མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀླུ་མཁར་བྱམས་ལཊ་ཀྱི་གསར་འགོད་གསལ་བསྒྲཊ།

བོད་ཀྱི་དུས་བབ།
༢༠༡༣/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོར་རང་དབང་གི་རྩོམ་པ་པོ་དང་རྒྱ་ནག་ཉམས་ཞིབ་པ་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས། མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་དགོངས་པ་ཞུས་ཤུལ་དུ་དབུས་བོད་བསྡུ་ལྷན་ཁང་གིས་མདོ་སྨད་མི་མང་ལ་བར་མའི་འོས་བསྡུ་བྱ་རྒྱུ་ཡིན་སྐོར་གསལ་བསྒྲགས་སྤེལ་དང་། ཀླུ་མཁར་བྱམས་ཁོང་རང་འོས་གྲངས་བརྒྱ་ཆ་དང་རྩེ་བཏོག་གི་བར་དུ་ལྷག་ཡོད་པ་བཅས་ཀྱི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་པ་གཤམ་དུ་བཀོད་ཡོད།

དེ་ཡང་གང་ན་བརྩེ་བའི་ཉེ་བར་འཛིན་པའི་བསིལ་ལྡན་སཱ་ལའི་ལྗོངས་ཀྱི་སྐྱེ་འགྲོ་ཡོངས་ལ་ཕྲན་ཨ་ཚོགས་ཀླུ་མཁར་བྱམས་འབོད་མིང་བས། གནམ་ལོ་གསར་བའི་ནང་དུས་བདེ་གནས་འཇམ་ཡོང་བའི་སྨོན་པས་མཚམས་སྦྱར་ཏེ། སྐབས་དོན་གྱི་ཞུ་སྙིང་ནི། ཐེངས་འདིར་མདོ་སྨད་སྤྱི་འཐུས་སྒྲོལ་དཀར་ལྷ་མོ་རྩ་དགོངས་ཞུས་རྗེས། དབུས་འོས་བསྡུ་ལས་ཁང་ངོས་ནས་[ སྤྱི་འཐུས་དུས་ཡུན་ནང་ས་མིག་སྟོང་པ་ཐོན་ཚེ། བར་མའི་འོས་བསྡུ་མ་དགོས་པར་སྒུག་ཐོའི་གྲལ་མཚམས་གར་འཁེལ་ནས་ཚབ་གསར་འཇུག་རྒྱུའི་ཆེད། འོས་ཐོབ་མང་རིམ་བཞིན་ཐོར་བཀོད་དེ་འོས་བསྡུའི་འགན་འཛིན་དང་། ཟུར་དཔང་རྣམས་ཀྱིས་མཚན་རྟགས་བཀོད་པ་འོས་བསྡུ་ལས་ཁང་དུ་ཉར་དགོས་] ཞེས་སྒྲིག་གཞི་ལག་བསྟར་མ་ཐུབ་པར། བར་མའི་འོས་བསྡུ་བྱ་འཆར་གྱི་བརྡ་ཁྱབ་སྤེལ་འདུག་ལ།  དེ་ནི་སྟབས་མ་ལེགས་པར་སྒུག་ཐོའི་ཁ་མཚམས་ལ་ང་འཁེལ་ཡོད་པས་ཡིན་སྐོར་གླེང་ཕྱོགས་སམ་མཐོང་ཚུལ་ཞིག་སྤྱི་ཚོགས་ནང་རྒྱ་ཁྱབ་ཀྱིས་འགྲོ་མུས་རེད།  

            དེར་བརྟེན་ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་ང་རང་དབུས་འོས་བསྡུ་ལས་ཁང་ལ་དངོས་སུ་བཅར་ནས། གལ་སྲིད་ངའི་ཤུགས་རྐྱེན་དབང་གིས་ལྷན་རྒྱས་ཀྱིས་ཁྲིམས་སྒྲིག་ལག་བསྟར་ཐུབ་ཀྱི་མེད་པ་དངོས་བདེན་ཡིན་ཚེ། ད་ཡོད་ཀྱི་སྒུག་ཐོའི་ནང་ངས་རྩ་དགོངས་ཞུས་ཆོག་ལ། ངའི་རྗེས་ན་ཡོད་པའི་མི་དེ་ཡར་བསྐོ་རོགས་ཞེས་ཡིག་ཐོག་ནས་ཕུལ་ཡོད་ཁར། ངག་ཐོག་ནས་ལོ་འདི་འགའི་ནང་བོད་ཕྱི་ནང་གཉིས་ནས་རང་ལུས་མེར་སྲེག་གནང་མཁན་གྱི་ཞལ་གྲངས་བརྒྱ་དང་སུམ་ཅུའི་ཁར་བུད་ནས་མི་སྲིད་པའི་ཛ་དྲག་གི་སྐབས་ཤིག་ལ། འདི་གར་ང་ཚོ་བློ་རྒྱ་ཁབ་མིག་ལས་དོག་པའི་མི་རེ་གཉིས་ཤིག་སྒེར་དོན་གྱིས་མ་འགྲིག་པར། ཉིན་མཚན་དུས་དྲུག་ཏུ་ནང་འཁྲུག་རྐྱང་བརྒྱབ་ནས་ཉི་མ་གཏོང་དགོས་བྱུང་ན། དེ་ལས་ཐབས་སྐྱོ་བ་ཞིག་གང་ན་ཡོད། དེར་བརྟེན། ཁོར་ཡུག་འདི་ལྟ་བུ་ཞིག་གི་ནང་ཁོ་བོར་མཚོན་ན་སྤྱི་འཐུས་ཤིག་ཕར་ཞོགས། ཐ་ན་སྲིད་སྐྱོང་གི་མིང་གནས་བཏགས་པར་ཆ་བཞག་ཀྱང། ང་ལ་སྤུ་མདོག་གསར་བ་ཞིག་རྒྱས་ནས་འཇོན་ཐེངས་ཆེན་པོ་ཞིག་ངོམ་རྒྱུ་མེད་པ་གསལ་པོ་ཡིན་ཞེས་ཞུས་པར། དབུས་འོས་བསྡུའི་འགན་འཛིན་གྱིས་ཁྱེད་ཀྱི་ཐུགས་བསམ་བཞེས་སྟངས་ཡག་པོ་ཞེ་དྲག་རེད་ཟེར་ནས། དེར་བསམ་བློ་ཏན་ཏན་གཏོང་གི་ཡིན་གསུངས་གནང་སོང།     

            འོན་ཀྱང་། ཕྱི་ཟླ་ ༡༢ ཚེས་ ༢༤ ཉིན་འོས་བསྡུའི་འགན་འཛིན་ལས་རོགས་གཉིས་བསྐོས་འདུག་པ་སོགས་ལ་གཞིག་ན།  བོད་གཞུང་གིས་བར་མའི་འོས་བསྡུ་དེ་མིག་བཙུམ་ནས་བྱ་འཆར་ཡིན་པ་འདྲ།  དེར་བརྟེན། འོས་བསྡུ་འཕར་མ་དེར་ཧིན་སྒོར་འབུམ་ཉི་ཤུ་ལྷག་གི་གཞུང་གྲོན་ཆུད་ཟོས་སུ་བཏང་བ་ཙམ་མ་ཡིན་པར། རང་ཁྲིམས་རང་གིས་བཤིག་སྟེ་གཞུང་དམངས་བར་ཡིད་ཆེས་བརླག་གཞིའི་འོས་བསྡུའི་གླེང་རྙོག་ནང་། གཅིག་ནས་ཁོ་བོས་སྒྲུབ་ཐུབ་པའི་ལས་ཀ་གཅིག་རང་གཅིག་ཡོད་པ་ནི་རང་ཉིད་སྒུག་ཐོའི་ཁ་མཚམས་འདི་ནས་ཕྱིར་ཐོན་པ་དང་འབྲེལ། འདེམས་དམངས་རྣམས་ལ་བཟང་སྤྱོད་ཀྱི་འགན་ལེན་ཞིག་ཅིས་ཀྱང་འཁུར་དགོས་སྟབས། གནད་དོན་འདི་གསལ་པོ་བཟོ་ཆེད་འབྲེལ་ཡོད་ཁག་ལ་ངོ་བཅར་གྱིས་བརྡ་འདེད་གཏོང་རྒྱུ་ཙམ་དང་། གཉིས་ནས་གནད་དོན་འདི་གསལ་ཁ་བཟོ་དགོས་པ་ནི་ཆོལ་ཁ་དང་ཆོས་བརྒྱུད་བྱེ་བྲག་པ་ཞིག་གི་སྤྱི་འཐུས་མི་འགྲོ་གཅིག་གི་གནད་དོན་ཙམ་མ་ཡིན་པར། བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་གིས་ཁྱབ་པའི་སྤྱི་འབངས་ཡོངས་ལ་འཁྲི་བའི་ལས་དོན་ཞིག་ཡིན་སྟབས། ད་ཐེངས་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱི་ཁ་བཀོད་ཡིན་ནའང་འདྲ། དབུས་འོས་བསྡུ་ལས་ཁང་གི་ལས་དོན་བྱེད་ཕྱོགས་དེ་ཚོར་འབྲེལ་ཡོད་ཚན་པར་དོགས་འདྲི་ཞུ་རྒྱུ་དང་ཆབས་ཅིག རང་གི་དགོས་འདུན་དོན་ཚན་འགའ་མཉམ་སྦྱར་གྱིས་ཕུལ་ཡོད་པ་གཤམ་གསལ།

དོགས་འདྲི་ཁག     

༡༽  ཁ་ཉིན་དུས་བབ་གསར་ཁང་གིས་འོས་བསྡུའི་འགན་འཛིན་ལ་གནད་དོན་དེའི་ཐད་བཅར་འདྲི་བྱས་པའི་ནང་། འགན་འཛིན་གྱིས་“སྐབས་བཅོ་ལྔ་པའི་སྤྱི་འཐུས་བདམས་ཚར་རྗེས་བརྒྱ་ཆ་དེ་མེད་པ་བཟོས་པ་རེད། སྤྱི་འཐུས་ལ་ཐོབ་མེད་ནའང་སྒུག་ཐོ་དེ་འདྲ་ཡོད་ན་བསྐོ་བཞག་བྱས་ན་འགྲིག་གི་མེད་འགྲོ་བསམ་ནས་བཀའ་འདྲི་ཞུས་དུས་༼སྐབས་དེར་སྤྱི་འཐུས་ཚོགས་གཙོ་བཞུགས་མེད་སྟབས་ངས་ཚོགས་གཞོན་ལ་བཀའ་འདྲི་ཞུས་ཡིན་༽དེ་འགྲིག་གི་མི་འདུག དེ་འགྲིག་གི་མེད་པར་བརྟེན་བར་མའི་འོས་བསྡུ་བྱ་དགོས་བྱུང་བ་རེད་” ཅེས་(2)དང་། ཡང་འགན་འཛིན་གྱིས་“ཐེངས་འདིའི་བར་མའི་འོས་བསྡུ་ལ་བརྒྱ་ཆ་ལོངས་དགོས་པའི་ཆ་རྐྱེན་གང་ཡང་ཡོད་པ་མ་རེད། གང་ཡིན་ཟེར་ན་སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐག་བཅད་ཚར་བ་རེད”ཅེས་པ་སོགས་བཀལ་མོལ་དེ་དག་གིས་གནད་དོན་གསལ་བོ་ཆགས་རྒྱུའི་ཚབ་ལ་དོགས་གཞི་ཆེ་རུ་ཕྱིན་འདུག་པ་དང་། གལ་སྲིད་དེ་འདྲ་ཡིན་ན་བཅའ་ཁྲིམས་ནང་འོས་བསྡུ་ལས་ཁང་ནི་རང་དབང་ཅན་གྱི་ལས་ཁང་ཞིག་ཡིན་ཟེར་གྱི་ཡོད་པ་དང་། ཡིན་ཡང་དགོས་པ་གཞིར་བྱས། སྐབས་འདིའི་རང་དབང་ཅན་ཞེས་པའི་གོ་དོན་ནི། ཁྲིམས་བཟོ་ལྷན་ཚོགས་སམ་སྤྱི་འཐུས་ཀྱིས་ཁྲིམས་སྒྲིག་གང་ཞིག་གཏན་འབེབས་བྱས་པ་རྣམས་ལག་བསྟར་སྐབས་བཀའ་སྤྱི་གཉིས་ཀྱི་ཇུས་གཏོགས་ཡོང་མི་ཆོག་པར་འོས་བསྡུ་ལས་ཁང་རང་ལ་དབང་ཚད་ཡོད་པར་བརྟེན། རང་དབང་ལྡན་པའི་ལས་ཁང་ཞེས་མིང་གནས་སྤྲད་པ་རེད་ལ། འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་གླེང་བྱུང་བ་དང་། ཁྲིམས་སྒྲིག་སོགས་ལ་གསལ་ཁ་མེད་པ་བྱུང་ཚེ་ཁྲིམས་ཀྱི་གོ་དོན་འགྲེལ་བརྗོད་གནང་མཁན་ཁྲིམས་ཞིབ་ཁང་ཡིན་པ་སྒྲིག་གཞིའི་ནང་འཁོད་ཡོད་སྟབས། འོས་བསྡུ་འགན་འཛིན་གྱི་གསོལ་ཅོག་ཐོག་ཏུ་(སྐབས་བཅོ་ལྔའི་ཚོགས་དུས་གཉིས་པར་) སྤྱི་འཐུས་ཀྱི་འོས་གྲངས་བརྒྱ་ཆའི་ཚད་གཞི་མི་དགོས་པ་སྤྱི་མོས་གཏན་འབེབས་བྱས་ཟིན་པ་དང་། སྲིད་སྐྱོང་ངམ་༼བཀའ་ཁྲིས༽མཚན་རྟགས་བཀོད་ནས་ཁྲིམས་སུ་བཅས་གྲུབ་པའི་ཡིག་ཆ་དེ་ཚོ་འབྱོར་ཡོད་ཤག་ཡིན་ན། ད་དུང་དེ་ལག་བསྟར་རུང་མིན་དོགས་གཞི་དངོས་གནས་བྱུང་ཚེ། ཡར་ཁྲིམས་ཞིབ་ཁང་ལ་གཏུག་ནས་གསལ་ཁ་བཟོ་རྒྱུ་ལས། འགན་འཛིན་ཉིད་ཕར་སྤྱི་འཐུས་ཚོགས་གཙོ་གཞོན་སར་ནང་མོལ་ཞུ་སར་ཕྱིན་པ་ནི་གཅིག་ནས་འོས་བསྡུ་ལས་ཁང་རང་ཉིད་ལ་ཁྲིམས་ཀྱིས་སྐུལ་བའི་དབང་ཚད་ལག་བསྟར་མ་བྱས་པར་འགལ་འཛོལ་བྱུང་བ་དང་། གཉིས་ནས་སྐབས་འདིར་སྤྱི་འཐུས་ཚོགས་གཙོ་གཞོན་གྱིས་འོས་བསྡུའི་ལས་དོན་ནང་གན་དང་འདི་བྱེད་དགོས་ཟེར་ནས་བཀོད་རྒྱ་བཏང་བ་དངོས་བདེན་ཡིན་ན། འདི་ནི་གང་ཟག་གི་དབང་བསྒྱུར་རང་ཆགས་མི་འདུག་གམ། 

༢༽  སྤྱི་འཐུས་ཀྱི་འོས་བསྡུ་ལ་བརྒྱ་ཆ་ལོངས་མི་དགོས་པའི་ཁྲིམས་སྒྲིག་དེ་བཟོ་རྒྱུའི་རྒྱབ་ལྗོངས་ནི། འདས་པའི་ཉམས་མྱོང་གཞིར་བཞག “གཞུང་གྲོན་འཕར་མ་བཏང་ནས་འོས་བསྡུའི་ལས་རིམ་མང་པོ་ཕྱིན་པ་ཡིན་ན་མི་མང་སེམས་ཤུགས་ཆག་རྒྱུ་མ་གཏོགས། དོན་དངོས་ལ་ཕན་རྒྱུ་མེད་པ་སོགས་རྒྱུ་མཚན་དུ་བྱས་”ནས་གཏན་འབེབས་བྱས་པ་ཡིན་སྐོར་སྐབས་དེར་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཀྱང་འགྲེལ་བརྗོད་བྱས་ཡོད། དེས་ན་གོང་གསལ་གནད་དོན་སྣང་མེད་དུ་བཞག་སྟེ། ཐེངས་འདིར་སྒུག་ཐོའི་མང་རིམ་རྩེ་བཏོག་གིས་མ་ཕྱིན་པར་གཞུང་གྲོན་འབུམ་ཉེར་གཅིག་ལྷག་མིག་བཙུམ་ནས་གཏོང་རྒྱུ་ནི་རྒྱུ་མཚན་མེད་པ་ཞིག་དང་། མ་གཞི་ཁྲིམས་ལ་འགྲེལ་བརྗོད་གནང་སྐབས་གཞི་རྩའི་ཡིག་ཐོག་ན་གང་ཡོད་པ་ཇི་བཞིན་འགྲེལ་བརྗོད་དགོས་པ་དང་།  དེ་ནས་ཁྲིམས་དེ་གཏན་འབེབས་སྐབས་ཀྱི་རྒྱབ་ལྗོངས་དམིགས་ཡུལ་གཞིར་འཛིན་དགོས་པ། ཐ་མར་ཁྲིམས་གང་དེ་ལག་བསྟར་བྱས་པ་ཡིན་ན་མཇུག་འབྲས་གང་ཡོང་བཅས་ཀྱི་རྩ་དོན་གསུམ་གཞིར་འཇོག་དགོས་སྟབས། ཐེངས་འདིར་འོས་བསྡུ་ལས་ཁང་གི་བྱེད་བབས་ནི་ཐོག་མར་ཁྲིམས་བཟོ་སྐབས་ཀྱི་ཡིག་ཐོག་ན་གསལ་གྱི་ལེར་ཡོད་པའི་ཚིག་རྩ་དང་མི་མཐུན་ཁར། ཁྲིམས་སྒྲིག་དེ་བཟོ་དགོས་པའི་རྒྱབ་ལྗོངས་དམིགས་ཡུལ་དང་རྩ་འགལ་ཆགས་པ། མཇུག་འབྲས་ཀྱི་ཆ་ནས་གཞུང་གྲོན་ཆུད་ཟོས་དང་། མི་མང་སེམས་ཤུགས་ཆག་རྒྱུ་མ་གཏོགས་དགེ་མཚན་གང་ཡང་མེད་པ་ཞིག་ཆགས་མི་འདུག་གམ། 

༣༽ (སྐབས་བཅོ་ལྔའི་ཚོགས་དུས་གཉིས་པར་) འོས་བསྡུའི་སྒྲིག་གཞིར་བཟོ་བཅོས་ཀྱིས་བརྒྱ་ཆ་མི་དགོས་པ་བཟོ་སྐབས། ཚོགས་གཙོ་སྤེན་པ་ཚེ་རིང་གིས་ལས་རིམ་དེ་དང་འབྲེལ་ནས་ཁྲིམས་ཀྱི་གོ་དོན་དང་། ལག་བསྟར་དུས་ཡུན་སོགས་ཀྱི་ཐད་འགྲེལ་བརྗོད་འགའ་ཞིག་བརྒྱབས་འདུག་ལ། ཁོ་པས་ཐོག་མར་“བཀའ་བློན་ཁྲི་པས་མཚན་རྟགས་བསྐྱོན་པའི་ཉིན་མོ་ནས་འོས་བསྡུའི་ལས་རིམ་ག་འདྲ་ཞིག་བྱས་པ་ཡིན་ན། སྒྲིག་གཞི་འདི་གཞིར་བཟུང་ནས་འགྲོ་དགོས་པ་ཞིག་ཆགས་རྒྱུ་རེད་”ཟེར་ཞོར་དུ། (4)དེའི་འོག་ནས་ཨུ་ཚུགས་ངང་འགྲེལ་བརྗོད་འཕར་མ་ཞིག་རྒྱག་ཁུལ་བྱས་པ་ནི། འདི་ལྟར་“དཔེར་ན། ད་ལྟ་འགྲོ་བཞིན་པའི་ནང་ལ་མདོ་སྨད་ཀྱི་སྤྱི་འཐུས་གཉིས་དགོངས་པ་ཞུས་པ་འདྲ་ཞིག་ཡིན་ནའང་། ད་ལྟ་སྒུག་ཐོའི་ནང་གཅིག་མ་གཏོགས་ཡོད་མ་རེད། དེ་འདྲ་སོང་ཙང་། འོས་བསྡུའི་ལས་རིམ་ཡང་བསྐྱར་བྱེད་དགོས་རྒྱུ་ཡོད་རེད། འོས་བསྡུའི་ལས་རིམ་ཡང་བསྐྱར་བྱས་པའི་རྗེས་ལ་བརྒྱ་ཆ་མང་ཉུང་ག་ཚོད་ཐོབ་པ་ལ་མ་ལྟོས་པར། མང་རིམ་རྩེ་བཏོག་གིས་འགྲོ་དགོས་པ་རེད། གང་ལྟར་མང་ཆེ་བ་ཞིག་སྐབས་བཅུ་དྲུག་ལ་མ་གཏོགས་དམིགས་བསལ་གྱི་འབྲེལ་བ་ཆགས་ཀྱི་ཡོད་མ་རེད་”ཟེར་ནས་སྔ་ཚིག་ཕྱི་བཤད་མི་མཚུངས་པ་ཞིག་བཤད་འདུག་ལ། རྒྱུ་མཚན་འདི་ཙམ་ནི་ད་རེབ་འོས་བསྡུ་ལས་ཁང་གིས་མང་རིམ་སྒུག་ཐོ་ལྟར་བསྐོ་བཞག་མ་བྱས་པར། བརྒྱ་ཆ་ལོངས་ཡོད་མེད་བཤད་ནས་བར་མིའི་འོས་བསྡུ་བྱ་རྒྱུ་ཡིན་སྐོར་བརྗོད་པའི་གཞི་འཛིན་ས་ཡིན་ངེས་ན། ཚོགས་གཙོར་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་སུ་བཅས་ཚར་བ་ཞིག་ལ་ལག་བསྟར་དུས་ཡུན་ཚད་བཀག་བཟོ་ཆོག་པའི་དམིགས་བསལ་དབང་ཆ་ཞིག་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་ཁང་གི་ནང་མཐོང་རྒྱུ་མེད་ཁར། མ་གཞི་ནས་ཁྲིམས་བཟོ་མཁན་ལ་རང་གིས་བཟོས་པའི་ཁྲིམས་ཀྱི་གོ་དོན་འགྲེལ་བརྗོད་དང་ལག་བསྟར་ནང་ཐེ་བྱུས་ཀྱི་དབང་ཆ་ཡོད་ན། དེ་ནི་སྒེར་གཅོད་ལམ་ལུགས་ཀྱི་འགྲོ་སྟངས་མངོན་གསལ་དོད་པོ་ཞིག་ཡིན།  སོང་ཙང་སྐབས་དེ་རང་ལ་གྲོས་ཚོགས་ནང་སྤྱི་འཐུས་རྒྱ་རི་བུ་ཕྲུག་གིས། གཅིག་ནས་ཚོགས་གཙོས་ཁྲིམས་ལག་བསྟར་དབང་ཚད་ལ་ཐེ་བྱུས་ཀྱི་འགྲེལ་བརྗོད་བྱས་པ་དང་། གཉིས་ནས་བརྒྱ་ཆ་མི་དགོས་པ་བཟོས་ཚར་ཉིན་ནས་མང་རིམ་རྩེ་བཏོག་གིས་འགྲོ་དགོས་པ་ནི་རྒྱ་གར་གཙོས་འཛམ་བུ་གླིང་གི་འགྲོ་ལུགས་ཡིན་པ་སོགས་ཀྱི་ཐད་གསལ་བཤད་ཁུངས་འཕེར་ཞིག་གནང་འདུག་ལ། རྒྱ་རི་བུ་ཕྲུག་གིས་“ཕལ་ཆེར་ངས་གོ་སྟངས་ནོར་མེད་ན་དཔལ་ལྡན་ཚོགས་གཙོས་ཁྲིམས་ཀྱི་གོ་དོན་འགྲེལ་བཤད་བསྐྱོན་སོང་བསམ་སོང་། འགྲེལ་བཤད་དེའི་དཔེ་མཚོན་ལའང་ག་རེ་བྱུང་ཞུས་པ་ཡིན་ན། མདོ་སྨད་ཀྱི་སྒུག་ཐོའི་ནང་ཡོད་བསྡད་པ་གཅིག་ཡོད་རེད་ཟེར། འདིར་འགྱུར་བ་ཕྱིན་པ་ཡིན་ན་ད་ལྟ་འདི་ལ་འབྲེལ་བ་ཆགས་རྒྱུ་མ་རེད་ཟེར། འདི་ཏག་ཏག་ཅིག་བསྡད་ཡོད་དམ་ཞུ་རྒྱུ་དང་། མ་གཞི་ནས་གྲོས་ཚོགས་ནང་ལ་ཁྲིམས་ལ་འགྲེལ་བརྗོད་བསྐྱོན་རྒྱུ་ནི་ག་ཚོད་ཅིག་ཡིན་ཡང་ཏག་ཏག་བསྡད་ཀྱི་མ་རེད་བསམ་གྱི་འདུག དེ་འདྲ་ཡིན་ཙང་དེ་ཚོ་གསལ་པོ་མ་བྱུང་ན་ཡག་པོ་མི་འདུག རྒྱ་གར་ནང་རྣམ་པ་ཚོས་མཁྱེན་གསལ་རེད། date permit དེ་འདྲའི་འགྱུར་བ་ཕྱིན་པ་ཡིན་ན་ད་དུང་སྒུག་ཐོའི་ནང་ཡོད་མཁན་ཚོ་ཚང་མར་ཆག་ཡང་ཡོང་གི་རེད་མ་གཏོགས། ཁྱེད་རང་ཚོ་སྔོན་མ་ཐག་བཅད་ཚར་བ་རེད། ད་ཁྱེད་རང་ཚོ་ཡར་འགྲོ་རྒྱུ་མ་རེད་ཅེས་རྒྱ་གར་ནང་དེ་ངོས་འཛིན་བྱེད་སྲོལ་མི་འདུག་ལ། འཛམ་གླིང་ནང་དུའང་དེ་འདྲ་ངོས་འཛིན་བྱེད་སྲོལ་མི་འདུག་”ཅེས་བརྗོད་འདུག སྤྱི་འཐུས་རྒྱ་རི་བུ་ཕྲུག་ནི་ད་ལྟའི་ཆར་གྲོས་ཚོགས་ནང་ཁྲིམས་ཀྱི་ཐོག་ཆེད་སྤྱོང་ཡོད་མཁན་ཞིག་ཡིན་པ་མ་ཟད། སྤྱི་འཐུས་རྒྱུན་རིང་གནང་བའི་ཉམས་མྱོང་ཅན་ཞིག་ཀྱང་ཡིན་སྟབས། ཁོང་གི་འགྲེལ་བརྗོད་འདིས་གནད་དོན་མང་པོ་ཞིག་ངང་གིས་གསལ་པོ་ཆགས་འདུག་སྙམ། 

༤༽ འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐབས།  སྤྱི་བསྡོམས་གྲངས་འབོར་གྱི་བརྒྱ་ཆ་ ༣༣ ལོན་དགོས་པ་གྲོས་ཚོགས་ནས་ཕྱིར་འཐེན་གནང་འདུག གལ་སྲིད་ཁྲིམས་སུ་བཅས་པ་གང་ཞིག་ལ་འགྲེལ་བརྗོད་འཕར་མ་དགོས་ཚེ་ཟུར་བརྗོད་ཅེས་འབྲི་སྲོལ་ཞིག་ཡོད་པ་དེའི་ནང་དུས་ཡུན་ཚད་བཀག་གིས་འབྲི་ཆོག་མོད། བསྐྱར་བཅོས་འདིའི་ནང་དེ་འདྲ་གང་ཡང་བཀོད་མི་འདུག གཞན་ཡང་གོང་ནས་འགྲེལ་བརྗོད་བྱས་པ་ལྟར། ཚོགས་གཙོར་ཁྲིམས་ལ་འགྲེལ་བརྗོད་རྒྱག་རྒྱུའི་དབང་ཚད་དང་།  ཁྲིམས་སུ་བཅས་ཚར་བ་ཞིག་ལ་ལག་བསྟར་གྱི་དུས་ཚོད་འཕར་འགྱངས་གཏོང་ཆོག་པའི་དབང་ཆ་ལྷག་མ་ཞིག་ཁྲིམས་སྒྲིག་གང་དུའང་གསལ་མེད་སྟབས། དབུས་འོས་བསྡུ་ལས་ཁང་གིས་ཁྲིམས་ཡིག་འདི་གཏན་འབེབས་བྱེད་སྐབས་ཀྱི་གོ་རིམ་ཚང་མ་སྣང་མེད་དུ་བཏང་སྟེ། ཚད་གང་ལ་བཞག་ནས་སྤྱི་འཐུས་ཀྱི་ཚོགས་གཙོ་གཞོན་གཉིས་ལ་ཁྲིམས་ལུགས་ལག་བསྟར་ཐད་བཀའ་མོལ་ཞུས་པ་དང་། གལ་སྲིད་བཀའ་འདྲི་ཞུས་པ་བརྒྱུད་ཁོ་ཚོས་ཁ་བཀོད་འཐེན་ཡོད་དབང་བྱས་ཀྱང་། དེ་ཚད་མར་འཛིན་ཆོག་པའི་ཁུངས་སྐྱེལ་ཁྲིམས་སྲོལ་གང་དག་ཡོད།

༥༽ ང་ལ་རྒྱབ་སྐྱོར་གནང་མཁན་རྣམས་ཀྱིས་རེ་སྐུལ་གནང་བ་ལྟར། ཕྱི་ཚེས་ ༢༥ ཉིན་ཁོ་བོ་འོས་བསྡུ་ལས་ཁང་དུ་སྒྲིག་གཞི་གསར་བ་དེ་ང་ལ་གཅིག་གནང་རོགས་ཞེས་ལེན་དུ་ཕྱིན་པ་ཡིན། འོས་བསྡུ་ལས་ཁང་གིས་ང་ཚོས་འོས་བསྡུའི་སྒྲིག་གཞི་གསར་བ་ད་དུང་དེབ་གཟུགས་སུ་དཔར་འགྲེམས་ཐུབ་མེད་ལ། ནང་དོན་སོགས་ཀྱི་ཐད་ནས་དཔར་ལོག་རྒྱག་རྒྱུ་དཀའ་ངལ་འཕྲད་བསྡད་ཡོད་སྟབས། ཚོགས་གཙོ་སྤེན་པ་ཚེ་རིང་ཚུར་མ་འབྱོར་བར་དུ་སྒུག་གི་ཡིན། ཁྱེད་རང་ཚོགས་དྲུང་སར་སོང་ནས་སློངས་དང་ཁོ་ཚོར་འདུག ཁ་ཉིན་འགན་འཛིན་ལས་འཕར་གཉིས་གསར་བསྐོ་སྐབས་ཀྱང་ཚོགས་དྲུང་ས་ནས་སྐྱ་དཔར་ཞིག་ཞུས་པ་ཡིན་ཞེས། འགན་འཛིན་རྣམ་པ་གསུམ་ཀྱིས་ཞལ་གཅིག་མཚུངས་ཀྱིས་འགྲེལ་བརྗོད་གནང་སོང་། སྤྱིར་བོད་གཞུང་ལ་ལས་ཆོད་མེད་པ་བདེན་ཡང་། ལོ་ངོ་གསུམ་མ་ཟིན་ཙམ་གྱི་རིང་འོས་བསྡུའི་སྒྲིག་གཞི་གསར་བ་དཔར་སྐྲུན་མ་ཐུབ་པར་ལྷག་པ་ནི་རྒྱུ་མཚན་གང་ལ་ཐུག་པ་དང་། ད་དུང་ནང་དོན་སོགས་ཀྱི་ཐད་གསལ་ཁ་མ་བྱུང་བ་ཡིན་ན། ཚོགས་གཙོ་སྤེན་པ་ཚེ་རིང་ལ་ནང་མོལ་ཞུས་པ་ཙམ་ཀྱིས་འགྲིག་འགྲོ་བ་ཞིག་རེད་དམ། 

༦༽ གཞན་ཡང་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཇ་ཁ་ཆང་ཁའི་ཉོག་བཤད་ཙམ་མ་ཡིན་པར། སྤྱི་འཐུས་གྲོས་ཚོགས་ཀྱི་གཞུང་འབྲེལ་ལས་རིམ་ཁག་གཙོ་སྐྱོང་བྱེད་སྐབས་ཀྱང་། ཁོ་བོ་༸རྒྱལ་རིན་པོ་ཆེར་མཚན་སྨད་ཞུ་མཁན་ཡིན་སྐོར་མིང་བཟུང་དོན་བཟུང་གིས་ནག་པོ་བཟོ་གང་ཐུབ་བྱེད་ཀྱིན་པ་ཀུན་གྱིས་མཁྱེན་གསལ་ཡིན་ན། ང་ནི་བཟང་ཡང་ངན་ཡང་མི་མང་གིས་འོས་བླུགས་ནས་སྤྱི་འཐུས་ཀྱི་སྒུག་ཐོའི་མཚམས་ལ་ཡོད་པ་སྤེན་པ་ཚེ་རིང་གིས་ཤེས་གསལ་ལྟར་རེད། དེར་བརྟེན། འོས་བསྡུའི་སྒྲིག་གཞིའི་ནང་འོས་བསྡུ་འགྲོ་བཞིན་པའི་སྐབས། ཁ་གཏད་འོས་མིར་རྐང་བཙུགས་ནས་གཞི་མེད་སྐྱོན་འཛུགས་མི་ཆོག་པ་དང་། དེ་ལྟར་བྱས་པ་ཡིན་ན་དོ་བདག་རང་ཉིད་ཀྱི་འདམས་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ཕྱིར་བསྡུ་བྱ་ཆོག་སྐོར་འཁོད་ཡོད་སྟབས། དབུས་འོས་བསྡུ་ལས་ཁང་ངོས་ནས་སྒྲིག་གཞི་དེ་ཚོ་གཞིར་བཞག་སྤེན་པ་ཚེ་རིང་གི་སྐད་ཆར་བརྡ་འདེད་གཏོང་མྱོང་ཡོད་དམ་མེད།

དགོས་འདུན་ཁག 

༡༽   དབུས་འོས་བསྡུ་ལས་ཁང་ངོས་ནས་ཐོག་མར་བར་མའི་འོས་བསྡུ་བྱེད་ཆོག་པའི་ཁྲིམས་སྒྲིག་གི་དབང་ཚད་དམ། ཆ་རྐྱེན་ཡོད་མེད་གསལ་ཁ་འབྱེད་དགོས་ན། ཕྲན་གྱིས་གོང་དུ་དབུས་འོས་བསྡུ་ལས་ཁང་དང་། སྤྱི་འཐུས་རྒྱུན་ལས་བཅས་ལ་དོགས་འདྲི་ཁག་དྲུག་ཕུལ་ཡོད་པ་དེ་ཚོར་བར་མའི་འོས་བསྡུའི་སྔོན་དུ་ལན་འདེབས་ཁ་གསལ་ཞིག་གནང་ནས། མང་ཚོགས་ཀྱི་དོགས་གཞི་གཙང་མ་བཟོ་དགོས།

༢༽  (སྐབས་བཅོ་ལྔའི་ཚོགས་དུས་གཉིས་པར་) འོས་བསྡུའི་སྒྲིག་གཞིར་བཟོ་བཅོས་བརྒྱབ་སྟེ། སྤྱི་འཐུས་ཀྱི་འོས་མིར་བརྒྱ་ཆ་མི་དགོས་པ་བཟོས་པའི་ཁྲིམས་སྒྲིག་འདི་ལག་བསྟར་ཐད་གླེང་རྙོག་བྱུང་ཡོད་སྟབས། ཟླ་གཉིས་ལྷག་ལས་མེད་པའི་འཆར་ལོའི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་ནང་། གྲོས་ཚོགས་སུ་སྤྱི་མོས་ཀྱིས་ཁྲིམས་སུ་བཅས་ཟིན་པ་དེ་རྩ་འཛིན་བྱེད་དགོས་པ་རེད་དམ། ཡང་ན་ཚོགས་གཙོས་ངག་ཐོག་གི་འགྲེལ་བཤད་དེ་རྩ་འཛིན་བྱེད་དགོས་ཀྱི་རེད། དེའི་གལ་གནད་ཐད་དོགས་གཅོད་བགྲོ་གླེང་མཐིལ་ཕྱིན་པ་གནང་ནས་གསལ་པོ་མ་བྱུང་བར་དུ་བར་མའི་འོས་བསྡུ་ཕྱིར་འགྱངས་བྱ་དགོས།

༣༽དབུས་འོས་བསྡུ་ལས་ཁང་གི་ངོས་ནས་ངའི་ཤུགས་རྐྱེན་གྱི་དབང་གིས་ཁྲིམས་ཀྱིས་སྐུལ་བའི་དབང་ཚད་ལག་བསྟར་མ་ཐུབ་པར། བར་མའི་འོས་བསྡུ་བྱ་དགོས་ཆགས་པའི་ར་སྤྲོད་གསལ་པོ་གནོངས་དང་། ཉི་མ་དེར་ཁོ་བོས་སྒུག་ཐོའི་ནང་དགོངས་པ་ཞུས་ཏེ་ངའི་རྗེས་ན་སུ་ཡོད་པ་དེ་རང་ཡར་བསྐོས་ནས་སྒྲིག་གཞི་ཚུལ་བཞིན་ལག་བསྟར་གནང་ན། ཁོ་བོར་རྩོད་གཞི་གང་ཡང་མེད་པ་ཡིག་ཐོག་ནས་ཕུལ་ཟིན་ལ་བསླར་ཡང་བསྐྱར་ནན་ཞུས་པ་ཡིན། 

༤༽ ཕྲན་གྱིས་འདེམས་དམངས་ཡོངས་ཀྱི་རེ་བཅོལ་གཞིར་བཞག་གིས།  ཡིན་ལུགས་ཚུལ་མཐུན་ངང་གང་ཞུས་པ་དེ་དག་སྣང་མེད་བཏང་སྟེ། དབུས་འོས་བསྡུ་ལས་ཁང་གི་ངོས་ནས་བར་མའི་འོས་བསྡུ་བྱས་པ་ཡིན་ན། ལས་རིམ་དེའི་ནང་ང་དང་ངའི་རྒྱབ་སྐྱོར་བ་རྣམས་ཀྱིས་གདམས་བྱ་འདེམས་བྱེད་ཀྱི་ཆ་ཤས་ལེན་དགོས་མིན་བསམ་གཞིགས་བྱ་རྒྱུ་མ་ཟད། དེ་འབྲེལ་གྱི་གླེང་རྙོག་ལྷག་འཕྲོས་བྱུང་ཚེ་འབྲེལ་ཡོད་ཚན་པའི་འགན་ཆ་ཚང་འཁུར་དགོས་ཡོད།།

 

                                                                           ཨ་ཚོགས་ཀླུ་མཁར་བྱམས་ཀྱིས། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༨ ཉིན་ ༼དྷ་ས་ནས༽ གུས་ཕུལ།

དཔྱད་གཞི་རྒྱུ་ཆ:

·       ཚོགས་དྲུང་ལས་ཁུངས་ཀྱི་སྐྱ་དཔར།  (ལེའུ་བཞི་པ/ བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ/ དོན་ཚན་ང་གཅིག་པ། འོས་ཤོག་གྲངས་བཤེར་དང་ཕྱོགས་བསྡོམས།ནང་གསེས་གཉིས)

·       <<བོད་ཀྱི་དུས་བབ>> https://tibettimes.net/news.php?showfooter=1&id=8340

·       གྲོས་ཚོགས་སྐབས་བཅོ་ལྔ་པ་ཚོགས་དུས་གཉིས་པ། (གྲོས་ཚོགས་ལས་རིམ་གསར་ཤོག)

·       སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར། (ཡིག་ཆ་ཨང་༡༡༩ པ།)

·       སྐབས་དེའི་ལས་རིམ་འོད་སྡེར་བཅས་ཡིན། 

 

ངོ་བཤུས་འབུལ་ཡུལ།

༡ དབུས་འོས་བསྡུ་ལྷན་ཁང་།

༢ ཚོགས་དྲུང་ལས་ཁུངས།

༣ བླ་བྲང་དགའ་ལྡན་ཕོ་བྲང་།

༤ ཆེས་མཐོ་ཁྲིམས་ཞིབ་ཁང་།

༥  བཀའ་ཤག་ལྷན་རྒྱས།     

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༥ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 14

  1. ཐོས་པ་དགའ། ཐོག་མར་རང་ཉིད་ངོས་བཟུང says:
    ལོ་ 11 སྔོན།

    ཀླུ་བྱམས!ད་དུང་ཁྱོད་ཀྱིས་བཙན་བྱོལ་ནང་དཀྲུག་ཤིང་བྱས་པས་ཡིད་མ་ཚིམས་སམ། ད་ཁྱོད་ཀྱིས་རིན་པ་མི་དགོས་པ་ཞིག་ཉོ་དྲོ་འདུག

    Reply
  2. གུ་རུ་སྐྱབས། says:
    ལོ་ 11 སྔོན།

    དངོས་གནས་དྲང་གནས་ཐབས་སྐྱོ་བོ་རེད། བྱེད་སྟངས་དེ་འདྲ་ཡིན་ན་ཀླུ་མཁར་བྱམས་ཀྱིས་སྐྱག་པ་བཟའ། དངོས་གནས་དྲང་གནས་ཡིན། ངས་སྔོན་ཆད་ཀླུ་མཁར་བྱམས་ཀྱིས་རང་བཙན་ལྟ་བ་བཤད་ཀྱི་ཡོད་པ་དེ་ནོར་འཁྲུལ་ཞིག་རེད་ཁྱོན་ནས་བསམ་གི་མེད། རྒྱ་ནག་གི་ད་ལྟའི་བཤད་སྤྱོད་དེའི་འོག་ནས་ང་ཚོས་རང་བཙན་རྩོད་རྒྱུ་ལས་གདམ་ག་གཞན་ཡོད་པ་མ་རེད། རྒྱལ་བ་རིན་པོ་ཆེ་མཆོག་ལ་སྐྱོན་བརྗོད་བྱས་པ་རེད་ཟེར་བ་དེ་ཡང་བཤད་ཡམས་ཙམ་ལས་དོན་གྲུབ་ལྷ་དར་དང་འཇམ་ནོར་ལྟ་བུར་དངོས་སུ་སྐྱོན་བརྗོད་བྱས་ཡོད་པ་ཞིག་མཐོང་མ་སོང་། ཡིན་ནའང་ངས་སྐད་ཆ་འདི་གོ་ནས་དངོས་ནས་ཁོང་ཁྲོ་ཆེན་པོ་ལངས་སོང་།
    ཁ་བརྡའི་མཆན་གྱི་ནང་དུ་ཀླུ་མཁར་བྱམས་ཀྱིས་ཁ་ནས་སྙན་པོ་ཤོད་ཀྱི་ཡོད་པ་ལས་དོན་ལ་ད་རེས་ཁོ་རང་མདོ་སྨད་སྤྱི་འཐུས་འཐོབ་ཆེད་དུ་མདོ་སྟོད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་དང་བོན་པོའི་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་སོགས་ལ་ལྐོག་འབྲེལ་བྱས་ཏེ་ཁོ་ཚོས་ཇུས་འགོད་བརྒྱུད་སྐུལ་བྱས་པ་ལྟར་ད་རེས་རྙོག་འདྲ་བཟོ་ཐབས་བྱེད་ཀྱི་ཡོད་པ་རེད་ཟེར། སྐད་ཆ་འདི་མཐོང་སྟེ་དངོས་གནས་དྲང་གནས་ཚུགས་པ་ཟོས་སོང་། མཆན་བུ་དེ་ངས་འོག་ཏུ་བཀོད་ཡདོ།
    # 5 འཕྲིན་ལས་ལྷུན་གྲུབ་་ལགས་ཀྱིས་མཆན་བཏབ་པ།:
    December 30th, 2013 at 9:12 AM
    ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་རྩ་བ་ནས་མེད་ལ། རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཞུས་པ་རྣམས་ཀྱང་རེ་རེ་བཞིན་བསྟན་རྒྱུ་ཡོད། དྲ་ཐོག་ལ་དཔར་རྒྱབ་ནས་བཞག་ཆོག་ཆོག་ཡིན།
    འོན་ཀྱང། ཁོང་ལ་དོན་མེད་ནག་པོ་བཟོ་བ་དང། དྲང་པོ་མ་བྱས་ན་དེ་ཡང་རྩ་བ་ནས་འགྲིག་གི་མ་རེད། རྙོག་དྲ་དེ་རྣམས་ས་ས་དང་རྡོ་རྡོའི་གནས་སུ་བསྐྱལ་ཏེ་གཙང་མ་གཙང་རྐྱང་བཟོ་ དགོས་པ་དེ་འོས་བསྡུ་འགན་འཛིན་ཁོ་ནར་ཡོད་པ་རེད། ཁ་སྔོན་བོད་ཀྱི་དུས་བབ་བཅའ་འདྲི་ནས་བཟུང་སྟེ་འགན་འཛིན་ཤར་པ་འདྲ་བོ་དེས་འདྲ་ མི་འདྲ་གང་མིན་ཚད་ལབ་སོང། སོང་ཙང། གཙང་མ་བཟོ་མཁན་དེ་ཁོའི་འགན་རེད། བཟོ་དགོས་པ་རེད།
    དེའི་རྗེས་ལ། བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་སོགས་འགྲེལ་ལོག་རྒྱབ། ད་དུང་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་བཀའ་ཤག་དང་སྤྱི་འཐུས་ལ་གསུངས་ པ་ཡིན་ན། སྤྱི་འཐུས་གཅིག་དེ་མ་འདེམས་ནའང་ཆོག་གི་ཡོད་ཚུལ་ལབ་པ་རེད། འདི་ཚོ་ཚང་མ་ཁྲིམས་འགལ་དང་ཉོག་གཏམ་རྐྱང་རྐྱང་རེད། རྙོག་གླེང་འདི་གཙང་མ་ཆགས་མཚམས། འོས་བསྡུ་འགན་འཛིན་ཆོས་བཟང་ཤར་པ་འདྲ་བོ་དེ་ངས་ཆེས་མཐོའི་ཁྲིམས་ཁང་དུ་ཁྲིམས་ སྒྲིག་གི་འབྲུ་དོན་ལ་འགྲེལ་ལོག་རྒྱབ་སྟེ་མི་མང་ནས་བརྡབ་གསིག་བཟོས་པའི་ཁ་ མཆུ་འཛུགས་ཀྱི་ཡིན།
    དེ་བཞིན། དཔལ་ལྡན་ཚོགས་གཙོས་ཀྱང་དྲང་པོ་དང་བདེན་པ་ཚད་ཐུབ་བྱས་ཏེ་གསལ་བཤད་གསལ་ཐང་ཐིང་ཞིག་རྒྱག་དགོས་པ་གལ་ཆེན་རེད།
    དེ་ནས་ཀླུ་མཁར་བྱམས་ཀྱིས་སྨོན་ལམ་མཐར་ཕྱིན་དང་གསེར་རྟ་ཚུལ་ཁྲིམས་སོགས་ དང་ལྐོག་ལག་སྦྲེལ་ནས་གོ་སྐབས་དམ་འཛིན་གྱིས་རྙོག་དྲ་བཟོ་གི་འདུག་ཅེས་ཀྱང་མི་ མང་པོས་འཛོམས་འཛོམས་ཚོགས་ཚོགས་བྱེད་ཀྱི་ཡོད་པ་མཐོང་འདུག དེ་འདྲ་ཡིན་ན། ཁྱེད་ཀྱི་གསལ་བསྒྲགས་ནང་གི་རང་སྲེག་བརྒྱ་ཁ་ལོང་རབ་ཅན་དེ་དག་ནི་ཁ་ཙམ་ཚིག་ཙམ། ཁྲམ་པ་མ་བིན་གྱི་སྐད་ཆ་ཡིན་སྟབས་གཟབ་གཟབ་བྱེད་དགོས་པ་རེད་དྲན། གང་ལྟར་གནས་སྐབས་མགོ་བདེ་འདྲ་བྱས་ན་འགྲིག་འགྲིག་འདྲ་ཡང། ཡུན་དུ་ལས་འབྲས་ཀྱི་རྩ་བ་ཉིད་ནས་ཐར་པ་གཏོང་གི་མ་རེད་ལ། གལ་སྲིད་ཁྱེད་ནས་དེ་ལྟར་ཆབ་སྲིད་འཁྲབ་བཞིན་ཡོད་ན། ལམ་འགྲོ་རྩ་བ་ནས་ཡོང་གི་མ་རེད་ཅེས་ཀྱང་ཞུ་འདོད་བྱུང།།

    Reply
  3. སེངྒེ་ says:
    ལོ་ 11 སྔོན།

    ཀླུ་ མཁར་ བྱམས་
    མི་དམངས་ལ་འདོད་པ་ཡོད་མེད་བལྟ་ཡ་རེད་མོད།

    Reply
  4. གངས་བཙན་པོ། says:
    ལོ་ 11 སྔོན།

    ཆབ་སྲིད་པ་ཁ་ཤེས་ཀྱི་ལག་ཆ་གྱུར་བའི་ཀླུ་མཁར་བྱམས་ཁྱེད་ཀྱི་རང་ཚུགས་བཟུང་ནས་བཙན་བྱོལ་ནང་ལ་དཀྲུགས་ཤིང་མ་རྒྱག་རོགས། སྒེར་ནད་འཕར་ན་སྨན་ཟོས་ཡ་ཉལ་ནས་སྡོད། ཁྱེད་ཀྱི་སྐད་ཆ་དེ་ཚོ་ར་བཟི་ཞིག་གི་སྐད་ཆ་འདྲ་བོ་མ་གཏོགས་གནས་ལུགས་དང་རྒྱུ་མཚན་ཅི་ཡང་མི་འདུག

    Reply
  5. བསྟན་འཛིན། says:
    ལོ་ 11 སྔོན།

    གལ་ཏེ་མི་བུ་སུ་ཞིག་སྐུ་ཞབས་ཀླུ་མཁར་བྱམས་ལ་མ་དགའ་ན་ཆོག་ལ།  ཁོང་ལ་རྒྱབ་སྐྱོར་མ་བྱས་ན་ཡང་ཆོག་མོད།  འོན་ཀྱང་བདེན་པ་དང་གནས་ལུགས་ལ་རྒྱབ་སྐྱོར་མ་བྱས་ན་གཏན་ནས་མི་འགྲིག  
    དེང་སང་བདེན་དོན་ལ་རིན་ཐང་ཆུང་ཞིང་།  བདེན་པ་ཟེར་བ་རྩེད་ཆས་ཙམ་དུ་གྱུར་ཡོད་པ་ནི།  བོད་གཞུང་གི་ལས་རྟགས་ཐོག་”བདེན་པ་ཉིད་རྒྱལ་གྱུར་ཅིག”ཅེས་པ་དེས་མཚོན་ཐུབ།  
    གལ་སྲིད་བདེན་དོན་རྒྱལ་དགོས་ན་བདེན་དོན་ལ་རྒྱབ་སྐྱོར་བྱེད་དགོས།  

    Reply
  6. བློ་བཟང་དོན་ལྡན། says:
    ལོ་ 11 སྔོན།

    ང་རང་ཐོག་མ་ཨ་ཚོགས་ཀླུ་མཁར་བྱམས་མདོ་སྨད་སྤྱི་འཐུས་ནང་ཧ་ཅང་ཡག་པོ་འདུག་བསམ་པ་ཞིག་བྱུང་མ་སོང་། འོས་བསྡུ་སྔོན་མ་དག་གི་སྐབས་ལ་ངས་ཁོ་ལ་འོས་བླུགས་པ་ཞིག་དྲན་གྱི་མི་འདུག ཡིན་ནའང་ཉེ་ལམ་ངོ་དེབ་དང་ཁ་བརྡ་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་སོ་སོ་ཁྱབ་བསྒྲགས་བྱེད་མཁན་ཁག་ཅིག་བྱུང་ཡོད་པ་དེ་དག་མཐོང་སྟེ་ངོ་མ་ཡིད་ཐང་ཆད་སོང་། འདི་ལ་དྲི་བ་གཅིག་ལས་མེད། ཁྱོད་ཅག་མདོ་སྨད་སྤྱི་འཐུས་ནང་འཚང་དོན་ཅི་ཡིན་གལ་སྲིད་བསླེབས་ན་ཁྱོད་ཅག་གིས་ཅི་ཞིག་བྱེད་ཐུབ་འདི་རང་ཡིན། སོང་ཙང་ཨུ་ཐུག་པའི་ནང་ནས་ངས་ད་རེས་ཨ་ཚོགས་ཀླུ་མཁར་བྱམས་འོས་འདེམས་བྱས་པ་ཡིན། ཀླུ་མཁར་བྱམས་ལ་ཤེས་འཇོན་འདི་དང་དེ་འདུག་ཟེར་ནས་ཞུ་རྒྱུ་མེད་ཀྱང་བརྒྱུད་ལམ་ཁག་ཏུ་འགྲོ་བཞིན་པ་བུ་གུ་དེ་དག་ལས་ཡག་ཐག་ཆོད་ཡིན་པ་བརྒྱ་ཆའི་བརྒྱ་ཡིན་པས་དབང་གིས་ངས་ཀླུ་མཁར་བྱམས་བདམས་པ་ཡིན།

    Reply
  7. ཆོས་ཟུར་རིན་ཆེན་དོན་གྲུབ། says:
    ལོ་ 11 སྔོན།

    རང་རེའི་དབུས་འོས་བསྡུ་ལྷན་ཁང་གི་ངོས་ནས་རྩ་ཁྲིམས་ནང་གང་གསལ་བ་ལྟར་ལག་ལེན་གནང་རྒྱུ་གལ་ཆེ་བ་ལས། རྩ་ཁྲིམས་ཀྱི་དགོངས་དོན་རྩ་གཏོར་དང་དོན་མེད་དངུལ་སྒོར་འཕྲོག་བརླག་ཡེ་ནས་གཏོང་མི་འོས། ང་ཚོས་འཛམ་གླིང་ཀུན་ལ་ངོམས་སུ་ཆོག་པའིགཅེས་ནོར་གཅིག་ནི་དམངས་གཙོ་ཁོ་ན་ཡིན་པས། ད་རེས་དམངས་གཙོའི་དགོངས་དོན་གཞིར་བཅོལ་ནས་སྒུག་ཐོའི་རྕེ་ཏོག་སྐུ་ཞབས་ཀླུ་མཁར་བྱམས་ངེས་པར་སྤྱི་མཐུས་སུ་འཇོག་དགོས། སྐུ་ཞབས་ཁོང་གིས་ད་བར་བོད་དོན་ཐོག་སྐུ་ལས་བཀྱོན་པའང་ཉུང་ཉུང་ཞིག་གཏན་ནས་མིན། འོན་ཀྱང་དམངས་གཙོའི་སྤྱི་ཚོགས་ཁྲོད་རྒྱལ་ཁབ་གཅིག་གི་ཁེ་ཕན་དོན་དུ་ཕྱག་ལས་གནང་སྐབས་ཆབ་འབངས་ཐམས་ཅད་ཀྱི་ལྟ་བ་གཅིག་པ་གཅིག་རྐྱང་འོང་དགོས་མེད་ལ། དེ་ལྟར་ཡོང་བ་ནི་ནམ་མཁའི་མེ་ཏོག་ལས་མ་འདས། ཐ་ན་རྒྱ་ནག་དམར་པོའི་ཁྱབ་ཁོངས་སུའང་ལྟ་བ་འདྲ་མིན་ཐོན་གྱིན་པ་ཚང་མས་མཐོང་གསལ་རེད། སྐུ་ཞབས་ཁོང་གིས་རང་བཙན་གྱི་ལྟ་བ་བཟུང་བ་ཙམ་གྱིས་སྤྱི་མཐུས་སུ་འགྲོ་མི་ཆོག་བསམས་ན། བརྒྱ་ཆ་བརྒྱ་ནོར་བ་རེད། བོད་བཙན་པོའི་སྙིང་སྟོབས་ཀྱི་བག་ཆགས་བདེ་བླག་ཏུ་སད་གྱུརད་ཅིག།

    Reply
  8. གངས says:
    ལོ་ 11 སྔོན།

    ཨ་ལ་ལ། གནས་ཚང་ཟེར་བའི་མི་འདིའི་སྐད་ཆ་ག
    སོ་མོ་ཞིག་བཤད་ཡོད་གི ཨ་ཚོགས་ལྟ་བའི་མི་བཅུ་ཡོད་ན་བོད་ཀྱི་བདེན་མཐའ་སེལ་འགྲོ་བ་ཞིག་བཤད་འདུག་ག ཡ་ཡ་དེས་ད་ཐེངས་འོས་ཤོག་འདི་ཨ་ཚོགས་ཐོབ་པར་ཤོག ཐོབ་ནས་བོད་ཀྱི་བདེན་མཐའ་སེལ་བར་ཤོག རྙོག་དྲ་ཞིག་མེད་པར་སྨོན དཀོན་མཆོག་གསུམ་པོས་མཁྱེན ད་མདོ་སྨད་སྤྱི་འཐུས་འདི་མི་བུ་འཇོན་ཐང་ཅན་ཞིག་ལ་ཐོབ་པར་ཤོག

    Reply
  9. བློ་འཕེལ། says:
    ལོ་ 11 སྔོན།

    ཨ་ཚོགས་ཀྱིས་དོགས་སློང་མང་ཙམ་གནང་འདུག། བདེན་ན་ཐང་། འོན་ཀྱང་ཕྱོགས་གཅིག་གི་སྐད་ཆ་རེད། ཕྱོགས་གཞན་པས་གསལ་བཤད་བསྒུག་ནས་ཡོད།

    ཀླུ་མཁར་ལགས། ཚོད་ཐུག་རྒྱུ་གལ་ཆེ། གདེང་ཚོད་མེད་ན་ཆུ་ལྕེབ་བྲག་ལྕེབ་མ་བྱས་ན་བཟང་། ཁ་ཤས་ཀྱིས་རྒྱབ་ནས་འབུད་རྒྱག་བཏང་ནས་འཛུམ་མུལ་མུལ་འདུག་གི་རེད།
    བདེན་པ་སུ་ལ་ཡོད་ན་བདེན་མཐའ་གང་མགྱོགས་གསལ་བར་ཤོག།

    Reply
  10. བདེན་སྐྱོང་། says:
    ལོ་ 11 སྔོན།

    ཀླུ་མཁར་བྱམས་ཀྱི་དྲི་བ་དྲུག་དང་དགོས་འདུན་བཞི་ལ་ངེས་པར་དུ་འོས་བསྡུ་ལས་ཁང་ནས་བསལ་པོ་བཟོ་དགོས། ཁྲིམས་དེ་གང་ཟག་གི་དབང་བསྒྱུར་བྱས་ནས་ཀླུ་མཁར་བྱམས་ཀྱི་དགོས་འདུན་དང་དྲི་བ་ཁག་ལ་གསལ་ཁ་མ་བཟོས་པ་ཡིན་ན་མ་འོངས་པར་ཁྲིས་ལ་གུས་བརྩི་ཞུ་ཐབས་བྲལ། ཁ་སང་ནས་གནད་དོན་དེར་འདོད་པ་ཁེངས་མེད་་་སྡུག་རུས་བྱས་ནས་བསྡད་པ་ཡིན་་་་་ཉིན་ཞིག་་་་་་

    Reply
  11. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 11 སྔོན།

    རྒྱལ་གཅེས་དཔའ་བོ་ཀླུ་མཁར་བྱམས་ལ་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད། ལྟས་ངན་སྲིད་དབང་སྒེར་གཅོད་རིང་ལུགས་པ་རོ་ལང་རྒྱག་ནས་ཁྲིམས་འགལ་གྱི་འོས་བསྡུ་གནང་ན་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

    Reply
  12. གནས་ཚང་། says:
    ལོ་ 11 སྔོན།

    གལ་སྲིད་རྡ་ས་ནས་ཨ་ཚོགས་ལགས་ལྟ་བུའི་མི་རྒོད་བཅུ་ཡོད་ན། བོད་ཀྱི་རང་དབང་འཐབ་རྩོད་ལའང་གྲུབ་འབྲས་ཐོན་ཤག་རེད། སྟབས་མ་ལེགས་པའམ་བོད་ལ་བསོད་ནམས་མེད་པས་ཁོང་གཅིག་པུ་ལྷག་འདུག

    Reply
  13. བསྟན་འཛིན། says:
    ལོ་ 11 སྔོན།

    མི་བུ་སྒེར་ཚིགས་ཅན་ཟེར་བ་ཁྱེད་རེད།  ཁྱེད་ནི་ཨ་མདོ་བའི་རྣ་མཆོག་དང་།  བོད་མིའི་ལ་རྒྱ་ཡིན་ལོ།།  
    དཀོན་མཆོག་གིས་ཁྱེད་ལ་བསྲུང་གྱུར་ཅིག

    Reply
  14. བོད་ཀྱི་བུ། says:
    ལོ་ 11 སྔོན།

    ངོ་མ་དཔའ་བོ་རེད། བོད་རྒྱལ་ཁབ་དང་མི་རིགས་ལ་བསམ་བློ་གཏོང་གི་ཡོད་པ་འདི་འདྲ་གཟི་བརྗིད་རེད། ད་དུང་མུན་ནག་ནས་མུན་ནག་གི་འོག་ཁྲིམས་འགལ་བྱས་ནས་འོས་བསྡུ་གནང་ཚེ་ཆ་ཤས་ལེན་གི་མིན་ལ། ངོ་རྒོལ་བརྒྱ་ཆ་བརྒྱ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese