མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༥༥ ཡིས་གོམ་བགྲོད་གནང་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་རྗེས་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་མི་གྲངས་ ༥༥ ཡིས་ངྷ་རམ་ས་ལ་ནས་ལྡི་ལིའི་བར་ཞི་བའི་གོམ་བགྲོད་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་སོང༌།  

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༡༥ སྟེང༌། ངྷ་རམ་ས་ལའི་དབུས་བོད་ཀྱི་གཞོན་ནུའི་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཟླ་རྗེས་མའི་ཚེས་ ༨ ཉིན་ནས་བོད་མིའི་སྒེར་ལངས་ཉིན་མོ་སྟེ་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བར། བོད་མི་ ༥༥ ཡིས་ངྷ་རམ་ས་ལ་ནས་མགོ་བཙུགས་ཏེ་སྤྱི་ལེ་ ༦༠༠ ལྷག་གི་སར་ཡོད་པའི་རྒྱ་གར་རྒྱལ་ས་ལྡི་ལི་གསར་བའི་བར། བོད་མིའི་སྒེར་ལངས་གོམ་བགྲོད་ཅེས་པའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་སྐོར་བསྒྲགས་སོང༌། 

དེའི་སྐོར་ལ་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས། ང་ཚོ་རྒྱུན་ལས་གསར་པ་ཚོ་འོས་འདེམས་བྱས་ཏེ་ཟླ་ ༦ འགྲོ་བཞིན་ཡོད་ཅིང༌། དུས་ཡུན་དེའི་ནང་ང་ཚོས་ཆབ་སྲིད་ཀྱི་ལས་འགུལ་གཙོས་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ། སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ལས་འགུལ་གང་འཚམ་ཞིག་སྤེལ་ཡོད། འོན་ཀྱང་ང་ཚོ་རང་དབང་ལུང་པར་སྡོད་མཁན་ཚོར་འགན་ཆེན་པོ་ཞིག་ཡོད་པ་དང༌། ལྷག་པར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལྟ་བུ་མཚོན་ན་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ཡིད་ཆེས་དང་རེ་བ་བྱེད་ཡུལ་ཞིག་ཆགས་ཡོད་སྟབས། ང་ཚོས་ངོས་ནས་བོད་ནང་གི་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད། ལྷག་དོན་དུ་སྐུ་ལུས་མེར་བསྲེགས་གནང་མཁན་ཚོའི་འབོད་སྒྲ་ལ་གུས་བཀུར། བོད་ནང་གི་གནས་སྟངས་རྒྱལ་སྤྱིའི་སྡིངས་ཆར་ཁྱབ་བསྒྲགས་བཅས་ཀྱི་ཆེད་དུ། ད་རེབ་ལས་འགུལ་འདི་གོ་སྒྲིག་བྱས་པ་ཡིན་ཞེས་སོགས་བརྗོད་སོང༌།

གསར་འགོད་གསལ་བསྒྲགས་ནང་ “བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང༌། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་འཛམ་གླིང་གི་ཡང་རྩེར་སྙེག་བཞིན་པའི་སྐབས་འདིར་རྒྱ་གཞུང་གིས་གདེང་སྤོབས་ཆེན་པོས་བོད་ནང་གི་བོད་མི་ ༡༢༥ ལྷག་གི་གཅེས་པའི་ལུས་སྲོག་མེ་རུ་བསྒྲོན་ནས་ “༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། བོད་ལ་རང་བཙན་དགོས།” སོགས་ཀྱི་དགོས་འདུན་དང་ཞུ་འབོད་ཁག་ལ་བཟང་ཕྱོགས་ཀྱི་ཡ་ལན་སྤྲོད་རྒྱུ་ལས་ལྡོག་སྟེ། བོད་ནང་བོད་མི་ཚོར་བཟོད་པར་དཀའ་བའི་དམ་དྲག་དང་བཙན་གནོན་ཇེ་ཆེར་གཏོང་བཞིན་པ་མ་ཟད།  ༧གོང་ས་མཆོག་ལ་གཞི་མེད་མཚན་སྨོད་བྱེད་པ། འཛམ་གླིང་ནང་དྲང་བདེན་མིན་པའི་འཁྱོག་བཤད་སྣ་མང་བྱེད་པ་སོགས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་ནི་རང་ཅག་བོད་མི་རྣམས་ཀྱི་སེམས་ལ་བཟོད་ཐབས་མེད་པའི་ན་ཟུག་ཞིག་ཆགས་ཡོད”ཅེས་སོགས་བཀོད་འདུག

གོམ་བགྲོད་ནང་མི་ ༥༥ འདེམས་དགོས་པའི་རྒྱུ་མཚན་སྐོར་གསལ་བསྒྲགས་ནང༌། ༢༠༡༤ ཟླ་ ༣ ཚེས་ ༡༠ ཉིན་ནི། ༡༩༥༩ ལོར་བོད་མི་ཚོས་རྒྱ་དམར་གྱི་དབང་བསྒྱུར་ལ་ངོ་རྒོལ་སྒེར་ལངས་བྱས་ཏེ་ལོ་ངོ་ ༥༥ ཧྲིལ་པོ་འཁོར་བའི་དུས་ཚིགས་ཤིག་ཆགས་ཡོད་སྟབས།  གོམ་བགྲོད་པ་བོད་མི་ ༥༥ ནི་རྒྱ་དམར་གྱི་དབང་བསྒྱུར་དང་བཙན་གནོན་འོག་གི་བོད་མི་རྣམས་ཀྱིས་ཡ་ང་བའི་མུན་ནག་གི་ལོ་ངོ་ ༥༥ བཟོད་པར་དཀའ་བའི་སྡུག་བསྔལ་གྱི་ནང་སྐྱེལ་བའི་ལོ་གྲངས་མཚོན་བྱེད་ཅིག་ཡིན་ཞེས་བཀོད་འདུག

ཐེངས་འདིའི་ལས་འགུལ་དང་བསྟུན་ཏེ་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཏུ་དགོས་འདུན་དོན་ཚན་ ༥ ཅན་གྱི་ཡིག་ཆ་ཞིག་འབུལ་རྒྱུ་ཡིན་འདུག་ལ། དེ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་དང༌། ལྡི་ལིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་བཅས་སུ་ཡང་གཞོན་ནུའི་དགོས་འདུན་དེར་རྒྱབ་སྐྱོར་གྱིས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག

གསལ་བསྒྲགས་ནང༌། གལ་སྲིད་རྒྱ་གཞུང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དགོས་འདུན་ཁག་ལ་དོན་ཕན་ལྡན་པའི་ཡ་ལན་མ་བྱུང་ཚེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལས་འགུལ་ནམ་ཡང་མཚམས་འཇོག་བྱ་རྒྱུ་མིན་སྐོར་དང༌། དེ་བཞིན། རྒྱལ་ཚོགས་དང་རྒྱལ་ཁབ་ཁག་གིས་གཞོན་ནུའི་དགོས་འདུན་ལ་རྒྱབ་སྐྱོར་མ་བྱས་ཚེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འབོད་སྐུལ་ལས་འགུལ་སྔར་ལས་ཚད་ཇེ་མཐོ་དང་ཤུགས་ཇེ་ཆར་གཏོང་རྒྱུ་ཡིན་ཞེས་སོགས་བཀོད་འདུག

དགོས་འདུན་ཁག་ནི། དང་པོ། ༢༠༠༩ ཟླ་བ་ ༢ ནས་བཟུང་བོད་ནང་བོད་མི་ ༡༢༥ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ནས་༧གོང་ས་མཆོག་བོད་ལ་གདན་ཞུ་དགོས་པ་སོགས་ཀྱི་དགོས་འདུན་ལ་རྒྱ་གཞུང་གིས་དྲང་བདེན་གྱི་ཡ་ལན་སྤྲོད་དགོས། གཉིས་པ། རྒྱ་ནག་གི་བཙོན་ཁང་འདྲ་མིན་ནང་སྡུག་སྦྱོང་མྱོང་བཞིན་པའི་ ༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས། རོང་རྒྱས་ཨ་གྲགས་སོགས་ཀྱིས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་ཀློད་གྲོལ་དགོས། གསུམ་པ། རྒྱལ་སྤྱིའི་རང་དབང་ཅན་གྱི་གསར་འགོད་པ་དང༌། གཟུར་གནས་ཀྱི་རྒྱལ་སྤྱིའི་གཞོན་ནུའི་སྒྲིག་འཛུགས་ཤིག་གི་སྐུ་ཚབ་བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་གཏོང་དགོས། བཞི་པ། རྒྱ་ནག་གཞུང་ནས་བོད་ནང་བོད་མིའི་ངོ་བོ་སྲུང་སྐྱོབ་ལ་ཉེན་ཚབས་ཆེ་བའི་རྒྱའི་མི་སེར་སྤེལ་བའི་སྲིད་ཇུས་ལག་བསྟར་དང༌། བཙན་དབང་གིས་རྒྱལ་གཅེས་ཆོས་གཅེས་སློབ་གསོ་སྤེལ་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས། ལྔ་པ། ཨེ་ཤ་ཡའི་སྣོད་བཅུད་དང་ཞི་བདེ།  དེ་བཞིན་གོ་ལ་ཧྲིལ་པོ་འགྱུར་ལྡོག་ལ་འབྲེལ་བ་ངེས་ཅན་ཡོད་པའི་འཛམ་གླིང་ཡང་རྩེའི་བོད་ཀྱི་ཕུན་སུམ་ཚོགས་པའི་རང་བྱུང་ཁོར་ཡུག་ལ་རྡུལ་ཚོན་ཚོད་ལྟ་དང༌། ཤིང་ནགས་གཅོད་བྲེག གཏེར་ཁ་སྔོག་འདོན་སོགས་ཀྱིས་མཚོན་པའི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཟོ་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་ཞེས་བཀོད་འདུག

མཇུག་ཏུ་གསར་འགོད་པ་ཚོས་ཐེངས་འདིའི་ལས་འགུལ་ནང་ཞུགས་མཁན་འདེམས་སྒྲུག་བྱས་ཡོད་མེད་དྲི་བ་བཏོན་པའི་ལན་དུ། ཚོགས་གཙོ་ལགས་ཀྱིས། ད་སྔ་མི་གཏན་འཁེལ་བྱེད་ཐུབ་མ་སོང༌། ང་ཚོས་ས་གནས་ཁག་ལ་གསལ་བསྒྲགས་བཏང་ཡོད། ལས་འགུལ་འདིའི་ནང་གཞོན་ནུའི་ཚོགས་མི་ཡིན་མིན་ལ་མ་ལྟོས་པར་མི་ ༥༥ ཏག་ཏག་མཉམ་ཞུགས་བྱེད་ཆོག་གི་ཡོད་པ་རེད། ལས་འགུལ་འདིར་ཞུགས་འདོད་ཡོད་མཁན་ཚོས་ན་གཞོན་ནུའི་དབུས་ས་གང་ལ་འབྲེལ་བ་བྱས་ཀྱང་འགྲིག་གི་རེད་ཅེས་སོགས་བརྗོད་སོང༌།

གསར་འགོད་པ། ལྷ་སྐྱབས་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༥ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༥ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༩ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 6

  1. ནགས་ཕྲན་པ་བསོད་ནམས་ཚེ་རིང་། says:
    ལོ་ 12 སྔོན།

    གཞོན་ནུ་ཚོགས་པར་སྒྲིགས་ཆས་བོད་ལྭ་སྔོ་སྐྱ་ཞིག་གོན་རྒྱུ་ཡོད་པ་དེ། ད་མེད་པའམ་གྱོན་མི་དགོས་པ་བཟོས་ཡོད་ས་རེད།

    Reply
  2. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    ཤར་ཙི་ནའི་ཡུལ་གྱིས་རྒྱ་བྱ་ཁུག་རྟ་འདི་ཤར་གྱི་རྒྱལ་སྲས་ལ་རྫུས་ནས་ཐན་སྐད་གཅིག་གཞོན་ནུའི་རྩ་དོན་ལས་འགུལ་སྤེལ་འཆར་གྱི་སྟེང་དུ་བསྒྲགས་འདུག་ག།
    བོད་ནང་རེ་བ་སྟོང་པ་མ་སྤྲོད་ཟེར། ད་དུང་མེར་སྲེག་གི་ལས་འགུལ་ཚང་མ་དབུ་མའི་ལམ་གྱི་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུའི་ཆེད་ཡིན་རབས་ཟེར།
    འོ་ན་མེར་སྲེག་གནང་མཁན་མང་པོའི་ཞལ་ནས་དང་ཡིག་ཐོག་ད་དུང་ལག་སྟེང་དུ་བྲིས་ཡོད་པའི་རང་དབང་དང་རང་བཙན་ཞེས་པའི་ཚིག་འབྲུ་དེ་གཉིས་ཁྱོད་དབུ་ལམ་པ་ཚོས་ཁྱུར་མིད་བཏང་དགོས་དོན་ཅི་ཡིན་ནམ། ལར་ནས་བོད་དང་བོད་མི་རིགས་ཀྱི་རྩ་དོན་ཆེད་རང་བསྲེག་གནང་མཁན་ཚང་མས་ཡིག་ངག་གཉིས་ཀའི་སྟེང་དབུ་མའི་རང་སྐྱོང་དགོས་ཞེས་བཤད་པ་སུ་གཅིག་གིས་ཀྱང་གོ་ཐོས་བྱུང་མི་འདུག་ན། ཁྱོད་ཐན་བྱས་ཇི་ལྟར་ཤེས་པ་རེད། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་དྲངས་དགོས་ཞེས་པ་ནི་མགྲིན་དབྱངས་གཅིག་རེད། དེ་ནི་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཞབས་སོར་འཁོད་ཐུབ་ན་རང་དབང་དང་བདེ་སྐྱིད་ཐམས་ཅད་འབྱུང་ངེས་པའི་རེ་བ་འབུམ་གྱིས་ཁེངས་ཡོད་པ་རེད། འོན་ཀྱང་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཞབས་སོར་འཁོད་ཐུབ་པ་ཙམ་གྱིས་ཏང་ཀྲུང་དབྱང་སྲིད་གཞུང་གིས་བོད་མི་རིགས་ལ་རང་དབང་དང་བདེ་སྐྱིད་ཡང་དག་པ་ཞིག་བསྟེར་རྒྱུའི་ངེས་པ་གཏན་ནས་མེད་པ་རེད། རྒྱུ་མཚན་ཧུའུ་ཡའོ་པང་གི་དོན་མཚན་ལྔའི་ཆ་རྐྱེན་ངོས་ལེན་གནང་ཡོད་ན་བོད་ལ་ཕེབས་ཐུབ་ཡོད་ངེས་པ་རེད། ད་ལྟའི་ཀྲུང་ནན་ཧེའེ་སྲིད་གཞུང་གིས་ཧུའུ་ཡོའོ་པང་གིས་དོན་མཚན་ལྔའི་ཆ་རྐྱེན་ལས་ཞན་པ་ཞིག་མ་གཏོག་དེ་ལས་བཟང་བ་ཞིག་ནམ་ཡང་འདོན་མི་སྲིད་པ་རེད་ལ། དེ་ནི་འདས་པའི་ཉམས་མྱོང་ལས་གསལ་གསལ་དག་དག་ཆགས་ཚར་བ་རེད། ༧རྒྱལ་བ་རིན་པོ་ཆེས་ཀྱང་དུས་ནས་དུས་སུ་ཁོང་སྐུ་སྒེར་གྱི་གནད་དོན་མིན་གཞིས་བྱེས་མི་དམངས་ཀྱི་བདེ་སྡུག་གི་གནད་དོན་ཡིན་ཞེས་གསུང་གི་ཡོད་པ་རེད།

    འོན་ཀྱང་ཡ་མཚན་སྐྱེས་གཞི་ཞིག་ལ་བཙན་བྱོལ་སྲིད་གཞུང་གིས་ལམ་དབུ་མའི་བཞེངས་ཕྱོགས་བརྩལ་དུ་བཏོན་པ་ནས་བཟུངས་བོད་ནང་རང་བསྲེག་གི་གནས་དོན་ཛ་དྲག་ཏུ་ཇི་ལྟར་གྱུར་བ་རེད། ཕྱི་ཕྱོགས་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ག་གེ་མོས་སྐད་རྫིག་པོ་ཞིག་བརྒྱབས་ནས་བོད་ནང་རེ་བ་སྟོང་པ་ཞིག་སྤྲད་པ་རེད་ཡང་ན། བཙན་བྱོལ་སྒྲིག་འཛུགས་གཞུང་དང་བཅས་པས་པེ་ཅིང་སྲིད་གཞུང་དང་ལག་པ་བཏང་ནས་ལམ་དབུ་མའི་རང་སྐྱོང་འོག་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་རྒྱུ་ཡོད་མདོག་གིས་སྟོང་སྐད་ལུང་པ་གང་བསྒྲགས་པ་དེས་ཨེ་རེད།
    དོན་གྱི་བདག་པོ་ཚོར་ཕོག་ཐུག་འགྲོ་གཞི་དང་དཔའ་བོ་དཔའ་མོ་ཚོའི་བླ་བཙོང་མཁན་ནི་པེ་ཅིང་སྲིད་གཞུང་དང་རྐུབ་གྲལ་བཏང་ནས། བོད་དང་བོད་མི་རིགས་ས་ཡ་བརྒལ་བ་དམར་གསོད་བཏང་བའི་རོ་ཐོག་ཏུ་ཏང་དར་དམར་ལིང་ལིང་འཕྱར་ནས་རྟ་རྒྱུགས་གཏོང་མཁན་གྱི་སྐབས་འཚོལ་རིང་ལུགས་པའི་སྲིད་དོན་ཚོང་པའི་ཤོག་ཁག་ཁྱོད་ཚོ་ལས། སྒོར་རྡོག་ཁ་ཤས་ཀྱི་ཞལ་འདེབས་བསྡུས་ནས་རང་དོན་རྒྱབ་ཏུ་བསྐྱུར་ངལ་བ་ཁྱད་དུ་བསད་དེས་གཞུང་ལམ་དུ་ཐོན་ནས་ལས་འགུལ་སྤེལ་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་ཚོ་ཁྱོན་ནས་མ་རེད།

    ཅི་སྟེ་བོད་ནང་བརྡབ་གསིག་གཏོང་རྒྱུ་ཞིག་ཡོད་ན་ནི་བཙན་བྱོལ་སྲིད་དོན་ཚོང་པའི་ཤོག་ཁག་གིས་རང་སྐྱོང་གི་དགེ་མཚན་ཡོད་རབས། རྒྱལ་སྤྱི་དང་ལྷག་པར་རྒྱ་རིགས་ཀྱིས་བརྒྱབ་སྐྱོར་ཡོད་རབས། གལ་ཏེ་རང་སྐྱོང་གང་མགྱོགས་མ་ལོན་ན་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་བཅས་པ་རྩ་མེད་འགྲོ་རབས་ཀྱིས་དབུ་མའི་རང་སྐྱོང་གི་རྨི་ལམ་ལུང་པ་གང་བཤད་པ་དེས་ཡིན་རྒྱུ་རེད།
    གཞི་རྩའི་དོན་གྱི་བདག་པོ་གཞིས་ལུས་མི་དམངས་ཀྱིས་ཆེས་འཇིགས་སྣང་ཅན་གྱི་མེར་བསྲེག་ལས་འགུལ་དེ་ཏང་གི་སྔ་ཕྱི་བར་གསུམ་དུ་བོད་ཐོག་འཛིན་པའི་གདུག་རྩུབ་རང་བཞིན་ཅན་དང་། འཆར་གཞི་དང་ལག་བསྟར་རང་བཞིན་ལྡན་པའི་སྲིད་ཇུས་རབ་དང་རིམ་པ་དེས་ནད་མི་ཐེག་པར་འ་ཆད་འུ་ཐུག་གི་ལས་འགུལ་མཐའ་མ་དེ་རེད། འོན་ཀྱང་བཙན་བྱོལ་གྱི་སྐབས་འཚོལ་རིང་ལུགས་པའི་སྲིད་དོན་ཚོང་པའི་ཤོག་ཁག་གིས་ཏང་དང་ཁ་མཐུན་རྐུབ་མཐུན་གྱིས་ཕྱི་ཕྱོགས་ནས་ཏཱ་ལའི་ཁ་བྲལ་ཤོག་ཁག་གིས་ངན་སྐུལ་དང་བརྡབ་གསིག་བཏང་བར་བཤད་ཀྱིན་པ་རེད། དེ་ནི་ཏང་དང་དམིགས་ཡུལ་གཅིག་དང་ཁ་གཏད་གཅིག། དགྲར་འཛིན་གྱི་འདུ་ཤེས་གཅིག་གི་འོག་ནས་བྱུང་བ་ཞིག་རེད།

    Reply
  3. བདེན་སྐྱོང་། says:
    ལོ་ 12 སྔོན།

    ཡག་པོ་འདུག ད་གཞོན་ལྷན་ཡང་འགུལ་སྐྱོད་རྒྱག་པའི་དུས་ལ་བསླེབས་ཡོད་ལ་བྱེས་གྱར་བོད་མི་ཚོ་ཡང་མར་དོན་དགོས་པའི་དུས་ལ་བསླེབས་པ་ཕྱིས་དྲག་པ་ལས་སྔ་དྲག་མེད། བོད་ནང་གི་བོད་མི་རྣམས་ནས་བློས་གཏོང་ཇི་ལྟར་བྱས་ཀྱང་ང་ཚོས་འདི་ནང་གྲགས་འགུལ་ཅི་ཡང་མེད་པར་བསྡོད་པ་དེ་ལས་རྒྱུ་འབྲས་དང་ཏག་ཏག་གཅིག་རྩ་བ་ནས་བསྡོད་ཀྱི་མེད། བསྟན་པ་ལགས་ནས་བོད་ལ་གྱོན་དགོས་པར་བཤད་པ་དེ་དོན་དངོས་ཀྱི་སྐད་ཆ་ཞིག་རེད་འདུག འོན་ཀྱང་གསར་གཏོད་ཀྱིི་བསམ་བློ་མེད་པ་ཞེས་པ་དང་། ཕན་ནུས་མེད་པ་ཞེས་པ་དེ་དག་ནི་བོད་དོན་འཐབ་རྩོད་ལ་ཁ་རྐྱང་རྐྱང་ལས་ལག་ལེན་ཀྱི་ཆ་ཤས་མི་ལེན་མཁན་གྱི་བོད་མི་རྣམས་པའི་ཁ་རྒྱུན་ལྟར་དོན་དངོས་ཐོག་གསར་གཏོད་ཀྱི་ལས་འགུལ་ཞིག་རྣམ་སྤྱོད་ལྡན་པའི་བསྟན་པས་ཀྱང་བསྟན་རྒྱུ་མེད་པ་དེ་རེད། ལར་ནས་རྒྱ་གར་ཡུལ་མི་བོད་པའི་གོམ་བགྲོད་ལ་གསུན་གཙེར་སྐྱེ་ངེས་ཞེས་པ་དེ་དོན་དངོས་ཐོག་གསུན་གཙེར་སྐྱེ་མཁན་དེ་རྒྱ་གར་བ་མ་ཡིན་པར་བསྟན་པ་ལྟ་བུའི་ཁ་ཕོ་ཅན་གྱི་བོད་པའི་འགན་འཁུར་མེད་པའི་བོད་རིགས་དག་རེད། བཞུགས་སྒར་རྡ་སར་མཚོན་ན་བོད་ནང་རང་ལུས་མེར་བསྲེགས་ཀྱི་ཡིད་སྐྱོའི་གནས་ཚུལ་ནམ་བྱུང་སྐབས་གཞུང་འབྲེལ་གྱི་མཆོད་འབུལ་དང་། གཞུང་འབྲེལ་མ་ཡིན་པ་རྡ་ས་ས་གནས་གཞོན་ནུ་དང་ས་གནས་བེུད་སོགས་ནས་མར་མེའི་ཁྲོམ་སྐོར་དང་སྐབས་རེར་མཆོད་འབུལ་བྱེད་པ་དེ་ལས་འགལ་མེད། འོན་ཀྱང་ང་ལྟ་བུས་ཁོང་ཚོས་གོ་བསྒྲིགས་བྱས་པའི་མྱང་ངན་དང་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་དེ་ལ་མཉམ་བཞུགས་བྱེད་མ་ཐུབ་ཀྱང་དེ་དག་ལ་གསར་གཏོད་ཀྱི་བསམ་བློ་མེད་པ་དང་ནུས་པ་མེད་པའི་སྐྱོན་བརྗོད་བྱེད་པའི་སྤོབས་པ་ཡེ་ནས་མེད།

    Reply
  4. ཤར་ཕྱོགས་རྒྱལ་སྲས། says:
    ལོ་ 12 སྔོན།

    ” བོད་ཀྱི་གཞོན་ནུ་ལྷན་ཚོགས་ལྟ་བུ་མཚོན་ན་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ཡིད་ཆེས་དང་རེ་བ་བྱེད་ཡུལ་ཞིག་ཆགས་ཡོད་སྟབས།” ‘ད་བཀའ་མོལ་འདི་འདྲ་ཏག་ཏག་བསྡད་ཀྱི་ཡོད་པ་མ་རེད་ལ། ཡིད་ཆེས་བྱེད་མཁན་ཡོད་མེད་བོད་མི་ཚོས་ཧ་གོ་ཡི་རེད། མེད་ན་ཡོད་ལབ་པས་ཅི་ཕན།

    ”རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་འཛམ་གླིང་གི་ཡང་རྩེར་སྙེག་བཞིན་པའི་སྐབས་འདིར་རྒྱ་གཞུང་གིས་གདེང་སྤོབས་ཆེན་པོས་བོད་ནང་གི་བོད་མི་ ༡༢༥ ལྷག་གི་གཅེས་པའི་ལུས་སྲོག་མེ་རུ་བསྒྲོན་ནས” ཟེར་པ་འདི་རིགས་ལ་གཟབ་གཟབ་བྱེད་རོགས། ཁྱེད་ཚོ་མི་ཁ་ཤས་ཤིག་གིས་བོད་སྤྱིའི་རྩ་དོན་ལ་ཡང་བསྐྱར་གནོད་འགལ་བཟོས། རང་སྲེག་ཡོང་རྒྱུར་འབོད་སྐུལ་བྱས་ན་འགན་ཁྱེད་ཚོས་ཁུར་མི་ཐུབ་ཅིང། གྱོང་ཚང་མ་ད་ལྟའི་སྒྲིག་འཛུགས་དང་ལྷག་པར་༸གོང་ས་མཆོག་ལ་འགེལ་གྱི་འདུག་པ་མཁྱེན་པ་གནང་རོགས།

    གལ་སྲིད་ཁྱེད་ཚོས་འདྲ་མི་འདྲ་ལབ། བོད་ནང་རེ་བ་སྟོང་པ་སྤྲད་པ་སོགས་དངོས་ཤུགས་རྒྱུད་གསུམ་ནས་བྱས་ཚེ། དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། ངོ་རྒོལ་བྱེད་ཀྱི་ཡིན། ༸གོང་ས་མཆོག་གིས་བོད་ནང་རེ་བ་སྟོང་པ་མ་སྤྲོད། ཕྱི་ལོག་ནས་སྐད་རྫིག་པོ་འདྲ་རྒྱབ་པ་དེས་དོན་ངོ་ཐོག་བོད་ནང་གི་བོད་མི་ཚོར་བརྡབ་གསིག་གཏོང་གི་འདུག་ཅེས་ཕེབས་པ་དེ་བརྩི་བཀུར་གནང་རོགས།

    མ་གཞི་ནས་རང་སྲེག་གནང་མཁན་ཚང་མ་དབུ་མའི་ལམ་ནས་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུའི་ཆེད་ཡིན་སྟབས། གཞོན་ནུའི་དམིགས་ཡུལ་དང་ལས་འགུལ་ལ་འབྲེལ་བ་སྤུ་ཙམ་ཡང་ཡོད་པ་མ་རེད། རང་སྲེག་སྐོར་ལ་ལས་འགུལ་སྤེལ་བ་དང་སྐད་ཆ་བཤད་དུས་གཟབ་གཟབ་གཞན་ཞིག་བྱེད་དགོས་པ་དེ། སྟབས་མ་ལེགས་ན་ཆོལ་ཁའི་བར་འགལ་བ་སློང་གཞི་ཆགས་འགྲོ་གི་རེད། དོན་གྱི་བདག་པོ་ཚོར་ཕོག་ཐུག་བྱུང་ན་ཁྱེད་ཚོ་སྐབས་འཚོལ་པ་དང་ཚོང་ལས་པ། ཞལ་འདེབས་བསྡུ་མཁན། དཔའ་བོ་དཔའ་མོ་ཚོའི་བླ་བཙོང་པ་ཞེ་ཅིག་ལ་ངོས་འཛིན་བྱེད་ཀྱི་རེད་བསམས།

    དེའི་ཆ་ནས་རང་སྲེག་སྐོར་ལས་འགུལ་སྤེལ་འཆར་ཡོད་ན། དང་པོར་དབུས་སྒྲིག་འཛུགས་ལ་བཀའ་མོལ་ཞུས། དེའི་རྗེས་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སོགས་ལའང་བཀའ་སློབ་ལམ་སྟོན་ཞུས་ན་མ་གཏོགས། བོད་ནང་ཡང་བསྐྱར་བརྡབ་གསིག་བཏང་བ་ཡིན་ན་ང་ཚོ་ནང་ཁུལ་འཆམ་གི་མ་རེད་ལ། ཁྱེད་ཚོ་རྒྱུན་ལས་མིང་ཐོག་པ་ཚོས་ཅི་ཙམ་མགོ་འཚོས་ཀྱི་ཡོད་མེད་ང་ཚོས་ཤེས་གསལ་རེད། དེའི་ཆ་ནས་བསམ་བློ་གཟབ་ནན་ཐོངས།

    ལས་འགུལ་སྤེལ་བ་དེས་ཕན་དགོས་པ་རེད། བོད་ཀྱི་རྩ་དོན་ལ་ཕན་དགོས་པ་རེད། རང་སྲེག་གནང་མཁན་ཚོའི་ཞལ་ཆེམས་སྒྲུབ་རྒྱུར་ཕན་དགོས་པ་རེད། དེ་མིན་གང་དྲན་དྲན་བྱས་ན་བརྡབ་གསིག་བོད་རང་གི་སྤྱི་ཚོགས་ནང་ཡོང་གི་རེད། དེ་ཉམས་མྱོང་ཡོད་ཡོད་པ་རེད།

    Reply
  5. བསྟན་པ། says:
    ལོ་ 12 སྔོན།

    དང་ཐོག་གཞོན་ལྷན་གྱི་མགོ་གཙོ་རྣམས་བོད་ལ་གྱོན་མ་ཐུབ་པ་ག་རེ་ཡིན་ནམ། ལྷག་པར་གསར་འགོད་གསལ་བསྒྲགས་སྤེལ་སྐབས་བརྙན་རིགས་རྒྱ་ཁྱབ་ཆེ་བས་བོད་ལ་གྱོན་གལ་ཆེ་བར་མཐོང་། མིག་དཔེ་དགོས་ན་སྲིད་སྐྱོང་དང་ཚོགས་གཙོ་ལ་གཟིགས་དང་།

    དེ་ནས་གཞན་ལྷན་གྱི་ད་ལྟའི་ལས་འགུལ་དེ་ནི་གསར་གཏོད་ཀྱི་བསམ་བློ་མེད་པར་ལས་འགུལ་ཁ་སྐོང་ཆེད་དུ་སྤེལ་བ་འདྲ་ཞིག་འདུག དངོས་གནས་བསམ་བློ་ནན་མོ་བཏང་ནས་ལས་འགུལ་ཕན་ནུས་ལྡན་པ་དེ་འདྲ་སྤེལ་རྒྱུའི་བློ་གྲོས་མེད་པ་འདྲ། རྡ་ས་དང་ལྡི་ལི་བར་གྱི་རྒྱ་གར་ཡུལ་མི་རྣམས་ད་གཟོད་བོད་པའི་གོམ་བགྲོད་ལ་གསུན་གཙེར་སྐྱེས་ངེས་ཡིན། མར་མེ་ཁྲོམ་སྐོར་དང་གོམ་བགྲོད་ལས་བརྒལ་བའི་ལས་འགུལ་ཞིག་ལ་ངེས་པར་བློ་རིག་སྒྲིམ་རན་པར་མཐོང་།

    Reply
  6. རིག་འཛིན། says:
    ལོ་ 12 སྔོན།

    གཞོན་ནུ་ཚང་གི་ལས་འགུལ་དེ་ལམ་ལྷུང་ལྡན་པ་ཞིག་ཡོང་བའི་སྨོན་འདུན་ཞུ། གང་ཡིན་ཟེར་ན་གཞོན་ལྷན་གྱིས་དུས་ཡུན་རིང་པོ་ཞིག་ལ་ལས་འགུལ་སོགས་གང་ཡང་མ་སྤེལ་བར་གྲགས་འགུལ་མེད་པར་བསྡད་སོང་། ད་རེས་ལས་འགུལ་ཤུགས་ཆེན་ཙམ་སྤེལ་གནང་རོགས། ལས་འགུལ་དེ་དང་འབྲེལ་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་དང་རྒྱལ་སྤྱིའི་ཐོག་ཏུ་སྒུལ་ཤུགས་ཐེབས་པའི་ཡིད་ཆེས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese