ཁ་སང་སྔ་དྲོར་པེ་ཅིན་གྲོང་ཁྱེར་དུ་དམར་གསོད་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་མི་ ༦ འདས་གྲོངས་སུ་གྱུར་ཡོད་འདུག
རྒྱ་ནག་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་པེ་ཅིན་གྱི་ཉིན་གུང་ཆུ་ཚོད་ ༡༢།༤༨ ཙམ་ལ། རྒྱ་ནག་པེ་ཅིན་གྲོང་ཁྱེར་ཧའེ་རོ་རྫོང་ཝང་ཧྭ་གྲོང་རྡལ་དུ། ལོ་ན་ ༣༤ ཡིན་པའི་སྐྱེས་པ་ཞིག་གིས་གང་བྱུང་འགྲུལ་བ་ཚོར་གྲི་ཡིས་བརྒྱབ་སྟེ། མི་ ༡༦ ཙམ་ལ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད་པ་དང་། ད་ལྟའི་ཆར་ཉུང་མཐར་མི་ ༦ འདས་གྲོངས་སུ་གྱུར་ཡོད་འདུག
པེ་ཅིན་གྲོང་ཁྱེར་ཉེན་རྟོག་ཁང་གིས་བརྗོད་པ་ལྟར་ན། མི་གསོད་ལག་དམར་དེ་འཛིན་བཟུང་བྱས་ནས་འདྲི་གཅོད་བྱེད་བཞིན་ཡོད་ཅིང་། ཁྱིམ་མི་ཚོས་ཁོ་བོར་སྙིང་གི་ན་ཚ་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་འདུག
གསར་འགོད་པ། པདྨ་མཚོ།