དེ་རིང་དབྱིན་ཡུལ་གྱི་སྲིད་བློན་ཌ་ཝུ་ཌི་ཁེམ་རོན་མཆོག་གིས་ཨུ་རུ་སུའི་སྲིད་འཛིན་ལ་སྐྱོན་བརྗོད་བྱས་ཡོད་འདུག
དེ་རིང་དབྱིན་ཡུལ་གྱི་སྲིད་བློན་ཌ་ཝུ་ཌི་ཁེམ་རོན་ (David Cameron) མཆོག་གིས་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག ཨུ་རུ་སུའི་སྲིད་འཛིན་པུའུ་ཌིན་གྱིས་ཡུའུ་ཁུ་རེན་རང་སྐྱོང་ས་ཁུལ་ཁུ་རེ་མྰེའི་ནང་ཐེ་ཇུས་དབང་བསྒྱུར་བྱས་པར་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོད་པ་མ་ཟད། ཨུ་རུ་སུ་དང་དབྱིན་ཡུལ་བར་འཇོག་འཆར་ཡོད་པའི་དམག་དོན་གོ་མཚོན་སྐོར་གྱི་གྲོས་ཆོད་ཁག་ལ་མིང་རྟགས་འགོད་རྒྱུ་མིན་སྐོར་ཕྱིར་བསྒྲགས་བྱས་འདུག
གནད་དོན་དེ་ནི་སྲིད་འཛིན་པུའུ་ཌིན་གྱིས། ཨ་རིའི་སྲིད་འཛིན་ཨོ་བྷ་མ་གཙོས་ཡུ་རོབ་མཐུན་ཚོགས་ཀྱི་མགོ་ཁྲིད་དང་། རྒྱལ་སྤྱིའི་གནད་ཡོད་མི་སྣ་ཚོས་འབོད་སྐུལ་ལ་ཉན་འཇོག་ཙམ་ཡང་མ་བྱས་པ་མ་ཟད། ཡུའུ་ཁུ་རེན་གྲོས་ཚོགས་ཀྱིས་གནས་དབྱུང་བཏང་བའི་སྲིད་འཛིན་ཟུར་བ་ཡཱ་ཎོ་ཁོ་བེ་ཆིར་རྒྱབ་སྐྱོར་བྱས་ཏེ། ཁུ་རེ་མྰེ་ (Crimea) ཡུག་རེན་གྱི་མངའ་འོག་ནས་ཁ་བྲལ་བཅུག་པ་སོགས་ལ་བརྟེན་ནས་བྱུང་བ་ཡིན་སྐོར་བསྒྲགས་འདུག
དབྱིན་ཡུལ་སྲིད་བློན་མཆོག་གིས། “ སྲིད་འཛིན་པུའུ་ཌིན་གྱིས་ཨུ་རུ་སུར་ཁུ་རེ་མྰེའི་གནད་དོན་དེས་རྒྱལ་ཁབ་ཀྱི་འབྲེལ་ལམ་ལ་དོ་ཕོག་ཤུགས་ཆེར་འགྲོ་ཡི་ཡོད་པ་ཤེས་བཞིན་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་འདྲ་ཞིག་བཟུང་ཡོད་སྟབས། སང་ཉིན་ཡུ་རོབ་མཐུན་ཚོགས་ཀྱི་མགོ་ཁྲིད་ཁག་ཐུག་འཕྲད་བྱེད་སྐབས་ཨུ་རུ་སུའི་བྱ་སྤྱོད་དེར་ཐག་གཅོད་ཡག་པོ་བྱེད་དགོས་པའི་གནོན་ཤུགས་སྤྲོད་རྒྱུ་ཙམ་མ་ཟད། ཨུ་རུ་སུས་ཁུ་རེ་མྰེ་དབང་བསྒྱུར་བྱས་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བ་ཞིག་རེད་” ཅེས་གོ་བསྡུར་བྱ་རྒྱུ་ཡིན་སྐོར་བརྗོད་འདུག
གནད་དོན་དབྱེ་ཞིབ་པ་ཚོས། དབྱིན་ཡུལ་སྲིད་བློན་མཆོག་གིས་ངོ་ལྐོག་གང་ཡང་མེད་པའི་ཐོག་སྲིད་འཛིན་པུའུ་ཌིན་གྱི་བྱས་ཉེས་ཐེར་འདོན་བྱས་པ་མ་ཟད། ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༣༠ ལྷག་ལོན་པའི་དམག་དོན་གོ་མཚོན་སྐོར་གྱི་གྲོས་ཆོད་ཁག་ཕྱིར་འཐེན་བྱ་རྒྱུ་ཡིན་པ་ཕྱིར་བསྒྲགས་བྱས་སྟབས། མ་འོངས་པར་ཨུ་རུ་སུ་དང་དབྱིན་ཡུལ་གྱི་འབྲེལ་ལམ་ལ་དོ་ཕོག་ཤུགས་ཆེར་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག
༢༠༡༣ ལོར་ཨུ་རུ་སུ་དང་དབྱིན་ཡུལ་བར་ཨ་སྒོར་ཐེར་འབུམ་ ༢༥༠།༥ ཡི་ཚོང་དོན་གྲོས་ཆོད་བཞག་ཡོད་པ་དང་། ༢༠༡༤ ལོར་རྒྱལ་ཁབ་གཉིས་ཀྱི་འཛུགས་སྐྲུན་གོང་མཐོར་དང་། ཁེ་ལས་གསར་འཛུགས། རིག་གཞུང་བརྗེ་ལེན། དམག་དོན་གོ་མཚོན་འཕེལ་རྒྱས་གཏོང་ཕྱོགས་སོགས་ཀྱི་སྐོར་ལ་ཨ་སྒོར་ཐེར་འབུམ་ ༡༨༠ ལྷག་གིས་གྲོས་ཆོད་ལ་མིང་རྟགས་བཀོད་ཡོད་ཀྱང་། ཡུའུ་ཁུ་རྰེན་དང་ཁུ་རེ་མྰེའི་གནད་དོན་ཐད་ལྟ་བ་ལངས་ཕྱོགས་མི་མཐུན་པའི་དབང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་འདུག
གསར་འགོད་པ། དོན་གྲུབ