དེ་རིང་པ་ཀི་སི་ཐན་གྱི་སྲིད་འཛིན་མམ་ཎོན་ཧུན་སན་ལགས་རྒྱ་ནག་ཏུ་བསྐྱོད་དེ་སྲིད་འཛིན་ཞི་ཅིན་ཕིན་དང་ཐུག་འཕྲད་བྱས་ཏེ་ཚོང་འབྲེལ་གྲོས་མཐུན་ཁག་ཅིག་ལ་མིང་རྟགས་བཀོད་འདུག
དེ་རིང་པ་ཀི་སི་ཐན་གྱི་སྲིད་འཛིན་མམ་ཎོན་ཧུ་སན་ (Mamnoon Hussain) རྒྱ་ནག་ནང་ཉིན་གསུམ་རིང་གི་གཟིགས་སྐོར་མགོ་འཛུགས་བྱས་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་། རྒྱ་ནག་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཙོ་ཀྲང་དྷེ་ཅང་ (Zhang Dejiang) སོགས་མཐོ་རིམ་མི་སྣ་ཁག་ལ་ཐུག་འཕྲད་བྱས་ཏེ། པ་ཀི་སི་ཐན་དང་རྒྱ་ནག་བར་ཚོང་ལས་ཡར་རྒྱས་གཏོང་ཐབས་དང་རྒྱལ་ཁབ་གཉིས་བར་དམག་ཆས་ཉོ་ཚོང་བྱེད་ཕྱོགས། རྒྱ་ནག་གི་རོགས་སྐྱོར་འོག་པ་ཀི་སི་ཐན་གྱི་གྲོང་ཁྱེར་ཁཱ་ར་ཆི་ ( Karachi) ནང་རྡུལ་ཕྲན་གློག་ཤུགས་ས་ཚིགས་ ( Nuclear power plant) ཆེ་ཁག་ ༣ གསར་འཛུགས་སོགས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད་འདུག
གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ཐེངས་འདིར་པ་ཀི་སི་ཐན་གྱི་སྲིད་འཛིན་རྒྱ་ནག་ནང་གཟིགས་སྐོར་གྱིས་མཚོན་ཆས་ཚོང་འབྲེལ་བྱས་པ་དེར་རྒྱ་གར་དང་ཨ་རི་སོགས་ལ་དོགས་འདྲོག་བསླངས་ཡོད་པ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཨེ་ཤ་ཡའི་བདེ་འཇགས་ལ་ཉེན་ཁ་བཟོས་པ་ཞིག་ཏུའང་འགྲེལ་བཤད་རྒྱག་ཆོག་པ་ཞིག་ཡིན་སྐོར་བརྗོད་འདུག
པ་ཀི་སི་ཐན་སྲིད་འཛིན་གྱིས། “རྒྱ་ནག་གཞུང་གིས་པ་ཀི་སི་ཐན་ནང་འཕྲད་བཞིན་པའི་གློག་གི་དཀའ་ངལ་སེལ་ཆེད་པ་རྡུལ་ཕྲན་གློག་ཤུགས་མཁོ་གཏོང་བྱེད་ཡུལ་འགའ་གསར་རྒྱག་བྱེད་མགོ་བཙུགས་ཡོད་པ་དེ། རྒྱ་ནག་དང་པ་ཀི་སི་ཐན་ཙམ་མིན་པར་མི་དམངས་ཐེར་འབུམ་མང་པོ་འཚོ་སྡོད་བྱེད་ཡུལ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལའང་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་ཆགས་ཡོད།” ཅེས་བརྗོད་འདུག
སྔར་ལོ་པ་ཀི་སི་ཐན་དང་རྒྱ་ནག་བར་ཨ་སྒོར་ཐེར་འབུམ་ ༡༢ ལྷག་གིས་ཚོང་འབྲེལ་བྱས་ཡོད་པ་དང་། འབྱུང་འགྱུར་ཕྱི་ཟླ་ ༥ པའི་ནང་རྒྱ་ནག་སྲིད་བློན་ལི་ཁེ་ཆང་པ་ཀི་སི་ཐང་ནང་བསྐྱོད་དེ་ཨ་སྒོར་ཐེར་འབུམ་ ༢༠༠ ལྷག་གི་གྲོས་མཐུན་ལ་མིང་རྟགས་འགོད་འཆར་ཡོད་འདུག