དེ་རིང་ཉིན་རྒྱབ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་འགྲེམས་སྟོན་ཁང་དུ་བོད་ཡིག་ཟབ་སྦྱོང་མཇུག་བསྡོམས་མཛད་སྒོ་ཞིག་ཚོགས་སོང་། ཐེངས་འདིའི་ཟབ་སྦྱོང་ནང་བོད་པའི་སློབ་གྲྭ་ཁག་ནས་སློབ་མ་ ༣༠ ཙམ་མཉམ་ཞུགས་གནང་ཡོད་པ་དང་། ཟླ་གཅིག་ལྷག་རིང་༼ལེགས་བཤད་ལྗོན་དབང༽གཙོ་བོར་གྱུར་བའི་བོད་ཀྱི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས། དེ་བཞིན་ཆབ་སྲིད་བཙོན་པའི་ལོ་རྒྱུས་དང་བོད་པའི་ཆབ་སྲིད་གནས་སྟངས་སོགས་ངོ་སྤྲོད་གནང་ཡོད་འདུག
ཚོགས་གཙོ་པ་སངས་ཚེ་རིང་ལགས་ཀྱིས་ “རྒྱ་བལ་འབྲུག་གསུམ་ནང་བོད་པའི་སློབ་གྲྭ་བརྒྱད་ཅུ་གྱ་གྲངས་ཤིག་བཙུགས་ཡོད་པ་དེ། ང་ཚོ་བོད་པའི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་དང་བདག་པོ་རྒྱག་པའི་ཆེད་དུ་རེད། ཡིན་ནའང་། དེང་སང་བོད་པའི་སྐད་ཡིག་དང་རིག་གཞུང་ཟེར་དུས་སློབ་གྲྭ་ཙམ་མ་ཟད། སྤྱི་ཚོགས་ཁྱོན་ཡོངས་སུ་གནས་སྟངས་ཐབས་རྡུགས་པོ་ཆགས་ཡོད་སྟབས།ད་རེབ་ང་ཚོའི་ཚོགས་པའི་ངོས་ནས་ཟབ་སྦྱོང་འདི་གོ་སྒྲིག་བྱས་པ་ཡིན། ཟླ་གཅིག་དང་ཕྱེད་དེ་དུས་ཡུན་ཐུང་ཐུང་ཡིན་ཡང་། སློབ་ཕྲུག་ཚོའི་སེམས་ལ་ས་བོན་ཅུང་ཟད་ཅིག་འདེབས་ཐུབ་ཡོད་པའི་རེ་བ་ཡོད། ”ཅེས་བརྗོད་སོང་།
བུ་མོ་བསྟན་འཛིན་བདེ་ལྡན་ལ་ཟབ་སྦྱོང་ནང་ཞུགས་ཏེ་ཕན་ཐོགས་ག་རེ་བྱུང་དྲིས་པར་ཁོ་མོས། “སྤྱིར་བཏང་ཐེངས་འདིའི་ཟབ་སྦྱོང་གི་དུས་ཡུན་ཐུང་དྲགས་པའི་ཚོར་སྣང་བྱུང་ཡང་། ང་རང་ལ་མཚོན་ན། དུས་ཐུང་ནང་སྔོན་ཆད་མ་ཤེས་པའི་ཤེས་བྱ་གསར་པ་མང་པོ་ཞིག་ཤེས་སོང་། དཔེར་ན། བོད་ཀྱི་དུས་ཆེན་ཁག་ལྟ་བུར་མཚོན་ན། ང་ཚོས་ལོ་ལྟར་སྲུང་གཙི་བྱེད་ཀྱི་ཡོད་ཀྱང་། དུས་ཆེན་དེའི་བྱུང་རིམ་དང་རྒྱབ་ལྗོངས་མང་པོ་ཞིག་ཤེས་ཡོད་པ་མ་རེད། ཟབ་སྦྱོང་འདི་བརྒྱུད་ནས་དུས་ཆེན་ཁག་གི་རྒྱབ་ལྗོངས་ལོ་རྒྱུས་དང་བཅས་པ་གསལ་བོ་ཤེས་སོང་ལ། གཞན་ལ་འགྲེལ་བཤད་རྒྱག་དགོས་ནའང་བཤད་ཐུབ་པ་ཞིག་ཆགས་སོང་། ”ཞེས་བརྗོད་བྱུང་།
ཡང་སློབ་བུ་ངག་དབང་འཇིགས་བྲལ་ཀྱིས་ཟབ་སྦྱོང་སྐོར་བརྗོད་དོན། “ཟབ་སྦྱོང་གི་དུས་ཐུང་འདིའི་ནང་ང་རང་གི་བོད་ཡིག་གི་གནས་ཚད་ཡག་ཏུ་སོང་བར་དགའ་སྤོབས་སྐྱེས་སོང་། དགུན་དུས་གུང་སེང་གི་སྐབས་འདིར་རྩེད་མོ་རྩེས་ནས་མ་བསྡད་པར་སློབ་སྦྱོང་ཕྲན་ཙམ་བྱས་པ་དེ། སློབ་གྲྭ་དང་ཁྱིམ་མི་ཚོར་ལེགས་སྐྱེས་ཤིག་ཏུ་འཁུར་རྒྱུ་ཡོད་པ་རེད། མ་འོངས་པར་སློབ་མའི་གུང་སེང་དང་བསྟུན་ཏེ་ཟབ་སྦྱོང་འདི་འདྲ་གོ་སྒྲིག་བྱས་ན་ཧ་ཅང་ཕན་ཐོགས་པོ་འདུག་དྲན་སོང” ཞེས་བརྗོད་སོང་།