རྒྱ་ནག་གཞུང་གིས་ཁམས་ནགས་ཤོད་འབྲི་རུ་འབྲོང་སྣ་དགོན་པའི་གྲྭ་བ་ཁག་ཅིག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། དགོན་པའི་འདུ་ཁང་དང་གྲྭ་ཤག་ཚང་མར་དམ་རྒྱ་སྦྱར་ཡོད་འདུག
སྦེལ་ཇེམ་གནས་སྡོད་བསམ་འགྲུབ་ལགས་ཀྱིས་གསར་ལམ་དུ་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༡༡ ནས་བཟུང་ཁམས་ནགས་ཤོད་འབྲི་རུ་རྫོང་འབྲི་རུ་ཞང་འབྲོང་སྣ་དགོན་པའི་རིག་གནས་དགེ་རྒན་སྐལ་བཟང་དོན་འགྲུབ་ལགས་གཙོས་གྲྭ་བ་ཁག་ཅིག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། ཉེ་ལམ་དགོན་པར་སྔོག་བཤེར་བྱེད་རྒྱུ་ཡིན་ཚུལ་བཤད་དེ། གྲྭ་བ་ཚོའི་ཅ་དངོས་དང་དགོན་པའི་ནང་ཕ་སྐད་གཙང་མ་བཤད་དགོས་པའི་ལས་འགུལ་སྤེལ་སྐབས་གསོག་ཉར་བྱས་པའི་ཉེས་ཆད་ཀྱི་དངུལ་སྒམ་བཅས་གཞུང་གཞུང་བཞེས་བཏང་བ་དང་། དགོན་པ་སྒོ་རྒྱག་བཅུག་ཏེ་འདུ་ཁང་དང་གྲྭ་ཤག་གི་སྒོ་ངོས་ཡོངས་སུ་དམ་རྒྱ་སྦྱར་ཡོད་འདུག
ཉེ་བའི་ཆར་ས་གནས་མི་མང་གིས་རྒྱ་ནག་གི་དམ་དྲག་འོག་དགོན་པའི་གྲྭ་ག་ཚོད་ཅིག་འཛིན་བཟུང་བྱས་ཡོད་མེད་དང་། ཁོང་ཚོའི་ད་ལྟའི་གནས་སྟངས་གང་འདྲ་ཆགས་མིན་མ་ཤེས་པར་ལྷག་ཡོད་འདུག
འབྲོང་སྣ་དགོན་ནི། འབྲི་རུ་རྫོང་ཁོངས་ཀྱི་གྲྭ་བའི་གྲངས་འབོར་མང་ཤོས་ཀྱི་དགོན་པ་ཞིག་ཡིན་འདུག་ལ། ཉེ་ལམ་རྒྱ་གཞུང་གིས་གང་བྱུང་དགོན་པའི་གྲྭ་བ་འཛིན་བཟུང་དང་། འདུ་ཁང་དང་གྲྭ་ཤག་གི་སྒོ་ངོས་བཅས་སུ་དམ་རྒྱ་སྦྱར་ཏེ་དམ་དྲག་ཤུགས་ཆེར་བྱས་སྟབས། ས་གནས་མི་མང་གིས་རྒྱ་གཞུང་གིས་དགོན་པའི་གྲྭ་བ་ཚོས་ནམ་རྒྱུན་མི་རིགས་ཀྱི་རིག་གནས་དང་སྐད་ཡིག་རྒྱུན་འཛིན་དར་སྤེལ་ཆེད། དགོན་པ་དང་ས་གནས་སུ་ཕྱག་ལས་རབས་དང་རིམ་པ་གནང་བ་ལ་བརྟེན་ནས་འཛིན་བཟུང་དམ་དྲག་བྱས་པ་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག
གསར་འགོད་པ། དོན་གོ