རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་པདྨ་རྫོང་གངས་ཤར་དགོན་པའི་གྲྭ་བ་གསུམ་འཛིན་བཟུང་བྱས་ཏེ་ད་ཆར་པདྨ་རྫོང་གི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་འདུག
ཟླ་འདིའི་ཚེས་ ༦ ཉིན་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པདྨ་རྫོང་སྐྱིད་མཁར་ཡུལ་ཚོར་ཡོད་པའི་གངས་ཤར་དགོན་ཐུབ་བསྟན་བཤད་སྒྲུབ་ནོར་བུའི་དགའ་ཚལ་གླིང་གི་རང་ལོ་ ༥༡ ཡིན་པའི་གྲྭ་གཡུ་ཕྲུག་ལགས་དང་། རང་ལོ་ ༥༠ ཡིན་པའི་གྲྭ་རིན་བྷོ། རང་ལོ་ ༤༣ ཡིན་པའི་གྲྭ་གསལ་བཤད་བཅས་གྲྭ་བ་གསུམ་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག
ཀུན་བཟང་བསྟན་འཛིན་ལཊ་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། གྲྭ་བ་ཁོང་གསུམ་འཛིན་བཟུང་བྱེད་དོན་གཙོ་བོ། རྒྱ་གཞུང་གིས་ཉེ་སྔོན་ཁོང་ཚོས་སྒོར་མོ་བྱིན་སྟེ་ས་གནས་ཀྱི་འབྲི་གཡག་ ༣༠༠ ལྷག་ཚེ་ཐར་བཏང་བ་དེ་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་ཚུལ་བཤད་དེ། ཟླ་འདིའི་ཚེས་ ༦ ཉིན་ཁོང་གསུམ་གློ་བུར་འཛིན་བཟུང་གིས་རྫོང་ཁྲིམས་ཁང་དུ་འཁྲིད་ཡོད་པ་དང་། ད་ཆར་པདྨ་རྫོང་བཙོན་ཁང་དུ་རྩིས་སྤྲོད་ཀྱིས་བཀག་ཉར་བྱས་ཡོད་འདུག
གནས་ཚུལ་ངོ་སྤྲོད་པས་བརྗོད་པ་ལྟར་ན། ཐེངས་འདིར་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་གྲྭ་རིན་བྷོ་ལགས་ཀྱིས་དེ་སྔོན་ལོ་དྲུག་ལྷག་གི་རིང་དགོན་པའི་དགེ་བསྐོས་ཀྱི་འགན་འཁུར་མྱོང་བ་དང་། ད་ཆར་དགོན་པའི་འགན་འཛིན་གྱི་ཕྱག་ལས་གནང་གི་ཡོད་འདུག་ལ། གྲྭ་གསལ་བཤད་ལགས་དེ་སྔོན་དགོན་པའི་དཔལ་འབྱོར་དོ་དམ་གྱི་འགན་འཁུར་མྱོང་མཁན་ཞིག་ཡིན་འདུག ཁོང་གསུམ་ནམ་རྒྱུན་དགོན་པ་དང་ས་གནས་མི་མང་གི་བརྩི་བཀུར་དང་རེ་བ་བཅོལ་སའི་མི་སྣ་གསུམ་ཆགས་ཡོད་སྟབས། ས་གནས་བོད་མི་ཚོས་ཐེངས་འདིར་རྒྱ་གཞུང་གིས་ཁོང་གསུམ་ཉེས་མེད་ཉེས་འཛུགས་བྱས་ཏེ་འཛིན་བཟུང་བྱས་པ་ཞིག་ཡིན་པ་དང་། གལ་སྲིད་ཁོང་གསུམ་ཀློད་གྲོལ་མ་བཏང་ཚེ་གནས་ཚུལ་ཆེན་པོ་ལྷག་ཉེན་ཡོད་སྐོར་བརྗོད་ཀྱི་ཡོད་འདུག
གངས་ཤར་དགོན་ཐུབ་བསྟན་བཤད་སྒྲུབ་ནོར་བུའི་དགའ་ཚལ་གླིང་ནི། སྔ་འགྱུར་རྙིང་མའི་དགོན་པ་ཞིག་ཡིན་འདུག་ལ། ད་ཆར་དགོན་པ་དེར་གྲྭ་བ་ ༡༠༠ ལྷག་ཡོད་འདུག
གསར་འགོད་པ། དོན་གོ