མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་གིས་དོན་གཅོད་ལ་དཀའ་ངལ་སེལ་ཐབས་གནང་དགོས་པའི་བཀའ་མངཊ་གནང་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེང་སྐབས་ཡུ་རོབ་སྦེལ་ལྗམ་ནང་གི་བོད་མི་ཚོར་སྐྱབས་བཅོལ་མ་རག་པའི་དཀའ་ངལ་ཞིག་འཕྲད་བཞིན་ཡོད་པའི་ཐད་ནང་སྲིད་བཀའ་བློན་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ལ་བཀའ་འདྲི་ཞུས་པར། བཀའ་ཤག་གིས་སྦར་སིལ་སྐུ་ཚབ་དོན་གཅོད་མཆོག་ལ་ལས་དོན་དེའི་སྐོར་བཀའ་མངག་གནང་ཡོད་སྐོར་ངོ་སྤྲོད་གནང་སོང་།

ཟླ་འགའི་གོང་ནས་ཡུ་རོབ་སྦེལ་ལྗམ་ནང་བོད་མི་སྐྱབས་བཅོལ་བ་མང་པོ་ཞིག་ལ་ཡིག་ཆ་མ་རག་པ་དང་ཡིག་ཆ་ནག་པོ་ཆགས་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། ཟླ་འདིའི་ཚེས་ ༢༥ ཉིན་སྤེལ་ལྗམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་རྒྱལ་ས་སྦར་སིལ་དུ། ཡིག་ཆའི་དཀའ་ངལ་སྐོར་ལ་ཚོགས་འདུ་ཞིག་ཚོགས་ཡོད་ཅིང་། ཚོགས་འདུའི་སྟེང་སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་དང་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་བཅས་ཕེབས་ཡོད་འདུག དེ་མིན། ཡིག་ཆ་ནག་པོ་ཆགས་མཁན་དང་དྲི་བ་གཉིས་བ་ཡོང་རྒྱུ་ལྷག་ཡོད་པ་བཅས་མི་ ༢༠༠ ཙམ་འདུ་འཛོམས་བྱུང་བའི་ཐོག་སྐུ་ཚབ་དོན་གཅོད་མཆོག་གིས་གསལ་བཤད་ལམ་སྟོན་བཅས་གནང་ཡོད་འདུག

མཇུག་ཏུ་མང་ཚོགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་སྙན་ཞུ་ཞིག་ཕུལ་ཏེ་སྦེལ་ལྗམ་གཞུང་གིས། བོད་མི་ཚོས་སྐྱབས་བཅོལ་དང་པོ་རྒྱ་གར་ནང་ཞུས་ཡོད་སྟབས་སྐྱབས་བཅོལ་གཉིས་པ་ཞུ་མི་ཆོག་པ་དང་། རྒྱ་གར་ནང་བོད་མི་རྣམས་བདེ་འཇགས་དང་རང་དབང་ཚད་ལྡན་ཡོད་པ། (R.C)དང་(I.C)ཡི་ཐོག་ནས་འཚོ་གནས་ཐོབ་ཐང་འདྲ་མཉམ་དང་འགྲོ་སྐྱོད་རང་དབང་ཡོད་པ། བོད་པ་ཚོ་སྦེལ་ལྗམ་ནང་ཡོང་དོན་དུ་དཔལ་འབྱོར་གྱི་ཆེད་ཡིན་པ། སྦེལ་ལྗམ་གཞུང་འབྲེལ་མི་སྣར་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ནས་རྒྱ་གར་ནང་ཡོད་པའི་བོད་མི་ཚོར་དཀའ་ངལ་མེད་སྐོར་བརྗོད་ཡོད་ཚུལ་སོགས་ཀྱི་རྒྱུ་མཚན་བགྲང་སྟེ་བོད་པ་ཚོར་ཡིག་ཆ་ནག་པོ་སྤྲོད་བཞིན་ཡོད་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་སྦེལ་ལྗམ་གཞུང་ལ་འབྲེལ་བ་ཞུས་ཏེ་དཀའ་ངལ་དེ་དག་སེལ་ཐབས་ལ་རོགས་མགོན་གནང་དགོས་པའི་འབོད་སྐུལ་ཞུས་འདུག

ཕྱི་ཚེས་ ༢༨ ཉིན་འདི་གས་གསར་འགོད་པ་བཀའ་ཤག་ཏུ་བཅར་ཏེ་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ལ་གོང་གསལ་གནད་དོན་སྐོར་ལ་བཀའ་འདྲི་ཞུ་རྒྱུ་ཡིན་སྐོར་ཞུས་པར་ཁོང་ལ་དུས་ཚོད་མེད་ཚུལ་གསུངས་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་བཅར་ཏེ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ། སྦེལ་ལྗམ་བོད་མིའི་དཀའ་ངལ་སྐོར་སེལ་ཐབས་གང་འདྲ་གནང་གི་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས།  “ ༢༠༡༣ ལོའི་ཕྱི་ཟླ་ ༡༠ ནང་ཚོགས་གཙོས་སྣེ་ཁྲིད་པའི་སྤྱི་འཐུས་ ༥ ཡུ་རོབ་ཏུ་ཕྱིན་སྐབས། སྦེལ་ལྗམ་དང་སུད་སིའི་སྐུ་ཚབ་གཟིགས་སྐོར་དུ་ཕེབས་པའི་གནས་ཚུལ་དེ་གོ་ཐོས་བྱུང་བ་མ་གཏོགས་ཚོགས་གཙོ་ཐུག་རྒྱུ་མ་བྱུང་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ཡང་ཐད་ཀར་འབྲེལ་བ་བྱུང་མེད་སྟབས། སྤྱི་འཐུས་ཀྱི་ངོས་ནས་འདི་ཞུས་ཡིན་དེ་ཞུས་མེད་ཟེར་ནས་ཞུ་རྒྱུ་གང་ཡང་ཡོད་པ་མ་རེད། ང་ཚོ་སྦེལ་ལྗམ་དུ་ཕྱིན་སྐབས་ད་ལྟའི་དཀའ་རྙོག་དེ་སྦེལ་ལྗམ་ཙམ་མིན་པར་ཧོ་ལན་ཌིའི་བོད་མི་སྐྱབས་བཅོལ་བ་ ༨༠ ཙམ་ལའང་ཡིག་ཆའི་དཀའ་ངལ་འཕྲད་འདུག་སྟབས། སྐབས་དེར་ང་ཚོ་ཁྲིམས་རྩོད་པ་དང་ཐུག་པའི་གོ་སྐབས་བྱུང་སོང་ལ། ཧོ་ལན་ཌི་བོད་རིགས་ཚོགས་པའི་སྙན་ཞུའི་ནང་གསལ་ལྟར། སྐབས་དེར་ང་ཚོས་ཧོ་ལན་ཌི་སྲིད་གཞུང་ལའང་སྙན་ཞུ་ཞིག་ཕུལ་བ་ཡིན། ཡིན་ནའང་། ཧོ་ལན་ཌི་སྲིད་གཞུང་གིས་སྐྱབས་བཅོལ་གནད་དོན་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་གནང་བའི་ཡིག་ཆའི་ནང་དོན་ལྟར་མ་གཏོགས་བྱེད་ཐུབ་པ་མ་རེད་ཅེས་ཚུར་གསལ་བཤད་གནང་སོང་། ”ཞེས་གསུངས་སོང་།  

ཁོང་གིས་མུ་མཐུད་དུ། “ང་ཚོ་བོད་མི་སྐྱབས་བཅོལ་བ་ཚོར་སྐྱབས་བཅོལ་ཐོབ་ཐང་སྤྲོད་དང་མི་སྤྲོད་ཟེར་བ་དེ་ཁོ་རང་ཚོས་རྟོག་ཞིབ་བྱས་པའི་ཡིག་ཆ་དེ་ཚོ་གཞིར་བཞག་ནས་ཚུར་བཤད་ཡོང་གི་ཡོད་སྟབས། ཡིན་པ་ཡིན་པ་དང་མ་ཡིན་པ་མ་ཡིན་པ་དེ་ང་ཚོས་ཁྲིམས་རྩོད་པ་བརྒྱུད་ནས་ཕར་འགྲེལ་བཤད་བརྒྱབ་སྟེ། ཁོ་ཚོས་ཡིད་ཆེས་རྙེད་ཐུབ་པ་བཟོ་དགོས་བ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས། ད་ལྟ་སྐུ་ཚབ་དོན་གཅོད་དང་ས་གནས་བོད་རིགས་ཚོགས་པའི་ངོས་ནས་ཁྲིམས་རྩོད་པ་གླས་ནས་གྲ་སྒྲིག་གནང་གི་འདུག གལ་སྲིད་བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་དང་ཡང་ན་ཚོགས་གཙོ་ཕར་ཕྱིན་ཏེ་དཀའ་ངལ་སེལ་ཐུབ་པའི་རེ་བ་དེ་འདྲ་ཡོད་པ་ཡིན་ན། སྐུ་ཚབ་དོན་གཅོད་དང་བོད་རིགས་ཚོགས་པས་ཚུར་གསུང་ཡོང་གི་རེད་ལ། དེ་དུས་ང་ཚོ་ཕར་བཅར་དགོས་པའི་གནས་སྟངས་ཤིག་རང་བཞིན་གྱིས་ཆགས་ཀྱི་ཡོད་པ་རེད། གནད་དོན་འདིའི་ཐད་ཚོགས་གཙོ་དང་སྲིད་སྐྱོང་མཆོག་བཀའ་མོལ་གནང་རྒྱུ་མ་བྱུང་ཡང་། ཉེ་སྔོན་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཞོན་རྣམ་པ་གཉིས་ཀྱིས་བཀའ་བསྡུར་གནང་འདུག  ངས་གོ་བ་ལྟར་ན། འཛིན་སྐྱོང་བཀའ་ཤག་ནས་དོན་གཅོད་ལ་དཀའ་ངལ་སེལ་ཐབས་གནང་དགོས་པའི་བཀའ་མངགས་གནང་འདུག ”ཅེས་གསུངས་སོང་།

ཉེ་ལམ་ཚོགས་གཙོ་མཆོག་སྦེལ་ལྗམ་ནང་ཕེབས་སྐབས་གཞུང་འབྲེལ་མི་སྣ་དེ་ཚོར་བཀའ་མོལ་གང་འདྲ་གནང་ཡོད་མེད་དྲིས་པར། “ང་ཚོ་སྤྱི་འཐུས་རྣམས་ཡུ་རོབ་ཏུ་ཕྱིན་སྐབས་ཡུ་རོབ་གྲོས་ཚོགས་དང་སྦེལ་ལྗམ་གྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་ཡོད་པ་རེད་མ་གཏོགས། སྦེལ་ལྗམ་གཞུང་གི་འཛིན་སྐྱོང་མི་སྣ་དང་མཇལ་པའི་གོ་སྐབས་བྱུང་ཡོད་པ་མ་རེད། དེ་ལས་རིམ་ནང་དུའང་ཡོད་པ་མ་རེད། གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་མཇལ་སྐབས་ང་ཚོས་གཙོ་བོ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ཞུ་གཏུག་བྱས་པ་རེད། དེང་སང་ང་ཚོའི་སྤྱི་ཚོགས་ནང་ཡིག་ཆ་ནག་པོ་ཆགས་པའི་རྒྱུ་རྐྱེན་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣས་བཟོས་བ་དང་། དེའི་ནང་ནས་ཀྱང་སྤྱི་འཐུས་ཚོགས་གཙོ་དང་ནང་སྲིད་བཀའ་བློན་མཆོག་གིས་བཟོས་བ་རེད་ཟེར་བ་སོགས་ཀྱི་དཀྲོག་གཏམ་མང་པོ་ཞིག་སྤེལ་བཞིན་ཡོད་པ་རེད། ང་རང་སྒེར་ལ་མཚོན་ན། དཀྲོག་གཏམ་དེ་ཞེ་དྲག་ཅིག་ཏུ་རྩི་ཡི་མེད་ཀྱང་། དེང་སང་ང་ཚོའི་སྤྱི་ཚོགས་ནང་དཀྲོག་གཏམ་མང་པོ་སྤེལ་ཏེ་མི་ཁ་ཤས་ནག་པོ་བཟོ་ཐབས་དང་བོད་མིའི་སྒྲིག་འཛུགས་ལ་མཐོང་བརླག་ཏུ་འཇུག་པའི་གནས་ཚུལ་ཡོང་གི་འདུག་སྟབས། ད་རེབ་སྦེལ་ལྗམ་ནང་གི་གནད་དོན་གཅིག་པུ་མ་རེད། སྐད་འཕྲིན་སོགས་སྤྱི་ཚོགས་དྲ་བ་ཁག་ནས་མ་འོངས་པར་ཡང་དེ་འདྲའི་རིགས་མང་པོ་སྤེལ་སྲིད་པས། དེ་འདྲའི་རིགས་བྱུང་བའི་སྐབས་སུ་བརྒྱུད་ལམ་ཁག་གིས་འབྲེལ་ཡོད་མི་སྣར་སྐད་ཆ་དྲིས་ཏེ། གནས་ཚུལ་དེ་བྱུང་ཡོད་དང་མེད་གསལ་བོ་མ་ཆགས་ཀྱི་བར་དུ་སྤྱི་ཚོགས་ཐོག་མ་བཀྲམ་ན་ཡག་པོ་ཡོད་པ་རེད། དེ་མིན་ང་ཚོའི་སྤྱི་ཚོགས་འདི་དཀྲོག་གཏམ་གྱི་སྤྱི་ཚོགས་ཤིག་ཆགས་ཏེ། ང་ཚོའི་མཐུན་སྒྲིལ་གྱི་ནུས་པར་གྱོང་གུད་ཆེན་པོ་ཕོག་རྒྱུ་ཡིན་པ་གདོན་མི་ཟ་བ་ཞིག་རེད། ”ཅེས་གསུངས་སོང་།

ནང་སྲིད་བཀའ་བློན་རྒྱ་རི་མཆོག་ལྡི་ལིར་གཞུང་འབྲེལ་ཕྱོགས་སྐྱོད་གནང་གི་ཡོད་སྟབས། གསར་འགོད་པས་ཁ་པར་བརྒྱུད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལ། སྔ་ལོར་སྦེལ་ལྗམ་དང་སུད་སིའི་སྐུ་ཚབ་དྷ་སར་འབྱོར་སྐབས་ཕྱོགས་གཉིས་བར་བཀའ་མོལ་གནང་འདྲ་བྱུང་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་མོས། “ སྐུ་ཚབ་ཚོགས་པ་དེར་ཐུག་ཡོད་དང་མེད་ང་ལ་གསལ་བོ་བྱས་ནས་བཤད་རྒྱུ་མེད།  ཡིན་ནའང་། གསལ་བོ་བྱས་ནས་ག་རེ་ཞུ་ཐུབ་ཀྱི་ཡོད་ལབ་ན། བརྒྱ་ཆ་བརྒྱ་ཕར་ཕྱོགས་སུ་ཡོད་པའི་བོད་མི་ཚོར་གནོད་པ་ཅིག་བཤད་ཡོད་པ་རེད་བསམ་པ་རྩ་བ་ཉིད་ནས་མེད། ༧རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་བོད་པ་གང་དུ་ཕྱིན་ཡང་ བདེན་པ་བདེན་དྲང་ག་ཚོད་ཆགས་ཡོད་ན་མེད་ན། གང་ལྟར་བོད་ནང་གི་ཛ་དྲག་གནས་སྟངས་གཙོ་བོར་བཟུང་ནས་ཚང་མར་རོགས་སྐྱོར་གནང་གི་འདུག་ལ། དེ་ཚོའི་ཐོག་ས་གནས་གང་དུ་འབྲེལ་ཡོད་མི་སྣ་སུ་ཞིག་ལ་ཐུག་པ་དང་། ཡང་ན་ཚུར་ཡོང་མཁན་སུ་ཞིག་ཡོད་ནའང་ཚང་མར་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ། མུ་མཐུད་དུ་རོགས་སྐྱོར་གནང་རོགས་ཞེས་ཞུས་པ་མ་གཏོགས། རོགས་སྐྱོར་དགོས་ཀྱི་མི་འདུག་ཞུས་པ་དང་གནོད་པའི་སྐད་ཆ་ཞིག་བཤད་མྱོང་མེད།”ཅེས་གསུངས་སོང་།

ཁོང་མོས་མུ་མཐུད་དུ། “ན་ནིང་ཕྱི་ཟླ་ ༨ པའི་ནང་ང་སྦེལ་ལྗམ་དུ་ཕྱིན་པ་ཡིན། སྐབས་དེར་གཙོ་བོ་ནང་སྲིད་ལས་ཁུངས་ཀྱི་པན་ཌོ་(Pandoh) གཞིས་ཆགས་ཀྱི་དོན་དག་ཆེད་ཕྱིན་སྟབས། སྦེལ་ཇམ་གཞུང་གི་གནད་ཡོད་མི་སྣ་ལ་ཐུག་དགོས་པའི་གནས་ཚུལ་དམིགས་བསལ་བྱུང་མེད་ལ། དུས་ཚོད་ཀྱི་ཆ་ནས་ཀྱང་བྱུང་མ་སོང་། ཕྱི་ནང་གང་ཡིན་ཡང་སྐད་ཆ་ག་རེ་ཡོད་ལབ་ན། ང་ཚོ་མི་གཅིག་གཉིས་ཤིག་ལ་གཅིག་བྱས་པ་རེད། གཉིས་བྱས་པ་རེད་ཟེར་ནས་བཤད་པ་དེར། སྤྱིར་བཏང་ང་རང་ལ་དག་ཕུད་བྱེད་པའི་འདོད་པ་གང་ཡང་མེད། གང་ཡིན་ཟེར་ན། གལ་ཆེ་ཤོས་དེ་ད་ལྟ་ཕར་ཕྱོགས་ན་དཀའ་ངལ་འཕྲད་ཡོད་པའི་བོད་མི་ཚོའི་དཀའ་ངལ་སེལ་ཐབས་ལ་ག་རེ་བྱེད་རྒྱུ་འདུག དེ་ལ་ང་ཚོ་ཚང་མས་རྡོག་གཅིག་ཏུ་སྒྲིལ་དགོས་པ་རེད། ད་རེབ་ཀྱི་གནད་དོན་འདིའི་ཐོག་ནས་ཞུ་དགོས་པ་ཞིག་ལ། རྒྱ་གཞུང་གིས་བོད་ནང་དྲང་བདེན་མེད་པའི་སྲིད་བྱུས་སྤེལ་བཞིན་པའི་རྐྱེན་གྱིས་ང་ཚོ་རང་བཞིན་གྱིས་མིའི་ལུང་པར་སྐྱབས་བཅོལ་བྱས་ནས་བསླེབས་བསྡད་ཡོད་སྟབས། གནས་སྟངས་དེ་རང་གི་ཐོག་ནས་འབྲེལ་ཡོད་སུ་ལ་ཞུ་དགོས་ཀྱི་ཡོད་ནའང་ཞུ་རྒྱུ་དེ་གལ་ཆེན་པོ་རེད་དྲན་གྱི་འདུག ”ཅེས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 16

  1. chacha says:
    ལོ་ 8 སྔོན།

    ཁ་བཤད་རྒྱུ་ལས་ད་ལྟ་བར་དུ་ལག་ལེན་ག་རེ་བྱུང་ཡོག་རེད།

    Reply
  2. ནགས་ཕྲན་པ་བསོད་ནམས་ཚེ་རིང་། says:
    ལོ་ 11 སྔོན།

    འདིར་དྲ་ཀློག་པ་མང་པོ་ཞིག་གིས་དགོངས་ཚུལ་གསུང་འདུག མི་རེ་ངོས་ནས་དགོངས་ཚུལ་རེ་གསུངས་ཡོད་པ་ལས་མཐའ་གཅིག་ཏུ་འདི་ལྟར་རེད་ཅེས་གསུང་ཐུབ་མཁན་ནི་ཁག་པོ་རེད། གང་ལྟར་དེང་སྐབས་སྦེལ་རྗམ་དུ་བོད་མིར་སྐྱབས་བཅོལ་མ་རག་པའི་དཀའ་ངལ་འཕྲད་བཞིན་པ་དངོས་ཡོད་རེད། ཡིན་ན་ཡང་དཀའ་ངལ་འཕྲད་པའི་རྒྱུ་རྐྱེན་ནི་སུ་གཅིག་གིས་ཀྱང་གཏན་ཁེལ་བ་བཤད་ཁག་པོ་ལྟ་བུར་གྱུར་ཡོད། ཡིན་ནའང་། ས་གནས་སུ་ཡོད་པའི་མི་ཞིག་གི་ངོས་ནས་གང་མཐོང་ཐོས་བྱུང་བ་ནི་འདི་ལྟར་རེད། སྦེལ་རྗམ་དུ་བོད་མིར་སྐྱབས་བཅོལ་མ་སྤྲད་པའི་བོད་མི་༤༠ ལྷག་ཅིག་ལ་སྦེལ་རྗམ་གཞུང་གིས་སྐྱབས་བཅོལ་སྤྲད་མི་ཐུབ་པའི་རྒྱུ་མཚན་ཡིག་ཐོག་ནས་སྤྲད་པ་དག་ལ་ཞིབ་འཇུག་བྱས་པ་འདི་ལྟར་རེད།། ༼གཅིག ཁྱེད་རང་ཚོར་རྒྱ་གར་གཞུང་གིས་དཀའ་ངལ་གང་ཡང་མེད་པར་ RC སྤྲོད་ཀྱི་ཡོད་པ་དང་། RC དེའི་ཐོག་ནས་རྒྱ་གར་དུ་རང་འདོད་ལྟར་ལས་དོན་གང་ཡང་བྱེད་རྒྱུའི་ཐོབ་ཐང་འདྲ་མཉམ་འདུག གཉིས། RC ལག་དེབ་ཡོད་པ་དེའི་སྐྱབས་བཅོལ་དང་པོ་རྒྱ་གར་ལ་ཞུས་འདུག་པ་མཚོན་གྱི་འདུག་པས། སྦེལ་རྗམ་གཞུང་ནས་སྐྱབས་བཅོལ་གཉིས་པ་ཞིག་སྤྲོད་ཀྱི་མ་རེད་ཅེས་དང་། གསུམ། རྒྱ་གར་གཞུང་ནས་བོད་པར་སྐྱབས་བཅོལ་ལམ་སྲུང་སྐྱོབས་དང་ལྟ་རྟོག ཐོབ་ཐང་ཆ་ཚང་འདུག་ལ། རྒྱ་གར་ནང་འཚར་ལོངས་བྱུང་བ་དང་བོད་ནས་སླེབས་པ་སུ་ཡང་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་གནས་ཚུལ་བྱུང་མི་འདུག བཞི། རྒྱ་གར་ནང་བོད་མི་ཚོའི་ཚེ་སྲོག་ལ་ཉེན་ཁ་ཅི་ཡང་མེད་པར་བདེ་འཇགས་དང་རང་དབང་ཡང་དག་པ་འདུག ལྔ། བོད་མིར་རྒྱ་གར་ཀྱིས་ཕྱིར་སྤྱོད་ལག་དེབ་ IC སྤྲོད་ཀྱི་ཡོད་པ་དང་། དེའི་ཐོག་ནས་རྒྱལ་ཁབ་གཞན་དུ་ཕྱིར་སྤྱོད་བྱེད་ཐུབ་པ་དང་། དེ་ནས་རྒྱ་གར་ནང་ཚུར་ལོག་རྒྱུར་དགག་བྱ་མེད་པར་(No objection to return to India) ཅེས་འཁོད་འདུག དྲུག སྦེལ་རྗམ་གཞུང་འབྲེལ་མི་སྣ་རྒྱ་གར་ལ་ཕྱིན་ནས་བོད་མིའི་གནས་སྟངས་སྐོར་སྐད་ཆ་དྲིས་སྐབས་བོད་གཞུང་གི་འབྲེལ་ཡོད་མི་སྣས་རྒྱ་གར་ནང་ཡོད་པའི་བོད་མི་ཚོར་ཕྱོགས་གང་ཅིའི་ཐད་ནས་དཀའ་ངལ་མེད་པ་དང་། ལྷག་པར་རྒྱ་གར་གཞུང་གིས་ལྟ་རྟོག་རོག་རམ་སོགས་ཚད་ལྡན་ཡོད་སྐོར་གསུང་འདུག བདུན། ཁྱེད་རང་ཚོ་རྒྱ་གར་ནས་སྦེལ་རྗམ་ལ་ཡོང་དོན་གཙོ་བོ་དཔལ་འབྱོར་གྱི་ཆེད་དུ་རེད་འདུག་པས་དཔལ་འབྱོར་ནི་འཛམ་གླིང་སྤྱིའི་དཀའ་ངལ་རེད། ༽ གོང་འཁོད་དོན་ཚན་བདུན་ཅན་འདི་སྐྱབས་བཅོལ་མ་རག་པའི་བོད་མི་དེ་དག་གིས་སོ་སོར་སྦེལ་རྗམ་གཞུང་གིས་སྐྱབས་བཅོལ་མ་སྤྲད་པའི་རྒྱུ་མཚན་ཡིག་ཐོག་ནས་གནང་བ་དག་གི་ནང་གཅིག་གྱུར་བྱུང་བའི་གནས་ཚུལ་ཁག་རེད། དོན་ཚན་དེ་དག་གི་ནང་ནས་དོན་ཚན་དྲུག་པ་ནི་བོད་མིའི་སྒྲིགས་འཛུགས་ཀྱིས་བོད་མིར་དཀའ་ངལ་མེད་སྐོར་བཤད་པ་དྲང་འདུག གནད་དོན་འཛི་སྦེལ་རྗམ་སྐྱབས་བཅོལ་ལས་ཁང་གིས་གསུང་པ་རེད་འདུག སྐྱབས་བཅོལ་མ་རག་པའི་བོད་མི་དེ་དག་ནང་ད་དུང་སྐྱབས་བཅོལ་བསྡུག་ནས་ཡོད་པའི་བོད་མི་ཁོང་ཚོས་སྐྱབས་བཅོལ་མ་རག་པའི་རྒྱུ་རྐྱེན་དོན་ཚན་ཁག་ཕྱོགས་བསྡུས་བྱས་ནས་དཔལ་ལྡན་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་བཅས་ལ་སྙན་ཞུ་ཕུལ་བའི་ནང་བཀོད་པ་རེད། དེ་མིན་འབྱུང་འགྱུར་ཕྱི་ཟླ་ ༣ པའི་ནང་སྦེལ་རྗམ་རྒྱལ་ཡོངས་འོས་བསྡུ་ཞིག་ལ་ཐུབ་ཡོད་པ་དང་། ཕྱི་ཟླ་ ༥ པའི་ཡོ་རོབ་རྒྱལ་ཡོངས་འོས་བསྡུ་ལ་ཐུག་ཡོད་པས་ཆབ་སྲིད་པ་དག་གིས་སོ་སོའི་སྲིད་དབང་སྲ་བརྟན་གཏོང་ཆེད་ཆབ་སྲིད་ཀྱི་འཁྲབ་སྟོན་རེ་ཡང་བྱེད་ཀྱི་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད། སྤྱིར་སྦེལ་རྗམ་རྒྱལ་ཁབ་དུ་ནེ་དྷིར་ལེན་ཌི་དང་ཕྷི་རན་ཆུ་ཟེར་བའི་མི་མང་ཕྱོགས་ཁག་གཉིས་ཡོད་པའི་ནེ་དྷིར་ལེན་ཌི་ཕྱོགས་ནི་སྐྱབས་བཅོལ་ལེན་རྒྱུར་དགག་པ་བྱེད་མཁན་ཡིན་པ་དང་། ད་ལྟའི་སྐྱབས་བཅོལ་འགན་འཛིན་ལྕམ་ Maggie De Block ཚོགས་པ་ནི་ནེ་དྷིར་ལེན་ཌའི་ཕྱོགས་མི་ཡིན་ལ། ལྕམ་ཁོ་མོས་སྦེལ་རྗམ་གཞུང་གི་འདས་པའི་ལོ་གཉིས་ཀྱི་ནང་ལ་དཔལ་འབྱོར་ཉམས་ཆགས་ཕྱིན་དེ་གཞུང་ཡང་འཛིན་དཀའ་བའི་གནས་ཚུལ་བྱུང་སྐབས་སྐྱབས་བཅོལ་ཐད་དམ་དྲག་སྲིད་ཇུས་བཟུང་སྟེ་སྤེལ་ལྗམ་གཞུང་ལ་ཁེ་ཕན་བསྐྲུན་ཡོད་པ་བརྟེན། མི་མང་གིས་ཁོ་ལ་རྒྱབ་སྐྱོར་ཐོབ་ཡོད་པས་མ་ཚད། སྔོན་ལ་ཁོ་མོར་ཁ་གཏན་བྱེད་མཁན་ཕྷུ་རན་ཆུ་ཕྱོགས་ཀྱི་མི་མང་བརྒྱ་ཆ་ ༣༠ ཙམ་གྱིས་ཀྱང་རྒྱབ་སྐྱོར་བྱས་ནས། འབྱུང་འགྱུར་ཁོ་མོ་ནི་སྦེལ་རྗམ་སྲིད་འཛིན་ལ་ཡང་ཁེལ་རྒྱུ་ཡིན་པའི་ཚོད་དཔག་བྱེད་མཁན་ཡང་བྱུང་བ་རེད།
    དེ་མིན་འདས་ལོའི་ནང་ཞིག་ལ་སིད་སུ་དང་སྦེལ་རྗམ་གྱི་སྐྱབས་བཅོལ་འབྲེལ་ཡོད་མི་སྣ་རྒྱ་བལ་གཉིས་ཀྱི་བོད་མིའི་གནས་བབ་སྐོར་ལ་གཟིགས་སྐོར་ཕྱིན་པའི་སྙན་ཐོའི་ནང་བལ་ཡུལ་ལ་ལྟོས་པའི་རྒྱ་གར་ནང་ཕྱོགས་ཡོངས་དཀའ་ངལ་མེད་པའི་སྙན་ཐོ་བཏོན་འདུག གཟིགས་སྐོར་བ་ཚོ་རྡ་སར་ནང་སྲིད་ལས་ཁུངས་དང་བོད་མི་མང་སྤྱི་འཐུས་བཅས་སུ་ཐུག་འཕྲད་བྱུང་ཡོད་པ་སྦེལ་རྗམ་དོན་གཅོད་ཀྱིས་ཀྱང་ཟླ་ཚེ་དང་བཅས་ངོ་སྤྲོད་གནང་སོང་། གང་ལྟར་གནས་སྟངས་མང་པོ་ཞིག་གི་དབང་གིས་སྦེལ་རྗམ་གཞུང་གིས་རྒྱ་གར་སོགས་རྒྱལ་ཁབ་བརྒྱད་ནས་སྐྱབས་བཅོལ་མི་ལེན་རྒྱུའི་ཐག་གཅོད་ཅིང་ཀྱང་གནང་ཡོད་པ་དངོས་ཡོད་རེད་འདུག དེ་འདྲའི་རྒྱུ་མཚན་མང་པོ་ལ་བརྟེན་ནས་ད་ལྟའི་སྦེལ་རྗམ་བོད་མིའི་དཀའ་ངལ་དེ་འཕྲད་པ་ཞིག་རེད།
    སྤྱི་འཐུས་ཚོགས་གཙོ་མཆོག་དང་བཀའ་བློན་རྣམས་གཉིས་ཀྱིས་གོང་དུ་ཁོང་རྣམས་གཉིས་དག་འབུད་བྱེད་རྒྱུ་གཙོ་བོར་གསར་འགོད་པའི་དྲིས་ལན་གནང་བ་ལས་སྦེལ་རྗམ་བོད་མིའི་དཀའ་ངལ་སེལ་ཐབས་སྐོར་དགོངས་ཚུལ་དང་འཆར་གཞི་ངེས་ཅན་གང་ཡང་གསུང་མེད་པ་ནི་སྦེལ་དུ་དཀའ་ངལ་འཕྲད་མཁན་དག་གི་སེམས་ལ་དོགས་པ་སྔར་ལས་ཆེ་རུ་ཕྱིན་ཡོད་པ་རེད།

    Reply
  3. བསམ་འགྲུབ། says:
    ལོ་ 11 སྔོན།

    བོད་གཞུང་གིས་གནས་ཚུལ་འདི་ཤིས་བཞིན་དུ་མང་ཚོགས་ལ་དཀའ་ངལ་འཕྲད་དེ་སྐད་ངན་ཤོར་རག་བར་དུ་ག་རེ་བྱས་ཏེ་བཞག་པ་རེད། སྤྱི་འཐུས་ཚོགས་གཙོ་ཉེ་ལམ་ཧོན་ལན་ཌིར་བསྐྱོད་སྐབས་ས་གནས་དེ་ནའང་བོད་མི་ ༨༠ ཙམ་ཞིག་ལ་སྐྱབས་བཅོལ་ཡིག་ཆའི་ཐོག་ནས་དཀའ་ངལ་འཕྲད་འདུག་གསུངས་སོང་། གནས་ཚུལ་འདི་དག་ལ་ཐབས་ལམ་ཞིག་མི་འཚོལ་བར་ག་རེ་བྱེད་ཀྱིན་ཡོད་དམ།

    Reply
  4. བསྟན་འཛིན་པ་སངས། says:
    ལོ་ 11 སྔོན།

    ད་ལྟའི་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ཟེར་བ་དེ་མགོ་བདེ་དྲན་འཁྲུལ་དང་། ཁ་ཡག་ཁོག་རྩུབ་ཞེ་དྲག་ཡོད་རེད། ཁོ་རང་གིས་ནམ་རྒྱུན་སྒང་གི་བསྡད་དེ་སྲི་ཞུ་ལས་བྱེད་ཚོར་ཡ་རབས་བཟང་སྤྱོད་དང་ཤེས་ཡོན་སྐོར་མང་ཐག་ཆོད་བཤད་པ་ལས། ཀརྨ་དགེ་ལེགས་ཁོ་རང་ཁ་ནས་བཤད་པ་དང་ལག་ལེན་བསྟར་པ་མི་མཚུངས་མཁན་ཞིག་ཡིན་པ་མ་ཟད། སྤྲེལ་ལད་འཁྲབ་མཁས་པོ་དང་། ཕྱོགས་རིས་དབྱེ་འབྱེད་དང་དགའ་མིན་དགའ་སྡུག་མང་པོ་ཡོད་མཁན་ཞིག་རེད། སྔོན་མ་བཀའ་བློན་ཁྲི་བ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐབས་ལ་ཤེས་ཡོན་སྲིད་བྱུས་ལ་རྒྱབ་སྐྱོར་དང་། སྲིད་བྱུས་དེའི་ཐོག་ལ་སྐད་ཆ་མང་པོ་ཤོད་མཁན་ཞིག་རེད། དེང་སྐབས་བཀའ་ཤག་ཤེས་ཡོན་སྲིད་བྱུས་ལ་ངོ་ལོག་པ་དང་བསྟུན་ཏེ་ཀརྨ་དེ་ལེགས་ཀྱིས་ཀྱང་ཞེ་དྲག་འདོད་པ་མེད་མདོག་མདོག སྒང་གི་ངོ་འཚོས་ཏེ་ལྐོག་ལྐོག་སིལ་སིལ་གྱིས་ཤེས་ཡོན་སྲིད་བྱུས་ལ་རྒྱབ་འགལ་གྱི་ལས་ཀ་བྱེད་མཁན་ཞིག་ཆགས་ཡོད་པ་ཡོངས་གྲགས་རེད།

    Reply
  5. མཉམ་ཞུགས says:
    ལོ་ 11 སྔོན།

    དྲ་གྲོགས་རྩམ་པ་ཞེས་པས་གསར་འགྱུར་ཁག་དང་གནས་ཚུལ་ཁག་ལ་ཞིབ་འཇུག་བྱས་ཏེ་བསམ་ཚུལ་ཡག་པོ་ཞིག་བཤད་འདུག་ལ།དེང་སྐབས་སྦེལ་ཇེམ་དུ་ཡོད་པའི་བོད་མི་ཁག་ཅག་ལ་ཡིག་ཆའི་ཐོག་དཀའ་ངལ་འཕྲད་བཞིན་པ་དངོས་ཡོད་ཡིན་འདུག་པས་གཞུང་གིས་མཛད་གཙོ་རྣམས་ཅི་ནུས་ཀྱིས་རོགས་རམ་བྱེད་རྒྱུ་གལ་ཆེན་པོ་རེད།མ་མཐའ་ཡང་རྒྱ་གར་དུ་ཡོད་པའི་བོད་མི་རྣམས་ལ་རྒྱ་གར་གཞུང་གིས་སྐྱབས་བཅོལ་ཐོབ་ཐང་སྤྲད་མེད་པ་ཡུ་རོབ་ཀྱིས་འབྲེལ་ཡོད་མི་སྣ་རྣམ་པར་གང་མགྱོགས་ཐོག་ཡིག་ངག་གཉིས་ཀྱིས་ཐོག་ནས་གསལ་བཤད་བྱེད་རྒྱུ་གལ་ཆེན་པོ་རེད་བསམ།འདི་ནི་ས་གནས་དེར་ཡོད་པའི་དོན་གཅོད་ཀྱི་ལས་འགན་ཡིན་པར་སེམས།ང་ཚོ་གནས་སྐབས་རང་རྒྱ་གར་གནས་ཚང་ཙམ་གཡར་ཡོད་པ་མ་གཏོགས་ཁྲིམས་ཐོག་ནས་སྐྱབས་བཅོལ་ཀྱི་ཐོབ་ཐང་སོགས་ཡང་མེད་པའི་དངོས་ཡོད་ཚུལ་དེ་རྒྱལ་ཁབ་གཞན་པའི་འགོ་ཁྲིད་རྣམས་ལ་ངོ་སྤྲོད་བྱེད་རྒྱུ་དེའང་སྐྱབས་བཅོལ་གཞུང་ལས་འགན་ཡིན།འོན་ཀྱང་དབུ་ཁྲིད་རྣམ་མང་ཆེ་བར་རྒྱལ་གཞན་གྱི་མི་སེར་ཐོབ་ཐང་ཡོད་པར་བརྟེན་དེ་འདྲའི་དཀའ་ངལ་སྐོར་ལ་དོ་སྣང་དེ་ཙམ་མེད་པར་མངོན།

    Reply
  6. ཤག་སྒང་པ། says:
    ལོ་ 11 སྔོན།

    སྐྱབས་བཅོལ་དངོས་རྫུན་དང་སྐྱབས་བཅོལ་དང་གཉིས་ཀྱི་དབྱེན་མེད་པར་ཚང་མའི་དོན་རྐྱེན་དངོས་ཡོད་གནས་ཚུལ་གཅིག་མཚུངས་སོང་། གཅིག་འགྱུར་གྱི་དཀའ་ངལ་འདི་རིགས་བསལ་དགོས་པ་ཛ་དྲག་རེད།

    དེ་མིན་ནང་རྙོག་མང་ཙམ་བཟོས་ཡོང་ན་དགེ་མཚན་མེད་ངེས་རེད།

    བོད་མི་འདི་དག་དངོས་གནས་གལ་ཆེན་པོ་ཡིན་པ་ནི་བཙན་བྱོལ་ཁྱིམ་ཚང་རེ་རེའི་སྒལ་ཚིགས་ཡིན་སོང་བས་རེད།

    སྒྲིག་འཛུགས་ཀྱི་སྲིད་བྱུས་ཨ་རི་དང་ཁེ་ཎ་ཌ་ཡིན་ནའང་ཡོ་རོབ་ཀྱི་ལམ་ཀ་བཀག་དོན་མེད་པ་རེད།

    གང་ལྟར་གཞུང་མང་གཅིག་བྱས་ནས་འཕྲལ་ཕུགས་ཀྱི་དཀའ་ངལ་འདི་དག་བསལ་ཐབས་བྱོས།

    མ་འོངས་སྐྱབས་བཅོལ་གཉིས་པའི་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་གནས་སྤོ་བྱ་ཐབས་ཀྱི་ཐབས་ལམ་གསར་པ་ཞིག་འཚོལ་དགོས་པ་རེད།

    རྒྱལ་སྤྱིའི་སྐྱབས་བཅོལ་ཁྲིམས་ཟེར་བ་དེའང་རྒྱབ་ཁབ་སོ་སོའི་ཕྱག་བསྟར་མི་འདྲ་བའི་གནས་ཚུལ་མང་བས་ནང་རྙོག་མི་མཛོད་པ་མཁྱེན། མཁྱེན།

    Reply
  7. Phuntsok says:
    ལོ་ 11 སྔོན།

    ག་དུས་ཡིན་ནའང་དབུས་བོད་མིའི་སྒྲིག་འཛུགས་འདིའི་དབུ་འཁྲིད་འགའ་རེ་ཡིས་རྫིག་པོ་དང་སྦམ་པོ་བྱས་ཏེ་རྒྱལ་ཁབ་རང་བཙན་པ་ཞིག་གི་སྟོང་སེམས་འཆང་གི་ཡོད་པ་དེ་བློ་ཕམ་ཆེ་ཤོས་རེད།

    Reply
  8. བསོད་ནམས། says:
    ལོ་ 11 སྔོན།

    བཀའ་དྲུང་གཡུ་ཐོག་བླ་རྒན་གྱིས་ལས་དོན་གལ་ཆེན་པོ་གཞན་ཞིག་ཡོད་མདོག་མདོག་གིས་མི་མང་ལ་གསལ་བཤད་ཙམ་ཡང་མི་བྱེད་དོན་ག་རེ་ཡིན་ནམ། སྦེལ་ལྗམ་ནང་ད་སྔ་བོད་མི་ཉིས་བརྒྱ་སུམ་བརྒྱ་ཞིག་གི་ཡིག་ཆ་ནག་པོ་ཆགས་ཚར་པ་རེད། ད་དུང་བོད་མི་དྲུག་བརྒྱ་བདུན་བརྒྱ་ཞིག་གིས་སེམས་དངངས་སྐྲག་ཆེན་པོའི་ནང་ཉིན་འཁྱོལ་ན་མཚན་མ་འཁྱོལ་བར་བསྡད་ཡོད་པ་རེད། སྔོན་མ་གསར་འབྱོར་ཞིག་སླེབས་རྗེས་ཟླ་བ་འགའ་རེར་བསྐུག་རྗེས་དྲི་བ་དང་པོ་གཉིས་པ་སླེབས་སྐབས་ཚང་མ་དགའ་ཐག་ཆོད་ཡོད་པ་རེད། དེང་སྐབས་ང་ལ་དྲི་བ་ག་དུས་སླེབས་ཡོང་ན་བསམ་ནས་ཞེད་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། གནས་སྟངས་འདི་འདྲ་ཞིག་གི་འོག་ཏུ་ང་ཚོ་ལྷག་བསྡད་ཡོད་པ་རེད། བཀའ་དྲུང་ཚང་ལ་གནས་ཚུལ་འདི་ལས་ལྷག་གི་མང་པོ་ཞིག་དང་གལ་ཆེན་པོ་ཡོད་ན་བོད་རྒྱ་འབྲེལ་མོལ་ད་ལྟ་གང་ལ་སླེབས་ཡོད། བོད་ཕྱི་ནང་གཉིས་དང་བོད་མི་ས་ཡ་དྲུག་གིས་རེ་སྒུག་བྱས་ཡོད་པ་རེད། གངས་ཅན་སྐྱིད་གཤོང་གི་ལས་ཁུངས་ཁག་ལབ་གླེང་རྙོག་དྲ་དག་ག་རེ་ཆགས་པ་རེད།

    Reply
  9. གླང་ཆེན says:
    ལོ་ 11 སྔོན།

    གནས་ཚུལ་འདིའི་ནང་ཕྱི་གསལ་ནང་གསལ་མིན་པའི་བྱུང་བ་དེ་འདྲ་མེད་མི་སྲིད་པ་མ་རེད། རྒྱ་གར་དང་བལ་ཡུལ་གང་དུའང་གསར་འབྱོར་དང་གཞིས་ཆགས་བར་སྔ་མོ་དཔལ་འབྱོར་དང་མཐུན་རྐྱེན་གྱི་ཁྱད་པར་ཆེན་པོ་ཡོད་ལ། གཞུང་གིས་ལྟ་སྐྱོང་གི་ཆ་ནས་ཀྱང་ཁྱད་པར་ཆེན་པོ་ཡོད། གཞིས་ཆགས་ཁག་ནང་ལམ་ཁ་དང་ཁང་པ། ཆུ་དང་གློག་ནས་འཕྲོད་བསྟེན་ལྟ་སྐྱོང་དང་ཤེས་ཡོན། ཞིང་ཁ་དང་ས་ཆ། ཚོང་ལས་བྱེད་པར་སྒོར་མོ་གཞུང་གིས་གཡར་པ། ཐ་ན་མྱོས་རྫས་སྔོན་འགོག་དང་གླང་ཆེན་འགོག་རྒྱུ་ཚུན་ལ། བོད་གཞུང་གིས་ལོ་རེ་བཞིན་དུ་སྔོན་རྩིས་ནང་ཧིན་སྒོར་འབུམ་སྟོང་ཕྲག་མང་པོ་གཏོང་གི་ཡོད་པ་དང་།ཕྱི་རྒྱལ་དུའང་གཞུང་འབྲེལ་གྱིས་མང་པོ་གཏོང་གི་ཡོད་ནའང་། གསར་འབྱོར་ཚོར་ཉི་མ་ཁ་ཤས་བསྡད་སའི་སྣེ་ལེན་ཁང་རྫིག་པོ་ཅིག་ཡོད་པ་མ་གཏོགས། རྟེན་ས་ཆགས་ས་དང་རོགས་སྐྱོར་སོགས་ཅི་གང་མེད་པ་དངོས་ཡོད་དང་མཐོང་ཆོས་ཡིན་པས། མང་ཤོས་ཀྱིས་དགའ་ཉེའི་རྩ་ནས་སྒོར་མོ་གཡར་ཏེ་ཡོ་རོབ་ནང་དུ་སྐྱབས་བཅོལ་གཉིས་པར་འགྲོ་གི་ཡོད།༼གཞིས་ཆགས་མང་ཤོས་ཨ་རི་དང་ཁ་ན་སྒྲའི་ནང་འགྲོ་གི་ཡོད༽

    གང་ལྟར། བར་སྐབས་ནས་བོད་ནས་ཡོང་མཁན་མང་པོ་རྒྱ་གར་ནང་མི་སྡོད་པར། ལམ་སེང་ཡོ་རོབ་ནང་ཐོད་བརྒལ་གྱིས་མཆོངས་ཏེ་རྒྱ་གར་འདི་སྐབས་འཕྲལ་གྱི་འབབ་ཚིགས་ཙམ་བྱེད་བཞིན་པར། རང་གཞུང་གནད་ཡོད་མི་སྣ་དང་རྙིང་འབྱོར་བོད་མི་མང་པོ་ཐུགས་དགྱེས་ཀི་མེད་པའི་རྣམ་འགྱུར་དང་བཀའ་མོལ་མང་པོ་ཡང་འཐོན་སོང་བ་དང་། རྒྱ་གར་ཡུལ་མི་མང་པོའང་ཁྲ་ཁྲ་ཟིང་ཟིང་གི་བོད་མིའི་ཕྱི་རྣམ་པར་ལྟོས་ཏེ་ཐུགས་མི་དགྱེས་པའི་བཀའ་མོལ་མང་པོ་ཅིག་བར་ལམ་ནས་གསར་ཤོག་ཁ་ཤས་ནང་མཐོང་སོང་སྟབས། སྣང་ཚུལ་མང་པོ་ཅིག་གིས་ཐག་གཅོད་འདི་ནི་སིད་སི་དང་བྷེལ་ཇམ་གཞུང་གཉིས་ནས་གང་འཚམས་ཐག་གཅོད་བྱས་པ་ཅིག་ཨེ་ཡིན་ནམ།
    བྷེལ་ཇམ་གྱིས་འོས་བསྡུ་སོགས་ཀྱི་ཆེད་སྲིད་ཇུས་དེ་འདྲ་བཏོན་པར་ཆ་ཞོག དེས་ན་སིད་སུ་གཞུང་གིས་ཀྱང་དེ་འདྲ་གནང་དོན་གང་ཡིན་ནམ།

    གང་ལྟར་ཀྱང་གསར་འབྱོར་མང་པོ་ཅིག་གི་ལྟོ་གོས་དང་མི་ཚེ་ལ་འབྲེལ་ཡོད་གནས་ཚུལ་འདིར། བོད་གཞུང་གིས་ངེས་པར་ཞིབ་འཇུག་གཏིང་ཟབ་ཀྱིས་ཐག་གཅོད་ཡག་པོ་བྱས་ཏེ་དཀའ་ངལ་སེལ་ཐབས་བྱེད་དགོས་པ་མ་གཏོགས། ལམ་ཁ་དེ་འགག་ན་གསར་འབྱོར་མང་པོ་ཅིག་རྒྱ་གར་ནང་ལྷག་ཚེ། རང་གཞུང་ལ་དཀའ་རྙོག་སྔར་ལས་སྡུག་པོ་འཕྲད་ངེས་ཅན་ཡིན་པ་རེད་སྙམ།
    རྩམ་པ་གསུངས་པ་ལ་རྒྱུ་མཚན་འདུག
    གང་ལྟར་དཀའ་ངལ་འཕྲད་མཁན་ནི་གསར་འབྱོར་ཚོ་རེད།
    མེགྷན་དུ་སྡོད་ཡོད་པའི་གསར་འབྱོར་དང་དེ་བཞིན་ནོར་གླིང་ཡོད་པའི་གསར་འབྱོར་མང་དག་ཅིག་བོད་དུ་ལོག་ཡ་ཐབས་ཤེས་བྱེད་བཞིནཡོད་མུས་མཐོང་ཆོས་རེད།
    གསར་འབྱོར་བ་ཚོས་སྒོར་མོ་མང་པོ་སྤྲད་ནས་ཡུ་རབ་ལ་འགྲོ་ཐབས་བྱེད་བཞིན་ཡོད།གཞི་ཆགས་ནི་གཞུང་འབྲེལ་ཐོག་ཀེཎཊ་ལ་བཏང་བཞྀན་པ་རེད།
    གསར་འབྱོར་བ་དང་གཞི་ཆགས་བ་གཉིས་བར་གཞུང་གིས་བལྟ་ཚུལ་དེ་འདྲ་རེད།
    རྗེས་མ་ཨ་རི་ལ་མི་༥༠༠༠ཐམ་པ་བཏང་ཡ་ཐོག་སྐད་ཆ་ཡོད་པ་དང་དགའ་གཉེན་སྤུན་ཉེ་བཏང་གྲབ་ཡོད་ན་ཡང་ན་་་་་་་་་

    Reply
  10. ལུང་རྟོགས། says:
    ལོ་ 11 སྔོན།

    གནད་དོན་འདིས་ཐད་ལ་མི་མང་པོ་ཞིག
    གིས་རང་གཞུང་གི་དབུ་ཁྲིད་ཚོར་སྐྱོན་བརྗོད་བྱེད་པ་ནི་རྒྱ་གཞུང་གི་གཡོ་བྱུས་ཤིག་མིན་པའི་ངེས་པ་མི་འདུག བཙན་བྱོལ་སྒྲིག་འཛུགས་ཀྱིས་སྐྱབ་གཅོལ་བོད་མི་ཚོར་ཕན་མ་ཐོག་ཀྱང་གནོད་བསྐྱལ་མི་སྲིད་པ་རེད། ལར་ནས་བཙན་བྱོལ་སྤྱི་ཚོགས་ཁྲོད་དཀའ་ངལ་ཞིག་འཕྲད་མ་ཐག་རྟག་དཔྱད་ཅི་ཡང་མེད་པར་སོ་སོའི་གཞུང་དང་དབུ་ཁྲིད་ལ་སྐྱོན་བརྗོད་བྱེད་ཆོག་ཆོག་གི་བྱེད་སྟངས་འདི་ནི་རང་མགོ་རང་གིས་རྡུང་བའི་བྱ་སྤྱོད་ཅིག་ལས་ཅི་ཡིན། དཀའ་ངལ་གྱུ་འབྱུང་རྩ་ངོ་མ་ནི་བཙན་བྱོལ་བོད་མི་མང་པོ་ཞིག་གིས་ཕྱི་རྒྱལ་ལ་ཐར་ཆད་དང་མི་སེར་བཟོ་ཆད་དངུལ་སྤྲད་ནས་ཁྲིམས་འགལ་གྱི་བྱ་ངན་མང་པོ་ཞིག་རྩམ་པའི་ངན་འབྲས་སྨིན་པ་རེད། ད་དུང་ལྟད་མོ་མང་པོ་ཞིག་རྗེས་ནས་མཐོང་སྲིད་པ་རེད།

    Reply
  11. རྩམ་པ། says:
    ལོ་ 11 སྔོན།

    འདི་ན་སྐད་ཆ་འདི་འདྲ་ཞིག་ཤོད་བཞིན་འདུག
    དེང་སང་བོད་མིའི་སྤྱི་ཚོགས་ནང་སྦིར་གྲགས་ཆེ་ཤོས་ནི་ཡོ་རོབ་བྷེལ་ཇམ་རྒྱལ་ཁབ་ནང་བོད་མི་ཚོར་སྐྱབས་བཅོལ་སྤྲོད་རྒྱུ་གཞུང་གིས་ཕྱིར་འཐེན་དང་། བོད་མི་མང་པོ་ཅིག་གི་ཡིག་ཆ་ནག་པོར་ཆགས་བཞིན་པ་དེ་ཡིན་ལ། ད་ཆ་དེའི་གནད་དོན་སྐོར་ལ་བསམ་བློ་གཏོང་སྐབས། མི་ཕལ་ཆེར་གྱིས་གནད་འགག་གཙོ་བོ་གཉིས་ཀྱི་ཐད་ལན་པོ་ཡོད་པར་ཚོད་དཔག་གནང་གི་ཡོད།
    གཅིག་ནི་གནས་ཚུལ་དེ་བྱུང་མ་ཐག་བོད་ཀྱི་བང་ཆེན་གསར་ཁང་གིས་གནས་ཚུལ་བཀོད་པ་ལྟར་ན། ༼༢༠༡༤ལོའི་ཕྱི་ཟླ་༡ ཚེས་༡༠ ཉིན་སྦེལ་རྗམ་བྷུ་རུ་ཧུ་ས་གནས་ནས་སྦེལ་རྗམ་གྱི་ཁྲིམས་རྩོད་པ་ཞིག་གིས་ཁྲིམས་རྩོད་པ་བྱེད་སའི་སྐྱབས་བཅོལ་མ་རག་མཁན་བོད་མི་༡༥ ཙམ་ཞིག་བསྡུ་བསྐོང་གིས། དེང་སྐབས་སྦེལ་རྗམ་དུ་བོད་མིར་སྐྱབས་བཅོལ་མི་རག་པའི་དཀའ་ངལ་སྐོར་འགྲེལ་བཤད་སྐབས། འདས་ལོའི་ནང་སྦེལ་རྗམ་དང་སུད་སའི་གཞུང་འབྲེལ་མི་སྣ་ཁག་ཅིག་རྒྱ་གར་སོགས་བོད་མིའི་སྤྱི་ཚོགས་སུ་གཟིགས་སྐོར་ལ་ཕྱིན་པ་དང་། རྡ་ས་ནས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། བཀའ་བློན་རྒྱ་རི་སྒྲོལ་མ་བཅས་ལ་མཇལ་འཕྲད་གནང་འདུག སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེང་སྐབས་རྒྱ་གར་དུ་བོད་མི་ཚོར་དཀའ་ངལ་གང་ཡང་མེད་སྐོར་བརྗོད་འདུག་ཅེས་གསུངས་འདུག གཞན་ཡང་ཁྲིམས་རྩོད་པ་ཞིག་གིས་བོད་མི་ཚོར་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་RCསྤྲོད་བཞིན་ཡོད་པ་དེའི་སྐྱབས་བཅོལ་དང་པོ་རྒྱ་གར་ལ་ཞུས་པ་མཚོན་གྱི་ཡོད་པ་དང་། སྦེལ་རྗམ་རྒྱལ་ཁབ་ཀྱིས་སྐྱབས་བཅོལ་གཉིས་པ་ཞུ་མཁན་ཚོར་སྐྱབས་བཅོལ་སྤྲད་ཀྱི་མེད་སྐོར་བརྗོད་ཡོད་འདུག གང་ལྟར་དེང་སྐབས་སྦེལ་རྗམ་ནང་སྐྱབས་བཅོལ་ཞུས་ནས་སྣེ་ལེན་ཁང་དུ་ཡོད་པའི་བོད་མིའི་གྲངས་འབོར་༤༠༠ ཙམ་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་པ་ལས།འདས་པའི་ཟླ་གཉིས་ཕྱེད་ཙམ་གྱི་ནང་ཁོ་ནར་ཡིག་ཆ་ནག་པོ་ཆགས་ཟིན་པ་སྟེ། སྐྱབས་བཅོལ་ཡིག་ཆ་མ་རག་པའི་མི་གྲངས་༤༠ བརྒལ་ཟིན་ཡོད་པའི་གནས་ཚུལ་འདུག༽ཅེས་གནས་ཚུལ་དེ་གསལ་སྟོན་བྱས་ཡོད་ཅིང་། དེ་འབྲེལ་གྱིས་སྤྱི་ཚོགས་ནང་བདེན་རྫུན་མ་ངེས་པའི་དཀྲོག་གཏམ་སྣ་ཚོགས་ཤིག་ཁྱབ་སོང་བས། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ལྷན་རྒྱས་ནས་ཀྱང་དེའི་སྐོར་ལ་གོ་བསྡུར་ལྷན་འཛོམས་གནང་ཡོད་པའི་གནས་ཚུལ་བྱུང་ཡོད།

    གཉིས་སུ། ད་ཆ་བྷལ་ཟིལ་སྐུ་ཚབ་དོན་གཅོད་པ་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་བྷེལ་ཇམ་བོད་མི་ཚོར་བཀའ་སློབ་ཅིག་ཕེབས་པ། བོད་ཀྱི་དུས་བབ་དྲ་བར་བཀོད་པ་གཞིར་བཟུང་ན། ༼སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ཉེ་ཆར་སྤེལ་ལྗམ་དུ་བོད་མི་མང་བོ་ཞིག་གི་ཡིག་ཆ་ནག་པོ་ཆགས་པ་ནི་སྒྲིག་འཛུགས་ཀྱི་མགོ་ཁྲིད་རེ་ཟུང་གིས་སྐད་ཆ་བཤད་སྟངས་མ་འགྲིག་པའི་དབང་གིས་ཡིན་ཚུལ་དཀྲོག་གཏམ་ཞིག་ཁྱབ་ཀྱིན་ཡོད་པའི་སྐོར་ལ་གསལ་བཤད་གནང་དོན། ༢༠༡༣ལོའི་ཟླ་༣ པའི་ཚེས་༦ ཉིན་ལ་སིད་སུ་དང་སྤེལ་ལྗམ་གཞུང་གི་སྐྱབས་བཅོལ་ལས་ཁུངས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་དང་བལ་ཡུལ་དུ་བསྐྱོད་ཡོད་པ་དང་། ཁོང་ཚོས་ལྡི་ལི་ནས་སྐུ་ཚབ་དོན་གཅོད་ཁང་དང་བདེ་དོན་ལས་ཁུངས། སྣེ་ལེན་ཁང་། བོད་ཀྱི་སྲིད་བྱུས་ཁང་། མདུན་ལམ་ལམ་སྟོན་ཚོགས་པ། བོད་ཀྱི་ཚོང་དོན་ཚོགས་པ། ད་དུང་རྒྱ་གར་གྱི་མཁས་པ་དང་བོད་མི་སྒེར་བ་ཁག་ཅིག་བཅས་ལ་ཐུག་འཕྲད་གནང་ཡོད་འདུག ངྷ་རམ་ས་ལའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད། དགུ་བཅུ་གསུམ། བོད་རང་བཙན་སློབ་ཕྲུག་ཚོགས་པ། སྒྲོལ་མ་གླིང་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། བོད་མིའི་སྒྲིག་འཛུགས་ནང་སྲིད་དང་བདེ་སྲུང་། འཕྲོད་བསྟེན། སྤྱི་འཐུས་ལྷན་ཁང་། སྣེ་ལེན་ཁང་བཅས་ལ་གཟིགས་སྐོར་གནང་ཡོད་འདུག དེ་བཞིན་ངྷ་རམ་ས་ལའི་SPལའང་ཐུག་འཕྲད་གནང་ཡོད་པ་དང་། དེའི་རྗེས་ཁོང་ཚོ་བལ་ཡུལ་དུ་བསྐྱོད་དེ་བོད་མིའི་ཚོགས་པ་ཁག་ལ་གཟིགས་སྐོར་གནང་སྟེ། སྤྱི་ཡོངས་ཀྱི་ཆ་ནས་བལ་ཡུལ་ལས་རྒྱ་གར་ནང་གནས་སྡོད་བོད་མི་ཚོའི་གནས་སྟངས་ཡག་པོ་ཡོད་པ་དང་། ས་གནས་ཁ་ཤས་སུ་རྒྱ་གར་ཡུལ་མི་ལས་བོད་མིའི་གནས་སྟངས་ཡག་པ། བོད་མི་ཚོས་རྒྱ་གར་ཡུལ་མི་གཡོག་ཏུ་བཀོལ་བའི་གནས་སྟངས་སོགས་གཟིགས་ཡོད་འདུག༽ཅེས་འཁོད་པར་ལྟོས་ན།

    གསར་འགྱུར་དང་པོ་དེས་ཡིག་ཆ་ནག་པོ་ཆགས་རྐྱེན་ནི་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཁ་ཤས་ཀྱིས་བྱས་ཉེས་ཡིན་པར་ཚོད་དཔག་བཀོད་ཡོད་པ་དང་། གསར་འགྱུར་གཉིས་པ་དེས་གནས་ཚུལ་དེ་བྱུང་རྐྱེན་བཙན་བྱོལ་འགོ་ཁྲིད་ཚོ་མིན་པར་དག་འབུད་གསལ་བཤད་བྱས་པ་མ་ཟད། ཡང་བོད་ཀྱི་དུས་བབ་གསར་ཤོག་ནང་དུ།༼དོན་གཅོད་མཆོག་གིས་སྤེལ་ལྗམ་གཞུང་གིས་སྐྱབས་བཅོལ་བའི་ཐོག་སྲིད་ཇུས་དམ་དུ་ཕྱིན་པའི་རྒྱུ་རྐྱེན་སྐོར་གསུངས་དོན། སྤེལ་ལྗམ་གཞུང་གིས་སྐྱབས་བཅོལ་ལ་འཛིན་པའི་སྲིད་ཇུས་ནི་ཁ་སང་བྱ་ཉལ་བསྡད་ཡོད་སར་དེ་རིང་བྱ་ཉལ་བསྡད་མེད་པ་་འགྱུར་བ་ཕྱིན་ཡོད་ལ། ད་ལྟའི་སྐྱབས་བཅོལ་འགན་འཛིན་ལྕམ་ Maggie De Block ཚོགས་པ་ཡིས་སྐྱབས་བཅོལ་ཐད་དམ་དྲག་སྲིད་ཇུས་བཟུང་སྟེ་སྤེལ་ལྗམ་གཞུང་ལ་ཁེ་ཕན་བསྐྲུན་ཡོད་སྟབས། སྤེལ་ལྗམ་མི་མང་ཁྲོད་ཁོ་མོ་ལ་རྒྱབ་སྐྱོར་གྱི་ཚད་མཐོ་རུ་འགྲོ་བཞིན་ཡོད་པ་མ་ཟད། ཁོ་མོ་མ་འོངས་བར་སྲིད་འཛིན་ཆགས་སྲིད་པའང་བརྗོད་ཀྱི་ཡོད་ལ། ཕྱི་ཟླ་༣ པའི་ནང་སྤེལ་ལྗམ་གྱི་འོས་བསྡུའི་སྐབས་ཁོ་མོའི་ཚོགས་པ་ལ་རྒྱབ་སྐྱོར་འཐོབ་ཆེད་སྐྱབས་བཅོལ་ཐད་དམ་དྲག་གི་སྲིད་ཇུས་བཟུང་པ་ཡིན་སྲིད་ལ། འོས་ཤོག་རྗེས་སྲིད་ཇུས་ལ་འགྱུར་བ་འགྲོ་མི་སྲིད་པ་མ་རེད་བསམ་གྱི་འདུག༽ ཅེས་གནས་ཚུལ་ཡོང་རྐྱེན་གཞན་ཅིག་ཡིན་པར་ཚོད་དཔག་བྱས་ཏེ་ཁ་ཕྱོགས་བསྒྱུར་ཡོད།

    འོན་ཀྱང་། བྷེལ་ཇམ་གཞུང་ལ་སྐྱབས་བཅོལ་བ་དང་ལེན་ཚོད་བཟུང་གི་སྲིད་ཇུས་ཤིག་ཆབ་སྲིད་དགོས་མཁོའི་ཆེད་ཡོད་ཚེ། སིད་སུ་དང་བྷེལ་ཇམ་གཞུང་མཉམ་འབྲེལ་སྐུ་ཚབ་ཚོགས་ཆུང་གིས་དོ་གལ་ཆེན་པོ་བྱས་ཏེ། རྒྱ་གར་དང་བལ་ཡུལ་ནང་ཞིབ་འཇུག་ཅིའི་ཕྱིར་བྱེད་དགོས་པ་རེད་དམ།
    དོགས་པ་གཞན་ཅིག་ནི་རྒྱལ་ཁབ་དེ་གཉིས་ཀྱི་སྐུ་ཚབ་རྣམ་པ་༼ལྡི་ལི་ནས་སྐུ་ཚབ་དོན་གཅོད་ཁང་དང་བདེ་དོན་ལས་ཁུངས། སྣེ་ལེན་ཁང་། བོད་ཀྱི་སྲིད་བྱུས་ཁང་། མདུན་ལམ་ལམ་སྟོན་ཚོགས་པ། བོད་ཀྱི་ཚོང་དོན་ཚོགས་པ། ད་དུང་རྒྱ་གར་གྱི་མཁས་པ་དང་བོད་མི་སྒེར་བ་ཁག་ཅིག་བཅས་ལ་ཐུག་འཕྲད་གནང་ཡོད་འདུག ངྷ་རམ་ས་ལའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད། དགུ་བཅུ་གསུམ། བོད་རང་བཙན་སློབ་ཕྲུག་ཚོགས་པ། སྒྲོལ་མ་གླིང་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། བོད་མིའི་སྒྲིག་འཛུགས་ནང་སྲིད་དང་བདེ་སྲུང་། འཕྲོད་བསྟེན།སྤྱི་འཐུས་ལྷན་ཁང་། སྣེ་ལེན་ཁང་བཅས་ལ་གཟིགས་སྐོར་གནང་ཡོད་པ་དང་། དེ་བཞིན་ངྷ་རམ་ས་ལའི་SPལའང་ཐུག་འཕྲད་གནང་༽སྟེ་སྲིད་ཇུས་དེ་འདྲ་ཅིག་འདོན་དགོས་དོན་གང་ཡིན་ནམ།

    གནས་ཚུལ་འདིའི་ནང་ཕྱི་གསལ་ནང་གསལ་མིན་པའི་བྱུང་བ་དེ་འདྲ་མེད་མི་སྲིད་པ་མ་རེད། རྒྱ་གར་དང་བལ་ཡུལ་གང་དུའང་གསར་འབྱོར་དང་གཞིས་ཆགས་བར་སྔ་མོ་དཔལ་འབྱོར་དང་མཐུན་རྐྱེན་གྱི་ཁྱད་པར་ཆེན་པོ་ཡོད་ལ། གཞུང་གིས་ལྟ་སྐྱོང་གི་ཆ་ནས་ཀྱང་ཁྱད་པར་ཆེན་པོ་ཡོད། གཞིས་ཆགས་ཁག་ནང་ལམ་ཁ་དང་ཁང་པ། ཆུ་དང་གློག་ནས་འཕྲོད་བསྟེན་ལྟ་སྐྱོང་དང་ཤེས་ཡོན། ཞིང་ཁ་དང་ས་ཆ། ཚོང་ལས་བྱེད་པར་སྒོར་མོ་གཞུང་གིས་གཡར་པ། ཐ་ན་མྱོས་རྫས་སྔོན་འགོག་དང་གླང་ཆེན་འགོག་རྒྱུ་ཚུན་ལ། བོད་གཞུང་གིས་ལོ་རེ་བཞིན་དུ་སྔོན་རྩིས་ནང་ཧིན་སྒོར་འབུམ་སྟོང་ཕྲག་མང་པོ་གཏོང་གི་ཡོད་པ་དང་།ཕྱི་རྒྱལ་དུའང་གཞུང་འབྲེལ་གྱིས་མང་པོ་གཏོང་གི་ཡོད་ནའང་། གསར་འབྱོར་ཚོར་ཉི་མ་ཁ་ཤས་བསྡད་སའི་སྣེ་ལེན་ཁང་རྫིག་པོ་ཅིག་ཡོད་པ་མ་གཏོགས། རྟེན་ས་ཆགས་ས་དང་རོགས་སྐྱོར་སོགས་ཅི་གང་མེད་པ་དངོས་ཡོད་དང་མཐོང་ཆོས་ཡིན་པས། མང་ཤོས་ཀྱིས་དགའ་ཉེའི་རྩ་ནས་སྒོར་མོ་གཡར་ཏེ་ཡོ་རོབ་ནང་དུ་སྐྱབས་བཅོལ་གཉིས་པར་འགྲོ་གི་ཡོད།༼གཞིས་ཆགས་མང་ཤོས་ཨ་རི་དང་ཁ་ན་སྒྲའི་ནང་འགྲོ་གི་ཡོད༽

    གང་ལྟར། བར་སྐབས་ནས་བོད་ནས་ཡོང་མཁན་མང་པོ་རྒྱ་གར་ནང་མི་སྡོད་པར། ལམ་སེང་ཡོ་རོབ་ནང་ཐོད་བརྒལ་གྱིས་མཆོངས་ཏེ་རྒྱ་གར་འདི་སྐབས་འཕྲལ་གྱི་འབབ་ཚིགས་ཙམ་བྱེད་བཞིན་པར། རང་གཞུང་གནད་ཡོད་མི་སྣ་དང་རྙིང་འབྱོར་བོད་མི་མང་པོ་ཐུགས་དགྱེས་ཀི་མེད་པའི་རྣམ་འགྱུར་དང་བཀའ་མོལ་མང་པོ་ཡང་འཐོན་སོང་བ་དང་། རྒྱ་གར་ཡུལ་མི་མང་པོའང་ཁྲ་ཁྲ་ཟིང་ཟིང་གི་བོད་མིའི་ཕྱི་རྣམ་པར་ལྟོས་ཏེ་ཐུགས་མི་དགྱེས་པའི་བཀའ་མོལ་མང་པོ་ཅིག་བར་ལམ་ནས་གསར་ཤོག་ཁ་ཤས་ནང་མཐོང་སོང་སྟབས། སྣང་ཚུལ་མང་པོ་ཅིག་གིས་ཐག་གཅོད་འདི་ནི་སིད་སི་དང་བྷེལ་ཇམ་གཞུང་གཉིས་ནས་གང་འཚམས་ཐག་གཅོད་བྱས་པ་ཅིག་ཨེ་ཡིན་ནམ།
    བྷེལ་ཇམ་གྱིས་འོས་བསྡུ་སོགས་ཀྱི་ཆེད་སྲིད་ཇུས་དེ་འདྲ་བཏོན་པར་ཆ་ཞོག དེས་ན་སིད་སུ་གཞུང་གིས་ཀྱང་དེ་འདྲ་གནང་དོན་གང་ཡིན་ནམ།

    གང་ལྟར་ཀྱང་གསར་འབྱོར་མང་པོ་ཅིག་གི་ལྟོ་གོས་དང་མི་ཚེ་ལ་འབྲེལ་ཡོད་གནས་ཚུལ་འདིར། བོད་གཞུང་གིས་ངེས་པར་ཞིབ་འཇུག་གཏིང་ཟབ་ཀྱིས་ཐག་གཅོད་ཡག་པོ་བྱས་ཏེ་དཀའ་ངལ་སེལ་ཐབས་བྱེད་དགོས་པ་མ་གཏོགས། ལམ་ཁ་དེ་འགག་ན་གསར་འབྱོར་མང་པོ་ཅིག་རྒྱ་གར་ནང་ལྷག་ཚེ། རང་གཞུང་ལ་དཀའ་རྙོག་སྔར་ལས་སྡུག་པོ་འཕྲད་ངེས་ཅན་ཡིན་པ་རེད་སྙམ།

    Reply
  12. ཡར་ཀླུང་པ། says:
    ལོ་ 11 སྔོན།

    སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུངས་པ་ནང་ལྟར་གནས་ཚུལ་འདི་དག་སྤྱི་ཚོགས་ཁྲོད་གསལ་བོ་བཟོ་རྒྱུ་ཧ་ཅང་གལ་ཆེན་རེད། གདོང་དེབ་དང་སྐར་འཕྲིན་སོགས་སུ་གང་བྱུང་ཤོད་བཞིན་འདུག སྤྱི་ཚོགས་ནང་དཀྲིག་ཤིོང་དང་རང་གཞུང་ལ་ཚིག་སྡུག་ཅག་དེ་འདྲ་བེད་སྤྱོད་བཏང་སྟེ་བཀུས་བརྩི་མེད་པ་དེ་འདྲ་བྱེད་བཞིན་ཡོད་པ་དེ་ཡག་པོ་མ་རེད། སོ་སོས་སྐད་ཆ་གང་བྱུང་མ་བཤད་སྔོན་ལ་འབྲེལ་ཡོད་ཁུངས་སོ་སོར་བརྩད་གཅོད་གནང་སྟེ་ཞིབ་འཇུག་བྱེད་དགོས་རེད། ང་རང་གིས་བསམ་ཚུལ་བཤད་ཡིན་ན། བཀའ་ཤག་གིས་སྡུག་ཅག་དེ་འདྲ་བྱས་ཡོད་པ་མ་རེད་བསམ་གྱི་འདུག ཡིན་ནའང་མི་མང་ཕོན་ཆེན་པོ་དེ་འདྲ་ཞིག་ལ་དཀའ་ངལ་ཆེན་པོ་འཕྲད་ཡོང་ནའང་དེ་ཙམ་དོ་སྣང་མེད་པར་བཞག་འཇོག་པ་དང་། སེམས་འཚབ་ཀྱི་ཐོག་ནས་དཀའ་ངལ་དེ་སེལ་ཐབས་དང་མི་མང་ལ་གསལ་བཤད་མི་བྱེད་པ་དེ་ཡག་པོ་མ་རེད།

    Reply
  13. ཀརྨ་རིན་ཆེན། says:
    ལོ་ 11 སྔོན།

    བཀའ་ཤག་གིས་སྐྱག་པ་ཟ། ཕན་འཐོག་པ་ལས་གནོད་ཆེ་བ་བྱེད་དོན་ག་རེ་རེད།་ང་ཚོར་ཉི་མ་ཉི་མ་དཀའ་ངལ་འཕྲད་བསྡད་ཡོད་པ་ཧ་གོ་དགོས་རེད། གལ་སྲིད་སྐྱབས་བཅོལ་ཡིག་ཆ་མ་རེག་པར་ནག་པོ་ཆགས་པ་ཡིན་ན་ང་ཚོའི་མི་ཚེ་ཁོ་རང་འཕྲོ་བརླག་ཏུ་ཕྱིན་ཚར་བ་རེད། ལས་ཀ་བྱེད་རྒྱུ་དང་ཕར་ཚུར་འགྲོ་སྐྱོད་ཙམ་གྱི་ཐོག་ལའང་དཀའ་ངལ་ཆེན་པོ་ཡོད་རེད། རྡ་རམ་ས་ལའི་ཚོང་ཁང་དང་ཟ་ཁང་ཁག་ནང་གཡོག་ལས་བྱེད་མཁན་སྐྱབས་བཅོལ་ལག་དེབ་ཨར་སི་མེད་མཁན་གསར་འབྱོར་བ་ཚོ་རྒྱ་གར་སྐོར་སྲུང་བས་འཇུས་ནས་འགྲོ་བཞིན་ཡོད་པ་མཁྱེན་གསལ་རེད། གཞུང་གིས་དེ་འདྲ་ཙམ་ལའང་ཕན་ཐོགས་མེད་ན་ང་ཚོའི་གཞུང་དེས་ག་རེ་བྱེད་དགོས་རེད། ཡོ་རོབ་ལུང་པར་དེ་ལས་ཀྱང་དཀའ་ངལ་དང་གཉེན་ཁ་ཆེ་བ་ཡོད་པ་རེད། མི་ཚེའི་རང་ཕ་ཡུལ་དང་རྒྱ་གར་ས་ཆ་གཞན་གང་ལ་ཡང་འགྲོ་མ་ཐུབ་པ་ཆགས་ཚར་བ་རེེད།

    Reply
  14. འབྲུག་གྲགས་རྒྱལ་པོ། says:
    ལོ་ 11 སྔོན།

    བཀའ་ཤག་གསར་འགོད་པ་ལ་གཡོལ་སྟངས་ལ་གཞིགས་ན་ཟེར་བ་སོགས་ནི་ཁུངས་ལུང་མེད་པའི་སྨྱོ་ལབ་རང་རེད།

    Reply
  15. ཕུར་བསྟན། says:
    ལོ་ 11 སྔོན།

    བཀའ་ཤག་གསར་འགོད་པར་གཡོལ་སྟངས་ལ་གཞིགས་ན་སྤེལ་ལྗམ་གྱི་བོད་མི་ཚོའི་དཀའ་ངལ་གྱི་རྒྱབ་ཏུ་ཏན་ཏན་བཀའ་ཤག་འཛུལ་ཡོད་པ་གསལ་བོ་རེད། ནང་སྲིད་བཀའ་བློན་མཆོག་གིས་ཀྱང་ (སྐུ་ཚབ་ཚོགས་པ་དེར་ཐུག་ཡོད་དང་མེད་ང་ལ་གསལ་བོ་བྱས་ནས་བཤད་རྒྱུ་མེད། ཡིན་ནའང་། གསལ་བོ་བྱས་ནས་ག་རེ་ཞུ་ཐུབ་ཀྱི་ཡོད་ལབ་ན། བརྒྱ་ཆ་བརྒྱ་ཕར་ཕྱོགས་སུ་ཡོད་པའི་བོད་མི་ཚོར་གནོད་པ་ཅིག་བཤད་ཡོད་པ་རེད་བསམ་པ་རྩ་བ་ཉིད་ནས་མེད།)ཅེས་གསུངས་སྐྱོན་འདུག

    Reply
  16. ཨོ་རྒྱན་བསྟན་འཛིན། says:
    ལོ་ 11 སྔོན།

    གནས་ཚུལ་འདིའི་ཐོག་ནས་ང་བཀའ་ཤག་ལ་དོགས་པ་ཟ་དགོས་པ་ཞིག་ཆགས་སོང་། བཙན་བྱོལ་ནང་གི་བོད་མི་མང་པོ་ཞིག་ཕྱིར་བོད་ནང་ལོག་པ་དང་། ཁག་ཅིག་ཕྱི་རྒྱལ་ཁག་ཏུ་བསྐྱོད་དེ་གཞིས་ཆགས་ཁག་སྲ་བརྟན་མེད་པ་ཆགས་པ་དང་བསྟུན་ཏེ་ཕྱི་རྒྱལ་དུ་འགྲོ་བའི་ལམ་ཁ་འགོག་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་སྲིད་པ་རེད། ཨ་རོའུ་ན་ཅལ་གྱི་བོད་མི་ཆིག་སྟོང་ཕྱི་རྒྱལ་དུ་བཏང་བ་དེ་གང་རེད་ཟེར་ན། ཨ་རོའུ་ན་ཅལ་ཕྱོགས་ནས་བཙན་བྱོལ་བོད་གཞུང་ལ་གྱོང་ལས་ཕན་རྐང་གཅིག་ཀྱང་ཐོག་གི་མེད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese