དེ་རིང་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་གོམ་བགྲོད་པ་རྣམས་ཧི་མ་ཅལ་མངའ་སྡེའི་ཨུ་ནཱ་རྫོང་ཅིང་རུ་གྲོང་བརྡལ་དུ་བསླེབས་འདུག
ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག བཞུགས་སྒར་དྷ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་གོམ་བགྲོད་མགོ་འཛུགས་གནང་ཡོད་པ་ལྟར། ཉིན་གྲངས་ ༦ ཙམ་གྱི་རིང་སྤྱི་ལེ་ ༡༠༠ ལྷག་ལ་གོམ་བགྲོད་བྱས་ཏེ། དེ་རིང་ཧི་མ་ཅལ་མངའ་སྡེའི་མཐའ་མཚམས་ཨུ་ནཱ་རྫོང་ཅིང་རུ་གྲོང་བརྡལ་དུ་འབྱོར་འདུག
གསར་འགོད་པས་ཁ་པར་བརྒྱུད་དབུས་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་སུ་ལམ་བར་གྱི་གནས་སྟངས་དྲིས་པར་ཁོང་གིས། “དེང་སང་ནང་དགོང་ལ་གནམ་གཤིས་གྲང་མོ་ཡིན་སྟབས། ལམ་བར་དུ་མཚམས་རེར་དགོང་མོ་ཕྱི་ལོགས་ཏུ་ཉལ་དགོས་བྱུང་བར་བརྟེན་གོམ་བགྲོད་པ་ཁ་ཤས་ཀྱི་གྲོད་ཁོག་བཤལ་གྱི་འདུག དེ་ནས་དཀའ་ངལ་གཞན་ཞིག་ནི། གོམ་པ་རང་བརྒྱབ་ནས་འགྲོ་བཞིན་ཡོད་པས་གོམ་བགྲོད་པ་མང་པོའི་རྐང་པ་ན་བ་དང་ཆུ་བུར་ཐོན་པ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་འདུག ཡིན་ནའང་། དགོང་མོ་སྨན་ཞབས་ཀྱིས་རྐང་པའི་ཆུ་བུར་བརྟོལ་བ་དང་སྨན་བཅོས་བྱེད་པ། འཕུར་མཉེན་གཏོང་བ་སོགས་བྱས་ནས་མུ་མཐུད་དུ་གོམ་པ་བརྒྱབ་ནས་འགྲོ་བཞིན་ཡོད། ཁག་ཅིག་ལ་རྐང་པར་རྨ་རས་དཀྲིས་དགོས་བྱུང་སྟབས་འཁྱུག་ཙམ་རིང་རླངས་འཁོར་ནང་འགྲོ་རོགས་ལབ་ཀྱང་། ཁོ་རང་ཚོའི་སེམས་ཤུགས་ཀྱི་ཐོག་ནས་གོམ་པ་རང་བརྒྱབ་སྟེ་འགྲོ་བཞིན་ཡོད་པ་རེད། དེ་མིན་ད་ལྟའི་བར་ལམ་བར་ནས་རྒྱ་གར་གཞུང་གིས་བཀག་འགོག་བྱས་པ་སོགས་ཀྱི་དཀའ་ངལ་གང་ཡང་འཕྲད་མ་སོང་། ”ཞེས་བརྗོད་བྱུང་།
གསར་འགོད་པ། པདྨ་མཚོ།
རང་ཉིད་རྒྱང་ཐག་རིང་པོར་ཡོད་ཀྱང་སེམས་པ་ཁྱེད་ཚོ་དང་མཉམ་དུ་ཡོད་
ཧ་ཅང་བསྔགས་བརྗོད་ཡོད་སེམས་ཤུགས་ནམ་ཡང་ཆག་རྒྱུ་མེད་རེད་བོད་བདེན་པ་ཉིད་རྒྱལ་གྱུར་ཅིག།།