྐོར་ལ། “བུ་ཕྲུག་ཚོར་བོད་པ་རང་གི་སྐད་དང་ཡི་གེ་བསླབ་རྒྱུ་དེ་དཀའ་ལས་ཁག་ཤོས་རེད། ང་ཚོ་ཕ་མ་ཚོ་ཡང་བོད་ཡིག་དབྱིན་ཡིག་གཉིས་ཀ་མཁས་པོ་མིན་དུས་བྱིས་པ་ཚོའི་སློབ་སྦྱོང་ཐོག་ལ་རོགས་པ་གང་ཡང་བྱེད་ཐུབ་ཡོད་པ་མ་རེད། ང་རང་ལ་མཚོན་ན། བུ་ཕྲུག་ཚོ་ཕར་ངྷ་རམ་ས་ལར་འཁྲིད་ནས་ལོ་གཅིག་ཙམ་བཞག་ནས་བོད་ཡིག་བོད་སྐད་སྦྱོང་དུ་བཅུག་པ་ཡིན། རྗེས་སུ་ཚུར་བསླེབས་དུས་བོད་སྐད་ཡག་ཐག་ཆོད་རྒྱག་གི་འདུག་ཀྱང་། འདིར་སློབ་གྲྭའི་ནང་བོད་སྐད་བཤད་ས་མེད་དུས་རིམ་པས་འགྱུར་འགྲོ་བཞིན་འདུག བར་མཚམས་ཤིག་ནས་ཕར་བོད་སྐད་བཤད་ཀྱང་ཚུར་དབྱིན་སྐད་བཤད་པ་དང་། ག་ལེར་བོད་སྐད་རྦད་དེ་དྲན་པ་བརྗེད་ནས་ཚུར་བོད་སྐད་བཤད་ཐུབ་ཀྱི་མི་འདུག རྩ་བའི་སྔོན་ཆད་ང་ཚོའི་སྐབས་ལ་བོད་མི་རྦད་དེ་ཉུང་དྲགས་པའི་སྟེང་ལ་ཕ་མ་ཚོས་ཀྱང་འགན་ཏག་ཏག་འཁུར་ཐུབ་ཡོད་པ་མ་རེད” ཅེས་བརྗོད་བྱུང་།
        རྒན་རབས་པ་ཁོང་ཅག་ལ་བོད་དོན་བདེན་མཐའ་གསལ་རྒྱུར་རེ་བ་མཐོང་གི་ཡོད་མེད་དང་། ཚེ་མཇུག་ཕྱིར་བོད་ནང་ལོག་སྟེ་གཞིས་བྱེས་ལྷན་འཛོམས་ཡོང་རྒྱུར་རེ་བ་རྒྱག་གི་ཡོད་མེད་དྲིས་པར། སྐུ་ཞབས་བརྩོན་འགྲུས་ཀུན་དགའ་ལགས་ཀྱིས་བརྗོད་དོན། “ ང་རང་བརྒྱ་ཆ་བརྒྱ་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ལྟར་དབུ་མའི་ལམ་གྱི་ཐབས་ལམ་རང་བརྒྱུད་ནས་བོད་རྒྱའི་དཀའ་རྙོག་སེལ་ཐུབ་ཀྱི་རེད་བསམ་པའི་ཡིད་ཆེས་ཡོད། སྔོན་མ་ ༡༩༨༢ ལོར་ཕ་ཡུལ་ལ་ཐེངས་གཅིག་འགྲོ་ཐུབ་པ་བྱུང་སོང་། ད་དུང་སོ་སོ་མ་ཤི་སྔོན་ལ་ཕ་ཡུལ་དུ་ལོག་ཐུབ་ཀི་རེད་བསམ་གྱི་ཡོད” ཅེས་བརྗོད་བྱུང་།
       སྐུ་ཞབས་འཕྲིན་ལས་ཆོས་རྒྱལ་ལགས་ཀྱིས་དེའི་སྐོར་ལ། “ང་རང་གིས་༧རྒྱལ་བ་རིན་པོ་ཆེའི་གསུང་བཞིན་པའི་ཚད་མཐོའི་རང་སྐྱོང་དེ་ཡག་ཤོས་རེད་བསམ་གྱི་ཡོད། ཡང་ང་ཚོའི་སྤྱི་ཚོགས་ནང་རང་བཙན་གཙང་མ་ལབ་མཁན་དེ་འདྲ་འདུག་སྟེ། རང་བཙན་གཙང་མ་ཟེར་བ་དེ་ཁག་པོ་ཞེ་དྲག་རེད། རྒྱ་ནག་དེང་སང་འཛམ་གླིང་གི་དཔལ་འབྱོར་ཨང་གཉིས་པ་ཆགས་ཡོད་པ་རེད། ང་ཚོ་བོད་མི་ཚོར་མཚོན་ན་ཡང་རྒྱལ་ཁབ་སྟོབས་ཆེན་ཞིག་གི་མཉམ་དུ་བསྡད་ན་ཡག་པོ་ཡོང་གི་རེད” ཅེས་བརྗོད་བྱུང་། སྐུ་ཞབས་དཀོན་མཆོག་ཚེ་རིང་ལགས་ཀྱིས་དེའི་སྐོར་ལ། “སྤྱིར་བཏང་ཕ་ཡུལ་ལ་གཉེན་འཕྲད་དུ་ད་བར་ཐེངས་ ༥ ཙམ་འགྲོ་བའི་གོ་སྐབས་རག་སོང་། ད་ལྟ་ང་ལོ་ ༨༢ ཡིན། བོད་རྒྱའི་དཀའ་རྙོག་སེལ་བའི་དུས་ཤིག་ཤར་དུས་ང་རང་བསྡད་ཡོད་མེད་ཀྱང་ཧ་གོ་གི་མ་རེད་དེ། ཕར་ཚུར་འགྲོ་འོང་སྔར་ལས་སྟབས་བདེར་འགྲོ་ཡི་རེད། དེ་མ་གཏོགས་ང་རང་སྒེར་གྱི་ནང་མི་ཚོའི་གནས་སྟངས་ལ་སོགས་ལ་བལྟས་ཡོང་ན། གཞིས་སྤོར་ནས་བོད་དུ་ལོག་རྒྱུ་ཧ་ལམ་ཁག་པོ་རེད་བསམ་གྱི་འདུག” ཅེས་བརྗོད་བྱུང་།
       སྐུ་ཞབས་རིན་ཆེན་ཚོགས་གཉིས་ལགས་ཀྱིས་བརྗོད་དོན། “ དང་པོ་ཕ་ཡུལ་དང་ཁ་བྲལ་བའི་ཉིན་མོ་ནས་ད་བར་ཕ་ཡུལ་ལ་ལོག་ཐུབ་པའི་རེ་བ་བརྒྱབ་བསྡད་པ་རེད། ད་བསྡད་ཀྱིན་བསྡད་ཀྱིན་རེ་བ་དེའང་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པའི་ཚུལ་འདྲ་ཞིག་འདུག ང་རང་གི་མི་ཚེ་འདིར་ལོག་མ་ཐུབ་ཀྱང་བུ་ཕྲུག་ཚོ་རྗེས་མ་བོད་ལ་ལོག་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད” ཅེས་བརྗོད་བྱུང་།

ས་གནས་གསར་འགོད་པ། ཕྱོར་ཚང་འཇམ་དབྱངས།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༦ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༡ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 8

  1. ཚེ་རྣམ། says:
    ལོ་ 12 སྔོན།

    བཙན་བྱོལ་བོད་གཞུང་གིས་ཕྱོགས་གཅིག་ནས་བོད་པ་ཚོ་ཕྱི་རྒྱལ་ལ་ཕྱིན་པ་ཡིན་ན་བཙན་བོད་པའི་གཞིས་ཆགས་ཁག་སྲ་བརྟན་མེད་སྐོར་བརྗོད་པ་རེད། ཕྱོགས་གཞན་ཞིག་ནས་སྔོན་མ་ནས་ད་ལྟའི་བར་ཕྱི་རྒྱལ་ལ་གཏོང་རྒྱུར་སྒོ་གང་ཐད་ནས་འབད་བརྩོན་བྱས་ཏེ་མང་པོ་ཞིག་གཞུང་འབྲེལ་གྱིས་བཏང་གནང་འདུག ཡང་སྙིང་མདོ་དོན་བོད་གཞུང་གི་སྲིད་བྱུས་དེ་གང་ཡིན་ནམམ།

    Reply
  2. བོད་པའི་བུ། says:
    ལོ་ 12 སྔོན།

    རྒན་བརྩོན་འགྲུས་ཀུན་དགའ་ལགས་ཀྱིས། ” ཡིན་ན་ཡང་སྒང་གི་ལས་བྱེད་ཚོས་<ང་ཚོར་ལས་ཀ་འདི་ཙམ་བྱེད་དགོས་རེད། འདི་ཙམ་ཚར་དགོས་རེད་ཅེས་ལབ་ཀྱི་མི་འདུག ལས་ཀའི་གནོན་ཤུགས་དེ་འདྲ་གང་ཡང་ཡོད་པ་མ་རེད། ཁོ་ཚོས་ནམ་རྒྱུན་ང་ཚོར་གཟབ་གཟབ་དང་བརྟན་པོ་བྱོས། སོ་སོ་ལ་སྐྱོན་མ་ཡོང་བ་བྱོས་ལབ་སོང" ཞེས་གསུངས་པ་འདི་ལ་བས་བློ་གཏོང་དགོས་ས་མང་པོ་ཞིག་འདུག འདིས་སྤྱི་ཚོགས་ཤིག་གི་སྤུས་ཀ་དང་འགྱུར་འགྲོས་ལ་འགྲེལ་བཤད་རྒྱག་གི་འདུག

    Reply
  3. ངག་དབང་ཕུན་ཚོགས། says:
    ལོ་ 12 སྔོན།

    བཀྲ་ཤིས་བདེ་ལེགས། རྒོན་རྒོན་འདི་དག་གི་མི་ཚེས་ས་མཐའ་ཞིག་ནས་རྒས་བཞིན་ཡོད་པ་ཧ་ཅང་སེམས་པ་སྐྱོ་བོའི་གནས་ཚུལ་ཞིག་ཡིན་ནའང་། ཁོང་ཅག་གི་སེམས་ཤུགས་དང་མི་ཚེའི་ལོ་རྒྱུས་ལ་ཡི་རངས་དང་བསྔགས་བརྗོད་གྲངས་མེད་ཞུ་བཞིན་ཡོད། རྒན་རྒོན་འདི་དག་གིས་དཀའ་ལས་ཞེ་དྲག་བཀྱོན་ཡོད་པ་རེད་དྲན་གྱི་འདུག གོང་གི་གནས་ཚུལ་ནང་འཁོད་པ་དེ་ཁོང་ཅག་གིས་དཀའ་ལས་བསྐྱོན་པའི་ཟུར་སྣེ་ཙམ་རེད། ང་རང་གིས་ཚོད་དཔག་བྱས་ན་ཁོང་ཅག་གིས་ཐོག་མ་བོད་ནས་བོད་ས་རང་སྲུང་གི་ཐོག་ཏུ་རྒྱ་ནག་དང་དམག་འཁྲུག་བརྒྱབ་ཡོད་པ་དང་། རྗེས་སུ་སྐྱབས་བཅོལ་ལ་ཕེབས་ཏེ་བཙན་བྱོལ་ནང་གཞིས་ཆགས་གསར་འཛུགས་ཐོག་སྐུ་ངལ་བཀྱོན་མཁན་གྲས། དེ་བཞིན་རྒྱ་གར་གྱི་ས་གནས་ཁག་ཏུ་ལམ་གཟོ་སོགས་ཀྱི་ལས་ཀ་རབས་དང་རིམ་པ་མང་པོ་ལས་རྗེས་ཡང་བསྐྱར་ཨ་རིར་ཕེབས་ཏེ་གཞིས་གསར་འཛུགས་ཀྱིས་དཀའ་ལས་བརྒྱབས་ཡོད་པ་མིག་མཐོང་ལག་ཟིན་རེད། ཁྱེད་ཅག་ས་མཐའ་ཞིག་ནས་མི་ཚེའི་མཐའ་མ་རྫོགས་སྔོན་ལ་བོད་དོན་བདེན་པའི་མཐའ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་ལམ་དང་ཡིད་ཆེས་ཡོད།

    Reply
  4. གངས་རི་བ། says:
    ལོ་ 12 སྔོན།

    སྤྱིར་བཏང་བཅར་འདྲི་ཡག་པོ་གནང་འདུག ཡིན་ནའང་ད་དུང་ཞིབ་ཚགས་མོས་འདྲི་ཐུབ་ཡོད་ན་ཅི་མ་རུང་བསམ་བསམ་ཁ་ཤས་འདུག རྒན་པོ་འདི་དག་གི་སྐབས་དེའི་ཉིན་རེའི་འཚོ་བའི་གནས་སྟངས་དང་འཁྲུངས་ས་སྐྱོན་པ་དང་བུ་ཕྲུག་བཙེས་པ། དེ་ནས་བོད་ནང་ལ་བསྐྱོད་པའི་མཐོང་ཐོས་དང་ད་ལྟའི་ནང་མི་དང་ཚོ་བའི་གནས་སྟངས་སོགས་ལ་ཉན་འདོད་ཆེན་པོ་བྱུང་སོང་། དེ་དག་གསར་འགོད་པའི་རྒྱུས་ལོན་གནང་མ་ཐུབ་པར་ཕྱོགས་མང་པོ་ཞིག་ནས་གནས་ཚུལ་རོབ་ཙམ་རེས་མགོ་བཏོག་བྱས་པ་དེ་ཅུང་ཞན་ཆ་རེད།

    Reply
  5. སྐལ་བཟང་རྡོ་རྗེ། says:
    ལོ་ 12 སྔོན།

    ང་རང་གིས་བསམ་བློ་བཏང་བ་ཡིན་ན་སྐབས་དེར་ཁོང་ཅག་གིས་སོ་སོའི་ཕྲུ་གུར་བོད་ཡིག་བོད་སྐད་བསླབས་མ་ཐུབ་པ་དེར་ཐུགས་ཁག་ཡོད་པ་མ་རེད་དྲན་གྱི་འདུག གང་ཡིན་ཟེར་ན་སྐབས་དེར་ཁོང་ཚོ་ཕར་བཞུགས་ས་དེར་བོད་སྐད་ཤོད་མཁན་གཅིག་ཀྱང་ཡོད་པ་མ་རེད་ལ་ལོ་ཧྲིལ་བོར་བོད་པ་འདུ་འཛོམས་བྱེད་སའི་ཁོར་ཡུག་ཅིག་མཐོང་ཐོས་ཐུབ་ཀྱི་ཡོད་པ་མ་རེད། ཐ་ན་བོད་ཡིག་གི་དཔེ་དེབ་ཅིག་ལ་ལྟ་དགོས་བསམ་ཡང་ལག་ཏུ་རེག་ཁག་པོ་ཞེ་དྲག་རེད། གང་ཡིན་ཟེར་ན་ད་ལྟ་ནང་བཞིན་བརྡ་འཕྲིན་བརྒྱུད་ལམ་ཁག་ཡོད་པ་མ་རེད་ལ་བོད་ནང་དང་རྒྱ་གར་སོགས་ལ་ཕར་འགྲོ་ཚུར་འོང་གི་འབྲེལ་འདྲིས་ཀྱང་དཀའ་ལས་ཁག་པོ་ཞེ་དྲག་ཡོད་རེད། གལ་སྲིད་ཕ་མ་གཉིས་བོད་པ་ཡིན་ན་ནང་དུ་སྡོད་སྐབས་རིང་བོད་སྐད་ཕྲན་བུ་ཞིག་ཐོས་ཐུབ་ཀྱི་ཡོད་ཀྱང་། ཕ་མ་གང་རུང་ཕྱི་རྒྱལ་བ་ཡིན་ན་སློབ་གྲྭ་དང་ཕྱིའི་ཁོར་ཡིག་ཨ་ཅང་ཅང་སོ་སོའི་ནང་མིའི་ཁྲོད་དུའང་བོད་སྐད་ཐོས་ཐུབ་ཀྱི་ཡོད་པ་མ་རེད། དེ་འདྲའི་གནས་སྟངས་ཤིག་གི་འོག་ཏུ་བོད་ཡིག་བོད་སྐད་ཟེར་བ་དེ་དངོས་གནས་དྲང་གནས་དཀའ་ལས་ཁག་པོ་ཞེ་དྲག་རེད།
    དེང་སྐབས་ཡིན་ན་ཕྱི་རྒྱུ་ཡུལ་གྲུ་ཁག་གི་བོད་པ་ཚོ་སྐྱིད་དྲགས་ཏེ་བོད་ཡིག་བོད་ལ་དོ་སྣང་མེད་པ་རེད་མ་གཏོགས་མཐུན་རྐྱེན་དང་ཁོར་ཡུག་གང་ཐད་ནས་བོད་སྐད་བོད་ཡིག་བསླབ་ཐུབ་ཀྱི་ཡོད་པ་རེད། ཐ་ན་ནུབ་ཕྱོགས་ལུང་པ་མང་པོ་ཞིག་ཏུ་བོད་པའི་སློབ་གྲྭ་ཟེར་ན་འདྲ་གཟའ་ཉི་མ་དེ་འདྲ་བོད་ཡིག་འཛིན་གྲྭ་ཡང་ཚོགས་བཞིན་ཡོད་པ་རེད། ཕྱོགས་གང་ཐད་ནས་མཐུན་རྐྱེན་འཛོམས་བསྡད་ཡོད་ནའང་ཕྲུ་གུ་ཚོའི་ནང་དུ་བོད་ཡིག་ན་གཅིག་མི་ཤེས་པ་མ་ཟད་བོད་སྐད་ཕར་བཤད་རྒྱུ་དང་ཚུར་ཉན་རྒྱུ་གཉིས་ཀ་མི་ཤེས་མཁན་མང་པོ་འདུག འདི་དག་བོད་པ་རེད་ཟེར་ནའང་ཕལ་ཆེར་ཕན་ཐོགས་མེད་པ་ལྟ་བུ་རེད།

    Reply
  6. ཀརྨ་བསྟན་འཛིན། says:
    ལོ་ 12 སྔོན།

    གཏམ་གླེང་རང་བཞིན་གྱི་བཅར་འདྲི་དེ་ཧ་ཅང་ཡག་པོ་འདུག གསར་འགོད་པ་ཐུགས་རྗེ་ཆེ། ཁ་གསལ་བོ་དང་ཚིག་སྦྱོར་བདེ་བོ་ཞེ་དྲག་འདུག
    བགྲེས་སོང་འཕྲིན་ལས་ཆོས་རྒྱལ་ལགས་ཀྱིས། “ང་རང་གིས་༧རྒྱལ་བ་རིན་པོ་ཆེའི་གསུང་བཞིན་པའི་ཚད་མཐོའི་རང་སྐྱོང་དེ་ཡག་ཤོས་རེད་བསམ་གྱི་ཡོད། ཡང་ང་ཚོའི་སྤྱི་ཚོགས་ནང་རང་བཙན་གཙང་མ་ལབ་མཁན་དེ་འདྲ་འདུག་སྟེ། རང་བཙན་གཙང་མ་ཟེར་བ་དེ་ཁག་པོ་ཞེ་དྲག་རེད། རྒྱ་ནག་དེང་སང་འཛམ་གླིང་གི་དཔལ་འབྱོར་ཨང་གཉིས་པ་ཆགས་ཡོད་པ་རེད། ང་ཚོ་བོད་མི་ཚོར་མཚོན་ན་ཡང་རྒྱལ་ཁབ་སྟོབས་ཆེན་ཞིག་གི་མཉམ་དུ་བསྡད་ན་ཡག་པོ་ཡོང་གི་རེད” ཅེས་གསུངས་པ་དེ་སྐད་ཆ་གཏིང་ཟབ་པོ་རྩ་ཆེན་པོ་རེད་དོ།།

    Reply
  7. བསོད་ནམས། says:
    ལོ་ 12 སྔོན།

    ས་མཐའ་ནས་མི་ཚེས་རྫོགས་བཞིན་པའི་བགྲེས་སོང་འདི་དག་ནི་ང་ཚོའི་སྤྱི་ཚོགས་ཀྱི་སྲོག་ཤིང་དང་བླ་སྲོག་ལྟ་བུ་ཡིན། ཁོང་ཅག་གི་ཉམས་མྱོང་དང་ཤེས་ཡོན་བསམ་བློ་སོགས་ཀྱང་ང་ཚོའི་སྤྱི་ཚོགས་ཀྱི་གདམས་པ་ཟབ་མོ་ཡིན། མིའི་རིགས་ཀྱི་སྤྱི་ཚོགས་ཤིག་ལ་མཚོན་ན་མི་རབས་རྒན་པའི་ངག་རྒྱུན་དང་ལོ་རྒྱུས་སོགས་ཡིག་ཐོག་ཏུ་འཁོད་རྒྱུ་ནི་མི་རིགས་དེའི་མ་འོངས་པའི་དཔལ་ཡོན་དང་རིན་ཐང་གི་གཞི་རྩར་གྱུར་ཡོད། རྒན་པོ་འདི་དག་ལྟ་བུའི་རྒན་རབས་པ་མང་པོ་ཞིག་ད་ལྟ་ང་ཚོའི་སྤྱི་ཚོགས་ནང་དུ་ཉི་མ་ནུབ་པ་བཞིན་རྫོགས་འགྲོ་གི་ཡོད་པ་རེད། དེ་དག་ལ་ང་ཚོས་རིན་ཐང་གི་ལྟ་ཚུལ་བཟུང་སྟེ་འདས་པའི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་རྒྱུ་དང་དཀའ་སྡུག་ཀྱག་ཀྱོག་གི་ལམ་བར་ལོ་རྒྱུས་ཡིག་ཐོག་ཏུ་འགོད་རྒྱུ་ཧ་ཅང་རྩ་ཆེན་པོ་དང་གལ་ཆེན་པོ་ཆགས་འདུག་གོ།།

    Reply
  8. མིག་དམར་ཚེ་རིང་། says:
    ལོ་ 12 སྔོན།

    བཅར་འདྲི་ཡིད་འགུལ་ཐེབས་པ་ཞིག་སྤེལ་འདུག ཐུགས་རྗེ་ཆེ། རྒན་པ་ཚོའི་སྔོན་མ་དཀའ་ལས་བསྐྱོན་པ་དང་སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་དེ་ད་ལྟ་བསྐྱར་དུ་སྔོག་འདོན་དང་མང་ཚོགས་ཚོར་གོ་རྟོགས་སྤེལ་ཐུབ་ན་གཅིག་ནས་གཞོན་པ་ཚོར་ཁ་བརྡ་སློབ་གསོར་ཕན་པ་མ་ཟད་སྐབས་དེར་དཀའ་ལས་རྒྱག་མཁན་ཚོར་ངོས་འཛིན་དང་ཆེ་མཐོང་ལྟ་བུ་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese